འབྲོང་ངུར་ཕོ་ཉས་མཚམས་སྦྱོར་ཞུས།
བརྡ་སྤྲོད་རིག་པའི་བགྲོ་གླེང་དང་སྤྱི་ཚོགས་ཤེས་བྱའི་ཟབ་སྦྱོང་། ཁ་བ་གངས་ཅན་པའི་རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་ཆེད་དུ་ཚོགས་པ་དང་སྡེ་ཚན། ལུང་ཚན་དང་གྲོང་སྡེ་སོགས་མི་རེ་ངོ་རེ་ནས་འགན་འཁུར་དགོས་པ་བཞིན་མདོ་ཁམས་ནགས་ཤོད་འབྲི་རུ་བ་རྣམས་ཀྱིས་ཕྱར་གྲུ་མཉམ་འདེགས་ཀྱི་ཆེད། ནགས་ལྷ་རྩོམ་སྒྲིག་ཁང་བཙུགས་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་ཕན་པའི་ལས་རིམ་མང་པོ་ཞིག་སྒྲུབ་བཞིན་ཡོད་པའི་ནང་ཚན། མདོ་ཁམས་ནགས་ཤོད་འབྲི་རུའི་སློབ་མ་རྣམས་ཀྱི་བརྡ་སྤྲོད་རིག་པའི་བགྲོ་གླེང་ཐེངས་ལྔ་པ་དང་། སྤྱི་ཚོགས་ཤེས་བྱའི་ཟབ་སྦྱོང་ཐེངས་གཉིས་པ་བཅས་སྤྱི་ལོ་ ༢༠༡༧ ཟླ་བ་ ༣ ཚེས་ ༢ ཉིན་དྷ་ས་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་དབུ་འཛུགས་ཞུས་ཡོད།
དེ་ཡང་སྔ་དྲོ་ཆུ་ཚོད་བཅུ་པའི་ཐོག་དབུ་འཛུགས་ཀྱི་མཛད་སྒོའི་སྐབས་སྐུ་མགྲོན་གཙོ་བོ་བོད་གཞུང་དཔེ་མཛོད་ཁང་གི་དབུ་འཛིན་དགེ་བཤེས་ལྷག་རྡོར་དང་། རང་གཞུང་ཤེས་རིག་གི་དྲུང་ཆེ་སྣང་གསལ་ཆོས་སྒྲོན་ལགས། བོད་ཀྱི་དཔེ་མཛོད་ལོ་རྒྱུས་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས་བཅས་ཀྱིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་གལ་ཆེ་བའི་སྐོར་སོགས་བཀའ་སློབ་གནང་བ་དང་། ནགས་ལྷ་རྩོམ་སྒྲིག་ཁང་གི་འགན་འཛིན་འབྲི་སྐལ་བཟང་གིས་རྩོམ་སྒྲིག་ཁང་གི་ལས་རིམ་དང་དམིགས་ཡུལ་ངོ་སྤྲོད་དང་བཅས་མཛད་སྒོ་གྲོལ། མཛད་སྒོ་དེར་སཱ་ར་མཐོ་སློབ་དང་ནོར་གླིང་མཐོ་སློབ། སྒྲོལ་མ་གླིང་དང་དགེ་ལྡན་ཆོས་གླིང་སོགས་སློབ་གྲྭ་དང་དགོན་སྡེ་ཁག་ནས་ཕེབས་པའི་སློབ་མ་སུམ་ཅུ་ཙམ་མཉམ་ཞུགས་བྱས་ཡོད་པ་རེད།
ཚོགས་ཐེངས་གཉིས་པ་ནས་མཁས་དབང་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་ལེགས་སྦྱར་གྱི་སྒྲ་ཡི་འགྲོས་དང་བོད་ཀྱི་བརྡ་སྤྲོད་སྐོར་དང་འབྲེལ་བའི་སྒོ་ནས་ཟབ་སྦྱོང་གནང་ཡོད་པ་རེད། ཉིན་གཉིས་པར་ཁྲིམས་ལུགས་ཀྱི་མཁས་དབང་བློ་བཟང་གྲགས་པ་ལགས་ཀྱིས་སྤྱི་ཚོགས་ཤེས་བྱའི་ཁྲིམས་ལུགས་སྐོར་ཟབ་སྦྱོང་གནང་རྒྱུ་དང་། ཉིན་གསུམ་པར་ནོར་གླིང་མཐོ་སློབ་ཀྱི་སློབ་ཐོན་པ་གསུམ་གྱིས་བགྲོ་གླེང་སྣེ་ཁྲིད་བྱས་ནས་སློབ་མ་རྣམས་ཀྱིས་བགྲོ་གླེངས་གནང་རྒྱུ་བཅས་ཉིན་གསུམ་གྱི་ལས་རིམ་མཇུག་སྒྲིལ་རྒྱུ་རེད་འདུག །
འབྲོང་ངུར་ཕོ་ཉས་མཚམས་སྦྱོར་ཞུས། ཕྱི་ལོ་ ༡༠༡༧ ཟླ་བ་ ༣ ཚེས་ ༤ ཉིན།
ཁམས་སྟོད། བར་ཁམས། ཁམས་སྨད་དབྱེ་བ་གང་འདྲི་ཞིག་གི་ཕྱེད་དགོས་རེད།