རྫ་སྲས་བདེ་ཆེན།
ལོ་འགའི་སྔོན་ནས་པུར་མིང་ལ་ཞོགས་དུང་ཟེར་བའི་བོད་མི་འདིས་བོད་པའི་ནང་ཆོས་ཀྱི་སེམས་ཁམས་དང་། ནང་ཆོས་ཀྱི་ཉམས་ལེན་ལ་དགག་རྒྱག་ཚ་བོ་བྱས་པ་རེད། མ་གཞི་ཁོང་ཡང་ནང་ཆོས་ཀྱི་སེམས་ཁམས་དེ་དང་ཆུ་ལ་ཆུ་བཞག་ཏུ་སོང་བའི་བོད་སྤྱི་ཚོགས་ཀྱི་ཁོར་ཡུག་དེ་ནས་ས་སྐྱེས་རྡོ་སྐྱེས་བྱས་པའི་རྒད་པོ་ཞིག་རེད་དེ། ཁོང་གིས་བོད་པའི་དད་མོས་དང་ཆོས་སེམས་ཀྱི་ལྕགས་རི་བརྒལ་ནས། བོད་པའི་ཤེས་ཡོན་པའི་བསམ་བློའི་ཐིག་ཤིང་བཅག་ནས་དཔྱོད་ཤེས་ཀྱི་ཀི་རིང་བཏབ་པ་རེད། དེ་ཡང་ཕྱོགས་སྔ་རེ་ཟུང་གི་ཁས་ལེན་རྙིང་ཧྲུལ་ལ་རྒོལ་རྡུང་བྱེད་པ་དང་། ཆོས་ལུགས་པ་ཕྱོགས་རིས་པའི་བྱ་སྤྱོད་ལ་ཐེར་འདོན་བྱེད་པའི་བོད་པའི་ཤེས་ཡོན་པའི་ཕྱག་ལེན་དེ་གཡུགས་ནས་ཆེས་རླབས་ཆེན་དུ་གྲགས་པའི་ཆོས་ལུགས་ཀྱི་སེམས་ཁམས་དང་། ཆེས་རྩ་ཆེན་དུ་བགྲངས་བའི་ཆོས་ལུགས་ཀྱི་ཉམས་ལེན་ལ་ངོ་ལོག་བརྒྱབ་པ་ནི་ཅི་འདྲའི་བསམ་བློའི་ཁེར་ཚུགས་ཀྱི་རིན་ཐང་དང་། ཅི་འདྲའི་ལོ་རྒྱུས་བྱུང་རིམ་གྱི་དོན་སྙིང་བདོག་པ་ཞིག་རེད།ཡིན་ནའང་། འདིའི་སྐོར་བཤད་ན་མང་དྲགས་ཉེན་གྱིས་རེ་ཞིག་འདི་ནས་འཇོག་རྒྱུ་ཡིན།
ཁོང་གིས་ཚ་ཚ་འུར་འུར་གྱིས་ནང་ཆོས་ལ་དགག་རྒྱག་བྱེད་སྐབས་ཀྱི་ཁ་སང་ནི། ཁོང་བོད་མི་བྱིངས་ཀྱིས་ཁས་ལེན་མི་བཏུབ་པའི་སྐས་མཚམས་རེད། སྐས་མཚམས་འདི་ནས་ཆོས་ལུགས་པ་ཚོས་མི་ཚོགས་ཁྲོད་རྒྱུགས་ནས་ཞོགས་དུང་རྒྱ་མིའི་ཉུལ་མ་དང་། ཆོས་ལུགས་ཀྱི་དགྲ་བོ་ཡིན་ཚུལ་བཤད་པ་རེད། དེ་རིང་ཁོང་གིས་བོད་མི་རིགས་ཀྱི་ན་ཚ་བདེ་སྡུག་གླེང་བ་རེད། སྐབས་འདི་ནས་ཁོང་ཚོས་ཞོགས་དུང་གིས་ཆོས་ལུགས་ལ་དགག་པ་རྒྱག་གི་མེད་རབས་དང་། མཐའ་ན་ཁོང་ནང་ཆོས་ལ་ཤ་ཞེན་ཆེ་རབས་ཀྱི་དགོད་བྲོ་བའི་སྐད་ཆ་བཤད་ཀི་འདུག འདི་ནི་ཁོང་ཚོའི་ཤ་ཚ་བཅོས་མ་ཞིག་གིས་བསྐུལ་ནས་གར་འཁྲབ་སྟངས་ཤིག་རེད་ལ། ཁོང་ཚོས་རང་ཉིད་ཁེར་རྐྱང་དུ་མི་ལུས་ཆེད་གཞས་བཏང་ནས། མི་མང་གི་བསམ་ཚུལ་ལ་བསྟུན་ནས་བྲོ་འཁྲབ་ཚུལ་ཞིག་ཀྱང་རེད། ཞོགས་དུང་གི་ལྟ་ཚུལ་ངོས་ལེན་བྱེད་མིན་དེ་ཁོང་རྒྱ་མིས་བཙོན་འཇུག་བྱེད་མིན་ལ་འབྲེལ་བ་སྤུ་ཙམ་མེད་པར་མ་ཟད། སུ་ཞིག་གིས་གནས་ལུགས་ཟེར་བ་ཞིག་ཁས་ལེན་གྱི་ཡོན་ན་ཞོགས་དུང་གི་༼གནམ་ས་གོ་འབྱེད༽བརྩམས་ཀྱང་མ་བརྩམས་ཀྱང་རུང་། རྒྱ་གཞུང་གིས་ཁྲིམས་ལ་སྦྱར་རུང་མ་སྦྱང་རུང་། ཁོང་གི་ལྟ་ཚུལ་ལ་མཐོ་བཤད་དམའ་བཤད་དོར་ནས་དྲང་ཐད་ཀྱིས་སྐད་ཆ་བཤད་དགོས་པ་རེད།
བོད་པའི་ཐག་ཉེ་རིང་གི་ལོ་རྒྱུས་གང་ནས་བལྟས་ཀྱང་རླབས་ཆེན་གྱི་མི་བུ་མང་ཆེ་བ་གཤེགས་ཚར་རྗེས་གཞི་ནས་ཁས་ལེན་གྱི་ཡོད་པ་རེད། གཞི་ནས་གལ་ཆེ་རབས་དང་རྩ་ཆེ་རབས་བཤད་ཀྱི་ཡོད་པ་རེད། ཁོང་ཚོ་སྐུ་འཚོ་བཞུགས་སྐབས་སུ་སུས་ཀྱང་གླགས་མ་འཁེལ་སྟབས་ཁས་མ་བླངས་པ་རེད། ད་རེབ་ཀྱང་ཞོགས་དུང་བཙོན་དུ་ཚུད་པའི་ཕྱི་ཉིན་ནས་སྣང་ཚུལ་འདི་ཡོང་བ་རེེད། ཞོགས་དུང་འདང་ཇེ་ཆེར་སོང་བ་རེད། ཤ་ཇེ་ཚར་སོང་བ་རེད། མ་གཞི་ཁོང་ལ་འདང་བཞག་པ་དང་ཤ་ཚ་བ་རྣམས་ཡག་པོ་རེད། འོན་ཀྱང་། ཤ་ཚ་སྟངས་ཤེས་དགོས། ཤ་ཚ་དང་དུང་ཞེན་གྱི་ཚོར་སྣང་ཉི་ཚེ་བ་ཞིག་ལ་བརྟེན་ནས་ཁོང་གི་བརྩམས་ཆོས་ལ་ལོག་འགྲེལ་བྱས་ན་དེ་ནི་ཁོང་གི་གསེར་མདོག་གི་ཞབས་རྗེས་ནག་བསུབ་བཏང་བ་ཁོ་ན་རེད།
ངས་བསམ་བློ་ཞིབ་མོ་རེ་གཏོང་ཁུལ་བྱེད་དུས། སྐྱོ་སྣང་ཚད་མེད་ཅིག་བསླེབ་ཡོང་བ་ནི་ནམ་རྒྱུན་ང་ཚོས་བདེན་དང་རྫུན་ཞེས་ཤུགས་ཆེན་པོས་གླེང་བ་དེ་ཚོ་ཡང་གཙོ་བོ་རང་གི་དགའ་སྡང་གི་འདུ་ཤེས་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་མ་གཏོགས། གནས་ལུགས་ཨང་དང་པོར་བཞག་ནས་རང་གི་ཤེས་རབ་ཀྱིས་ཐག་གཅོད་བྱེད་ཀྱི་མི་འདུག་ཨང་སྙམ་པ་འདི་རེད། ད་ཐེངས་ཀྱང་སྐུ་ཞབས་ཞོགས་དུང་གི་བརྩམས་ཆོས་ལ་གང་བྱུང་གིས་ལག་པ་འཆིངས་། འོལ་ཚོད་ཀྱིས་འགྲེལ་རྒྱག་སྟངས་འདིས་ཁོང་གི་དཔྱོད་ཤེས་དང་དགག་རྒྱག་གི་མདུན་ལམ་དམིགས་བསལ་བ་དེ་རབ་རིབ་སབ་སིབ་ཅིག་ཏུ་བཏང་མི་ཡོང་ངམ་སྙམ་པའི་སེམས་ཁྲལ་ཡང་དབང་མེད་དུ་ཤོར་འགྲོ་གི་འདུག
མདོར་བསྡུས་ནས་བཤད་ན། ཁོང་རྒྱ་ནག་གི་བཙོན་ཁང་ནས་ཤི་གསོན་གྱི་ཐག་མ་ཆོད་ཅིང་། དཀར་ནག་དབྱེ་མ་ཐུབ་པའི་མཚམས་འདིར་མི་འབོར་ཆེན་ཞིག་གིས་ཁོང་གི་དཔྱོད་ཤེས་ཀྱི་འབོད་པ་དང་རང་གི་བསམ་འཆར་བསྲེ་འགོ་བརྩམས། ཁོང་གི་བརྩམས་ཆོས་ཀྱི་ཟུར་ཁ་དང་། དགག་རྒྱག་གི་མདུང་ཁ་ཡོད་ཚད་ཁོད་སྙོམས་ནས་སྦུག་དོག་པའི་སྤྱི་ཚོགས་ཀྱི་བསམ་བློ་དང་འཚམ་པ་ཞིག་འོངས་ཐབས་སུ་འགྲེལ་སྣ་ཚོགས་རྒྱག་པ་ནི། ཀུན་སློང་རྣམ་དག་ཡིན་མིན་གང་ལྟར་ཡང་སྦྱོར་བ་སྐུ་ཞབས་ཁོང་གི་བརྩམས་ཆོས་ལ་གཙབ་གཤགས་བྱེད་པ་རང་རེད།
ཉིན་འགའི་སྔོན་ནས་བོད་ནང་གི་མཆོད་མེ་དྲ་ཚིགས་སྒོ་ཕྱེ་ཐུབ་ཀི་མི་འདུག་པས། རྒྱ་རོ་ཚང་གིས་ཅིག་བྱས་པ་ཡིན་ས་རེད།
ཞོགས་པ་སྔ་མོ་ལངས་དུས། །
དུང་གི་སྒྲ་ཞིག་ཐོས་བྱུང་། །
བརྩམས་པའི་ཡིག་ཚོགས་འདྲེས་ངེས། །
ཆོས་གཏམ་མིན་པ་ངེས་སོ། །
འབྲི་རྩོམ་ རྩོམ་ཡིག་ གསུང་རྩོམ། །
མིང་འདྲ་ འདི་འདྲ་ ཡོད་བཞིན། །
ཆོས་མིན་ གཏམ་ལ་ བརྩམས་ཆོས། །
ཟེར་བ་ གད་མོའི་ གནས་རེད། །
ཆོས་ཆོས་བཞིན་དུ་མ་བྱས་ན། ཆོས་ཀྱིས་སླར་ངན་སོང་དུ་སྐྱེ་བའི་རྒྱུ་བྱེད་གསུངས་པ་ལ་བསམ་བློ་བཏང་ན་ཆོས་བཞིན་བྱེད་དགོས་པ་ལས་ཆོས་ཞེས་ཁ་ལ་ཁྱེར་ནས་བེད་སྤྱོད་གང་བྱུང་བཏང་ན་འགྲིགས་པ་ཞིག་མིན། ཞོགས་དུངས་ཁོང་སྤྱིར་ཆོས་ལ་ཡིད་ཆེས་མེད་པ་དང་དད་པ་མེད་པ་ཞིག་ཡིན་པ་ལ་ང་ཡིད་ཆེས་མེད། འོན་ཏང་གནའ་ནས་ད་བར་ལོ་སྟོང་ཕྲག་ཙམ་གྱི་རིང་ལ་ཆོས་ཁ་ལ་ཁྱེར་ནས་བོད་ནང་ཕན་ཚུན་དམག་བཤམ། ཆོས་ཁ་ལ་ཁྱེར་ནས་ཐོབ་དང་གོ་ས་བརྩད། ཆོས་ཁ་ལ་ཁྱེར་ནས་རང་དོན་འབའ་ཞིག་བསྒྲུབས། ཆོས་ཁ་ལ་ཁྱེར་ནས་མི་མང་ལ་གནོན་ཤུགས་འདྲ་མིན་སྤྲད། ཆོས་ཁ་ལ་ཁྱེར་ནས་ཕྱོགས་རིས་དང་ཆགས་སྡང་ཁོ་ནས། རྙིང་མ་ལས་ས་སྐྱ་པས་ཐོབ་དང་གོ་ས་འཕྲོགས། དེ་ལས་ཕག་གྲུ། དེ་ལས་རིན་སྤུང་། དེ་ལས་གཙང་པ། དེས་ལས་རིམ་བཞིན་ད་ལྟའི་བར་ནང་འཁྲུགས་དང་ནང་དམེ་བྱེད། རང་ཉིད་ལ་ཐོབ་དང་གོ་ས་རེག་པའི་ཆེད་གོང་མ་དང་། བཀའ་ཡིག ཐམ་ཁ་སོགས་ཁོ་ནར་དོན་དུ་གཉེར་ནས། མཐར་གནས་ཚུལ་ཡིད་སྐྱོ་པོའི་ཚད་འདི་འདྲ་ཞིག་གི་གནས་སུ་སླེབས་པ་ལ་ཁོང་གི་མ་བཟོད་པ་སྐད་འབོད་བརྒྱགས་པ་རེད། ཁོང་ལ་ཁག་མེད་པ་ཞིག་རེད། གོང་ས་མཆོག་གི་ཡང་ནང་ཆོས་ངོ་སྤྲོད་སྐབས་གསུངས་ཡོད་རེད། ང་རང་ཚོས་བྱེད་སྟངས་ཀྱང་མ་འགྲིགས་པ་རེད་ཅེས་གསུངས་ཡོད་རེད། དེས་ན་བླ་མ་གྲྭ་པ་ཟེར་དུས་སྦྱང་པའི་ཡོན་ཏན་བཅུ་གཉིས་ལ་གནས་དགོས་པ་དང་། འཆང་དུ་རུང་བའི་གོས་བཅུ་གསུམ་ཙམ་རེད། དེང་སང་ལྟོས་དང་སྤྲུལ་སྐུ་དང་དགེ་བཤེས་མཁན་པོ་གྲྭ་བཙུན་དཀྱུས་མ་ཚུན་ཆད་ལ། བུད་མེད་དགོས་རེད། ཁང་པ་དགོས་རེད། སྣུམ་འཁོར་དགོས་རེད། ལག་ཐོག་ཁ་པར་དགོས་རེད། བརྙན་འཕྲིན་དགོས་རེད། གློག་འཕྲིན་དགོས་རེད། མི་དགོས་པ་སྣ་གཅིག་མེད་པ་འདི་རེད། དེ་ལོས་དགོས་ང་ཚོ་མི་རེད་གཞན་ལ་དགོས་ན་ང་ཚོ་ལའང་ཅིས་མི་དགོས་ཞེ་ན་སྐྱ་སར་བབ་ནས་རང་ནས་འགོ་བརྩམས་ནས་རང་ཁ་རང་སོས་བྱེད་དགོས། མདོར་ན་ང་ཚོ་དགོན་པ་གྲྭ་ཚང་ཕན་ཚུན་མང་ཉུང་འགྲན་བསྡུར་མིན་པར་སྤུས་ཚད་བཟང་ལོད་ལ་བལྟ་དགོས། མང་ཚོགས་ཀྱིས་དགོན་པ་འདི་ལ་གྲྭ་པ་སྟོང་དང་སྟོང་ཡོད་རེད་ཟེར་ནས་ཧང་མ་སང་བར། སྤུས་ཚད་ཅན་འདི་དང་འདི་ཡོད་རེད་ཅེས་གཞིབས་དགོས། ཆོས་པ་རྣམ་དག་མི་ལ་རས་པ་འདྲ་པོ་རེ་ཡོད་ན་བློ་མཐུན་མ་འོ་གིས་ཀྱང་དགག་གིན་མེད་ན་ཞོགས་དུང་གི་ལྟ་ཅི་སྨོས། མང་ཚོགས་ངོས་ནས་ཀྱང་ངའི་ཕ་མ་ནང་པ་རེད་ཟེར་བ་ཙམ་མིན་པ་ནང་ཆོས་ཤེས་དགོས་གལ་ཆེ། གཞན་ལ་བལྟ་བའི་མིག་ཡོད་ན། །རང་ལ་བལྟ་བའི་མེ་ལོང་དགོས། །ང་རང་ཡང་གྲྭ་པ་ཞིག་ཙམ་མ་ཚད་མདོ་སྔགས་རིག་གཞུང་དང་བཅས་པ་ལ་ཐོས་བསམ་ལོ་བཅུ་བཞི་བར་བྱེད་ཟིན་ནའང་ད་ལྟའི་དགོན་པ་གྲྭ་ཚང་ཁག་གི་བྱེད་སྟངས་དང་བླ་སྤྲུལ་གྲྭ་བཙུན་དག་གི་ཕྱིའི་སྤྱོད་ལམ་ནང་གི་བསམ་བློ་གང་ཅི་ཐད་ནས་སངས་རྒྱས་ཀྱི་རྗེས་འཇུག་རྣལ་མ་ཞིག་ཡིན་པ་ལ་ངོས་ལེན་མེད། མང་ཚོགས་ངོས་ནས་ཀྱང་གོ་རྟོགས་ཧ་ཅང་ཞེན། དཔེར་ན་བོད་ཀྱི་བུད་མེད་མཛེས་མ་ན་གཞོན་ཞིག་ལ་ཆ་མཚོན་ན་སྤྲུལ་སྐུ་ཆེ་གེ་མོ་ཞིག་དང་མཁན་པོ་བླ་མ་ག་གེ་མོ་ཞིག་གི་སྐུབ་ལ་རྒྱུ་ས་རེག་ན་ལོ་ན་མཐོ་དམན་སྐྱེ་ལོ་ཡག་ཉེས་བལྟ་མི་དགོས། དེའི་རྒྱུ་མཚན་ནི་གོས་སྨོས་ག་གེ་མོ་དེས་བསགས་པའི་ཤི་གསོན་གྱི་སྐོར་ལ་བག་མེད་ཀྱིས་ལོངས་སྤྱོད་དུ་ཡོད་པས་སོ། །དེ་ནི་ཆོས་འཇིག་རྟེན་གཉིས་ཀ་དང་འགལ་ཏེ། འཇིག་རྟེན་དང་འགལ་ཚུལ་ནི་རང་དང་ལོ་ན་མཉམ་པར་ཕན་ཚུན་དགའ་མགུ་བརྩེ་ཞིང་འཇིག་རྟེན་གྱི་འཚོ་བ་རོལ་རྒྱུ་མེད་པས་དང་། ཆོས་དང་ཡང་འགལ་ཏེ། རང་འགར་སྐོར་ཟས་ཟ་ན་སྡིག་པ་ཚད་མེད་ཡོད་པས་སོ། །དེས་གནས་ཚུལ་འདི་རིགས་ན་གཞོན་བུད་མེད་ཚོ་དང་དེ་དག་གི་ཕ་མ་ཚོས་བསླབ་བྱ་དང་བཀའ་སྡོམ་བྱེད་རན་པ་མ་ཚད་འཕྱིས་ཚར་འདུག
ཀརྨ་རྡོ་རྗེ་ནས།
ཞོགས་པ་སྔ་མོ་ལངས་དུས། །
དུང་གི་སྒྲ་ཞིག་ཐོས་བྱུང་། །
བརྩམས་པའི་ཡིག་ཚོགས་འདྲེས་ངེས། །
ཆོས་གཏམ་མིན་པ་ངེས་སོ། །
འབྲི་རྩོམ་ རྩོམ་ཡིག་ གསུང་རྩོམ། །
མིང་འདྲ་ འདི་འདྲ་ ཡོད་བཞིན། །
ཆོས་མིན་ གཏམ་ལ་ བརྩམས་ཆོས། །
ཟེར་བ་ གད་མོའི་ གནས་རེད། །
གསུངས་པ་བདེན་པ་རེད། ཞོགས་དུང་གི་རྩོམ་ཡིག་ལ་ཆོས་ཟེར་ནི་མ་རེད། ཁོང་གི་དཔྱད་རྩོམ། རྩོམ་ཡིག གསུང་རྩོམ། རྩོམ་དེབ། ཞོགས་དུང་གི་ཡིག་ཆ། འབྲི་རྩོམ། བྲིས་རྩོམ་ད་རུང་མང་གི་ཡ་་་་་
ཞོགས་དུང་གླེང་མཁན་ཚོས་ཁོང་གིས་ཆོས་ལུགས་ལ་རྒོལ་གྱིན་ཡོད་མེད་མང་པོ་ཞིག་གླེང་གིན་འདུག ངས་བལྟས་ན་འདི་ལྟར་ཐག་མི་ཆོད་པ་འདི་ཀློག་མཁན་ཚོས་ཞོགས་དུང་ཞིབ་ཏུ་མ་བཀླགས་པའི་སྐྱོན་ཙམ་དུ་མ་ཟད་ཞོགས་དུང་གི་ཆོས་ལུགས་ལ་ལྟ་སྟངས་གསལ་པོ་ཞིག་མེད་པའི་སྐྱོན་ཡང་རེད། འུ་ཅག་གི་ཆོས་ལུགས་འདི་གནས་ལུགས་བཙལ་བའི་ཆོས་ལུགས་ཤིག་ཡིན་པ་ལས་ཁྲིམས་ལུགས་སྡོམས་པའི་ཆོས་ལུགས་ཤིག་མིན། དེས་ན་རིགས་པ་འབུམ་ཕྲག་གིས་བཙལ་བའི་ཆོས་ལུགས་འདིའི་སྙིང་པོ་སྟོང་པ་ཉིད་དང་བདག་མེད་པའི་ལྟ་བ་འདི་ཡིན་པའང་ངང་གིས་འགྲུབ་པ་རེད། ཞོགས་དུང་གིས་སྟོང་པ་ཉིད་དང་བདག་མེད་ལ་ཆོས་དང་ཕྱག་འཚལ་བ་དང་སྐྱབས་སུ་འགྲོ་བ་ཁ་ཏོན་འདོན་པ་སྐོར་བ་བྱེད་པ་སོགས་ལ་ཆོས་ལུགས་ཞེས་དབྱེ་བ་ཕྱེས་ཤིང་། སྟོང་ཉིད་ཀྱིས་མི་རིགས་འདི་ཟོས་སོང་ཟེར་བ་དང་། ཕྱག་འཚལ་བ་ནི་བྲན་གཤིས་རེད་ཟེར་བ། སྐྱབས་སུ་འགྲོ་བ་ལའང་དེ་བཞིན་དུ་བཤད་པ་རྣམས་ནི་ལན་གཅིག་མིན་པར་དཔྱོད་ཤེས་རྒྱང་འབོད་དང་རིགས་ཤེས་ཀུན་གྲོལ་སོགས་ལས་ཡང་ཡང་མཐོང་ཐུབ། དེས་ན་ཁོ་རང་གི་འདོད་པའི་ཆོས་དང་ཆོས་ལུགས་གཉིས་ལ་རྒོལ་གྱི་ཡོད་པའང་གསལ་བོ་རེད། འགའ་རེས་ཆོས་བྱེད་རྫུན་མ་རྣམས་ལ་ཟེར་བ་ལས་རྣལ་མ་ཚོ་ལ་ཟེར་བ་མ་རེད་ཟེར། དེས་ན་ཞོགས་དུང་གིས(ཆོས་པ་རྣལ་མ་རྣམས་ཀྱིས་རིག་གནས་བག་ཆགས་དེ་ཉིད་ཀྱི་རིན་ཐང་འགྲིག་འགྲིག་ཅིག་བཤད་ཅིང་ལས་དབང་གི་ལྟ་བའི་ཡང་སྙིང་ངེས་ངེས་སུ་ཉམས་སུ་ལེན་ནའང་། དེ་ལ་རུང་བསྟུན་བྱས་པས་མི་ཆོག་པ་མེད་མོད། འུ་ཚོར་ཆོས་ལུགས་ཀྱིས་ཤན་ཞུགས་མེད་ཟེར་མཁན་གྱི་ཡོན་ཏན་པ་དང་། ཆོས་ལུགས་ཀྱི་ལྟ་བས་བག་ཆགས་ཟིན་པའི་འཇིག་རྟེན་རྒན་པོ་རྣམས་ཀྱིས་ཀྱང་རང་གི་ཕྱི་རབས་རྣམས་ལ་བག་ཆགས་དེ་འདྲ་མུ་མཐུད་དུ་སྒོ་ཞིང་བསྒོས་པ་ཡིན་ན། དེ་ནི་འཚོ་གནས་ཀྱི་ས་བོན་འཇོམས་ཤིང་དར་རྒྱས་ཀྱི་སྲོག་རྩ་གཅོད་པ་མ་ཡིན་ནམ།)ཟེར་བའི་ཤུགས་ལས་གོ་བ་ཅི་འདྲ་ཞིག་ལོན་ཡོད་དམ། གཞན་ཡང་ཁྲོ་བོའི་སྐུ་འདྲ་སོགས་ལས་འཕྲོས་ཏེ་དཔྱད་པ་ཁྱད་མཚར་མང་དུ་སྤེལ་འདུག་ཅིང་།
དགོན་པའི་ནང་དུ་ཡོད་པའི་ཁྲོ་བོའི་སྐུ་འདྲ་འཇིགས་སུ་རུང་བ་དེ་དག་གི་འགྲེལ་བཤད་ཤེས་དགོས་ན་ངེས་པར་དུ་གསང་སྔགས་ཀྱི་གཞུང་ལ་སྦྱོང་དགོས་ཤིང་། བསྐྱེད་རྫོགས་ཀྱི་འདུ་བྱེད་ལས་ཞི་རྒྱས་དབང་དྲག་གི་ལྷ་སྐུ་འགྲུབ་པའི་ཚུལ་རྣམས་ཀྱང་གཞུང་དེ་ཉིད་ལས་ལེགས་པར་འབྱུང་བ་ཡིན། དེ་ལྟར་མ་བྱས་ན་དངོས་གནས་ཞོགས་དུང་གི་བཤད་པ་དང་འདྲ་ལ། གསང་སྔགས་ཀྱི་གཞུང་རང་དུའང་འདི་དག་གང་བྱུང་དུ་སྟོན་མི་རིགས་པར་ལན་མང་དུ་གསུང་འདུག་པའང་འདི་ལྟའི་ལོག་ལྟ་འགོག་པའི་ཆེད་དོ།
སྤྱིར་བཤད་ན་རང་རེའི་སྤྱི་ཚོགས་ཁྲོད་དུ་མི་ཤེས་བཞིན་དུ་འོར་ཚོད་ཀྱིས་འཇུག་མཁན་ཤིན་ཏུ་མང་ལ། ལྷག་པར་དུ་ཆོས་ལུགས་ཀྱི་ཐོག་ལ་དེ་ལྟར་ཡིན། ཞོགས་དུང་གི་དེབ་རྣམས་ཞིབ་ཏུ་བཀླགས་ཏེ་ཆོས་ལུགས་ལ་རྒོལ་གྱི་མི་འདུག་ཟེར་མཁན་རྣམས་ཆོས་ཀྱི་སློབ་སྦྱོང་མེད་མཁན་ཞེ་ཅིག་ཡིན་པའི་ངོས་ནས་ཀྱང་འགྲེལ་བཤད་གསལ་པོ་ཞིག་བྱས་འདུག
ཆོས་ལུགས་འདི་ཡང་དག་ཡིན་མིན་གྱི་དཔྱད་པ་འགོད་པ་ལ་ཆོས་ལུགས་ཀྱི་ཟབ་སར་འཛུལ་ཐུབ་པ་ཞིག་དགོས་ཤིང་། དཔྱད་པ་ལ་དཔྱད་པ་གཏོང་མཁན་ཚོའང་དེ་ལྟར་རེད། ཞོགས་དུང་ལ་ཡོད་པའི་ཆོས་ལུགས་ཀྱི་ཤེས་བྱ་ཚད་གང་ཞིག་ཏུ་སླེབས་ཡོད་མེད་ཁོང་གི་རྩོམ་ཡིག་དག་ལས་ཤེས་ཐུབ་ཅིང་། ཕྱག་འཚལ་བ་དང་སྐྱབས་སུ་འགྲོ་བ་སོགས་ལ་རྒོལ་སྟངས་དེས་ཁོང་ལ་ཆོས་ལུགས་ཀྱི་རྨང་གཞིའི་ཤེས་བྱ་ཙམ་ཡང་ཨེ་ཡོད་སྙམ་པར་བྱེད། ཁོང་ཉིད་རྩོམ་སྒྲིག་པ་ཞིག་ཡིན་པས་ངོས་ནས་ཆོས་གཞུང་གི་རྣམ་གྲངས་མང་པོ་ཞིག་བགྲང་ཤེས་པ་དང་། ཆོས་གཞུང་སྦྱོང་མཁན་ཞིག་མིན་པའི་ངོས་ནས་རྣམ་གྲངས་དེ་དག་གི་གོ་དོན་མ་ལོན་པའང་ཁག་མེད་པ་ཞིག་རེད།
རུས་པ་སྙི་མོ་ཅན་གྱི་ཐུབ་བསྟན་ལགས། སྐུ་ཞབས་ཞོགས་དུང་གི་བརྩམས་ཆོས་ལ་གསུང་རྩོམ་ལབ་ན་སྐྱོན་ཡོད་པ་མ་རེད། ཐ་སྙད་ནི་ཕྱི་ཤུན་ཙམ་ཡིན་པས་གཙོ་བོ་བརྗོད་དོན་ལ་འཇུག་དགོས་པ་རེད། ང་ཚོ་བོད་ཀྱི་ཁ་དཔེ་ལ༼ས་གནམ་ལ་འཕྱར་ན་རྡུལ་སླང་ང་འབུད་ཀྱི་རེད་༽བའི་དཔེ་ལས་མ་འདས་སོ།
སྐུ་ཞབས་ཞོགས་དུང་གི་རིན་ཐང་དེ་བཙོན་དུ་ཚུད་མ་ཚུད་ཀྱི་གནད་དོན་ཞིག་མ་ཡིན་པར། ཁོང་ལ་མི་ཆོས་རིང་ལུགས་ཀྱི་ཤེས་ཡོན་པའི་སྡེ་ནས་བློ་འབྱེད་བསམ་བློ་བ་ཞེས་མཚན་གསོལ་གནང་ཡོད་པ་མ་ཟད། བོད་ཀྱི་སློབ་གྲྭ་ཆེན་མོའི་བའི་ཁྲོད་དུ་བརྩི་མཐོང་ཆེར་བྱེད་པ་དང་། ཁོང་གི་རིག་གནས་ཀྱི་ཤུགས་རྐྱེན་དེང་ལེན་བྱེད་པོ་མི་ཉུང་བ་ཞིག་ཡོད་པ་རེད། གཞན་ཉིད་ཀྱིས་ ཁོང་གིས་ཚ་ཚ་འུར་འུར་ གྱིས་ནང་ཆོས་ལ་དགག་རྒྱག་བྱེད་སྐབས་ཀྱི་ཁ་སང་ནི། ཁོང་བོད་མི་བྱིངས་ཀྱིས་ཁས་ལེན་མི་བཏུབ་པའི་སྐས་མཚམས་རེད། ཅེས་པའི་རྒྱུག་པ་་ལེབ་རྡུང་གི་་བཤད་སྟངས་ནི་འོས་སུ་མ་ཆེའོ།
ཞོགས་དུང་གིས་ནང་ཆོས་ལ་དགག་པ་བྱས་པ་དེ་ལྟ་སྤྱོད་གཉིས་ལས་གང་ལ་དགག་པ་བྱེད་ཀྱི་ཡོད།
ནང་པའི་ལྟ་བ་ནི་རྟེན་འབྱུང་དང།་སྤྱོད་པ་ནི་འཚེ་བ་མེད་པ་རེད།
རྟེན་འབྱུང་ནི་རྒྱུ་ལས་འབྲས་བུ་འབྱུང་བ་།དེ་ལས་ཕྲ་ན་དངོས་པོ་རྣམས་རང་གི་ཡན་ལག་དང་ཆ་ཤས་སོགས་ལ་རྟེན་ནས་བཏགས་པའམ་རྟེན་ནས་འབྱུང་བ་རེད།་ད་དུང་དེ་ལས་ཕྲ་རུ་བཤད་ན་ཆོས་རྣམས་རྟོག་པས་ཕར་བཏགས་ཙམ་ལས་འབྱུང་བ་ཡིན་པའི་ལྟ་བ་ནི་ལྟ་བའི་རྒྱལ་པོ་དང་ཟབ་ཁྱད་འདི་ལས་མ་མཆིས་པས་འདི་ལ་དགག་པ་ནི་བདེན་པ་ལ་དགག་རང་ཡིན་པས་ཞོགས་དུང་ལ་ཉེས་པ་ལོས་ཡོད།་་མ་གཞི་ཞོགས་དུང་ཀུན་མཁྱེན་མིན་པས་ནང་པའི་ལྟ་བའི་རྣམ་གཞག་ལ་རྒྱུས་མངའ་དེ་ཙམ་ཨེ་ཡོད་སྙམ།
སྤྱོད་པ་ལ་དགག་ན་ནི་འཚེ་མེད་ཞི་བ་ལ་དགག་པ་སོང་བས་དེ་བས་ཀྱང་འགྲིགས་ཐབས་ག་ལ་ཡོད།ད་དུང་བཙན་གྱིས་དགག་གོ་ཟེར་ན་ཞོགས་དུང་ལོག་ལྟའི་ཐ་ཤལ་བ་ཞིག་ལས་བོད་མི་རིགས་ཀྱིས་བཀུར་འོས་པའི་མི་ཞིག་ག་ལ་ཡིན།
ནང་པའི་སྲོལ་རྒྱུན་དང་ལུས་ངག་གི་བྱེད་ཆོས་ཡོད་དོ་ཅོག་སྤྱོད་པའི་ཁོངས་སུ་བསྡུ་བས་ལམ་བུ་དེ་གཉིས་ལས་གཞན་དུ་ནང་ཆོས་ལ་དགག་པ་ནི་རི་བོང་གི་རྭ་གནམ་ལ་ཀེལ་ནས་དེ་ལ་དགག་པ་བྱེད་པ་དང་ཅི་མི་མཚུངས་སྟེ་རྣམ་པ་ཐམས་ཅད་མཚུངས་པ་ཁོ་ནའོ།།
འོ་ན་ཞོགས་དུང་གིས་ནང་ཆོས་ལ་དགག་པ་དེ་གང་ལ་ངོས་བཟུང་དགོས་སམ།
ཡཱ་་ཧུར་བརྩོན་ཅན་རྫ་སྲས་བདེ་ཆེན་དང།་དྲ་གོྲགས་ཚོ་ལན་ཞིག་འཐོབ་དང།་་་ང་བསྒུག་ནས་ཡོད།
དྲ་གྲོགས་ཚོ་ཕེབས་པ་མཐོང་སོང་། ལན་འབུལ་དགོས་ས་འགའ་ཡང་མཐོང་སོང་། འོན་ཀྱང། ད་ལྟ་དུས་ཚོད་མི་འདུག་རྗེས་ལ་གཅར་གི་ཡིན།
ང་ཡང་བསང་ཡང་བསྐྱར་ཡོང་ནས་། དྲ་གྲོགས་ཚོའི་བསམ་འཆར་ལ་གཟབ་ནན་གྱིས་བལྟས་ནས་གཤམ་གསལ་གྱི་ལན་འདི་དག་གདབས་འདོད་བསྐྱེས།
ཀརྨ་རྡོ་རྗེ་དང་ཐུབ་བསྟན་ཟེར་བའི་མཆན་པོ་གཉིས་ཀྱིས་ཡང་དག་པར་ཉོན་ཅིག བརྕམས་ཆོས་ཞེས་པ་ཡོད་ཚད་ནས་ཡོད་ཚད་ཆོས་ལུགས་ཀྱི་ནང་དོན་ཅན་ཤ་སྟག་ཡིན་མི་དགོས། དཔེ་བཞག་ན། འདོད་པའི་བསྟན་བཅོས་དང་། མ་བག་མར་ལེན་པའི་བསྟན་བཅོས་སོགས་མཐའ་ཡས་པ་ཞིག་ཡོད་་ལ་འདི་ཚོར་ཡང་བཅོས་ཞེས་བཏགས་ཡོད། བཅོས་དང་ཆོས་ནི་འདས་སྐུལ་གྱི་ཁྱད་ཙམ་པོ་ལས་དོན་གཅིག་ལ་འབབ་གྱི་ཡོད་པ་ཁྱེད་རྣམ་པ་གཉིས་ཀྱིས་ཀྱང་མཁྱེན་ཤག་རེད། ང་ཚོས་་ཆོས་ཟེར་དུས་ཆོས་ལུགས་ལ་གོ་འགྲོ་བ་གོམས་གཤིས་ཀྱི་དབང་གིས་རེད། དེ་མ་གཏོགས་སྤྱིར་ན་ཆོས་ཞེས་པ་བསྒྱུར་བཅོས་བྱས་པའི་དོན་ཡིན་ཙང་ནང་དོན་གྱི་ཕྱོགས་ནས་རྒྱ་ཆེན་པོ་དང་འཇུག་ཡུལ་ཡང་དེ་བཞིན་སྣ་མང་རེད། མ་རྩ་འདི་ཚོ་ཤེས་ན་ཡག་པོ་ཡོད་རེད།
http://savetibet.org/media-center/ict-news-reports/raging-storm-crackdown-tibetan-writers-and-artists-after-tibets-spring-2008-protests
དེ་ནས་རྩམ་གཟན་སོགས་ཀྱི་དགོངས་འཆར་གཟབ་རྒྱས་གསུངས་བ་མང་ཆེ་ཤོས་དོན་དངོས་རང་དུ་གནས་འདུག་པར་བསམ་ན་གསལ་བཤད་དགོས་ས་ཞིག་མི་འདུག་སྙམ།
རས་པ་ལགས་ལ་ཞུ་རྒྱུ་ནི། ཁོང་གིས་ཚ་ཚ་འུར་འུར་གྱིས་ནང་ཆོས་ལ་དགག་རྒྱག་བྱེད་སྐབས་ཀྱི་ཁ་སང་ནི། ཁོང་བོད་མི་བྱིངས་ཀྱིས་ཁས་ལེན་མི་བཏུབ་པའི་སྐས་མཚམས་རེད་ཅེས་པའི་སྐད་ཆ་འདིའི་བདག་པོ་ང་ཡིན། འདིས་གབྱུག་པ་ལེབ་་རྡུང་བྱེས་མིན་དང་། འོས་དང་མི་འོས། འཚམ་དང་མི་འཚམ་ངས་མི་ཤེས་སྐད་ཆ་འདི་བདེན་པ་མ་རེད་སུས་ཀྱང་བཤད་མི་བཏུབ་འདོད་ལ། ཁྱེད་ལ་ལྡོག་དྲི་ཞིག་བྱེད་པའི་དབང་དུ་བཏང་ན་ཡང་ཁྱེད་ཀྱིས་བོད་མི་བྱེངས་ཀྱིས་ཁས་བླངས་བ་རེད་ཅེས་མངོན་སུམ་ལ་བསྙོན་ཐུབ་རྒྱུ་མ་རེད་འདོད། འདིའི་ཐད་ལ་ཞོགས་དུང་ཁོང་གིས་ཀྱང་བོད་པའི་སྤྱི་ཚོགས་ཀྱིས་ཁོང་ཆེས་བསྟན་བཤིག་ཅིག་ཏུ་བཏགས་ནས་སྤྱི་ཚོགས་ལ་རྒྱུ་ལོན་ཙམ་བྱེད་པའི་སྐལ་བ་མ་བྱིན་རབས་གསུང་གི་མི་འདུག་གམ།
དེ་ནས་བོད་ཀྱི་མཛེས་མ་ཟེར་བ་དེ་རེད། ངས་བལྟས་ན་ཁོང་གིས་ཞོགས་དུང་གི་བརྩམས་ཆོས་ལ་རྒྱུས་ལེན་ཆེར་བྱས་མེད་པར་མ་ཟད། བཤད་སྟངས་ལ་བརྟགས་ན་ཕལ་ཆེར་མཐོང་མྱོང་ཨེ་ཡོད་བསམ་བསམ་རེད། དེ་ལྟར་ན། ཁྱེད་ཀྱིས་སྐུ་ཞབས་ཞོགས་དུང་གི་ལྟ་ཚུལ་རྣམས་ཞིབ་ཚགས་པོས་གཟིགས་ཤིང་། དེ་ནས་སོ་སོའི་དགོངས་འཆར་དྲང་ཐད་ནས་བཤད་ན་དགའ་བསུ་ཡོད། དེ་མ་གཏོགས་ཐམས་ཅད་དྲ་ཐོག་ནས་ཤེས་མི་བཏུབ་ལ་ཡོད་ཚད་མཆན་ཙམ་བཏབ་ནས་རྟོགས་རྒྱུ་དཀའ་་མོ་རེད། འདི་ཡང་སེམས་གཏམ་ཡིན།
ང་ཚོས་ཁོང་གིས་བོད་ཀྱི་སྤྱི་ཚོགས་སྟེང་བཞག་པའི་བག་ཆགས་ལ་ལྟ་དགོས། མི་སྤྱིར་བཏང་བ་ཞིག་གིས་ཤེས་རྨོངས་ཀྱི་སྤྱི་ཚོགས་ཤིག་ལ་བཞག་པའི་བག་ཆགས་ཀྱི་ཚད་རིམ་དེ་ཧ་ཅང་ཚད་མཐོན་པོ་ཡིན། བཤད་སྟངས་འདི་སྙན་པོ་མེད་ཀྱང་སྲིད། དོན་དངོས་བཤད་ན་རང་རེ་བ་ཤེས་རྨོངས་ཡིན་པར་སྨྲས་པ་ལྟོས་བཅོས་ལྟ་སྟངས་འདིའི་ཁྲོད་རྫུན་དུ་མི་འགྲོ དེའི་ཕྱིར། སྐུ་ཞབས་ཁོང་ལ་མང་ཉུང་ལ་མ་བལྟས་པའི་དགག་ཕྱོགས་དང་སྒྲུབ་ཕྱོགས་གཉིས་ལྡན་ཞིག་ཡིན། གནས་སྟངས་འདི་བོད་སྤྱི་ཚོགས་ཡར་རྒྱས་ཀྱི་ཚད་འཇལ་བར་ལྟ་ས་ཞིག་ཀྱང་ཡིན་ཞེས་ཞུའོ།
རེད་རེད། སྐད་ཆ་དྲང་མོ་་རེེད། ང་ལ་མཚོན་ན་བཤད་མཁན་སུ་ཡིན་ཡང་ཁྱད་པར་མེད་། སྐད་དྲང་མོ་ཞིག་ཡིན་ཕྱིན་མི་སྙན་པའི་འདུ་ཤེས་འཛིན་སྟངས་དེ་ཁྱོན་ནས་མེད་ལ་རང་ནུས་ཀྱིས་རྒྱབ་སྐྱོར་བྱེད་ཀི་ཡོད།
སྤྱིའི་ཆ་ནས་ཞོགས་དུང་ཁས་ལེན་མཁན་གྱི་བོད་པ་མེད་པ་མ་རེད། ཡིན་ཡང་། བོད་མི་སྤྱི་བྱིངས་ཀྱིས་ཁོང་གི་རླབས་ཆེན་གྱི་བསམ་བློ་དང་ལེན་བྱས་པ་རེད་ཟེར་ན་རྫུན་དུ་འགྱུར་ངེས་ཤིང་། བཙན་བྱོལ་སྤྱི་ཚོགས་ལ་དེ་ལས་ཀྱང་འགྱུར་ངེས་རེད། བསྡུས་གཟུགས་ཀྱི་དཔེ་ཆུང་ཆུང་ཞིག་བཞག་ན། ཧོར་འཇིག་གིས་མདོ་སྨད་ལོ་རྒྱུས་སུ་མདོ་སྨད་ཀྱི་མཁས་པ་རྒན་གཞོན་དང་། རབ་འབིྲང་མཐའ་གསུམ་ཀྱི་མིང་སྨྲོས། ལོ་རྒྱུས་བྲས་འདུག་ཀྱང་ཞོགས་དུང་གི་མིང་ཙམ་ཡང་བྲིས་མེད་པ་ནི་ངོ་མ་ཁྱད་མཚར་རང་རེད།