ཨ་རིག་འགྱུར་མེད།
སྟོང་ལོ་བརྒྱད་པའི་ཤར་དུང་རི་འཆི་བདག་གི་སྒོ་འགྲམ་དང༌། མེ་མདའི་སོ་ཁ་བརྒྱུད་དེ་ལག་ཏུ་འབྱོར་སོང༌། མགོ་ནས་མཇུག་བར་བམ་ཀློག་ཅིག་བྱས་རྗེས། ཤར་དུང་རིའི་མཇུག་གཏམ་དུ་ཤར་དུང་རི་དཀའ་སྡུག་མཐར་ཆོད་ཀྱིས་སྟོང་ལོ་བརྒྱད་ཀྱི་ན་ཚ་དང་འགྲོགས་ཤིང་བཞུད་ཟིན་པའི་རྣམ་ཤེས་མང་བོའི་བདེན་པ་སྐྱོར་བཞིན་ཁྱེད་ཅག་གི་མིག་ལམ་དུ་ཐོན་པ་དང༌། མི་རབས་ཤིག་གི་ཟུངས་ཁྲག་གིས་བྲིས་པའི་ལོ་རྒྱུས་ཀྱི་ཟིན་ཐོར་མ་ཕྱི་ཕབ་ཀྱིན་ཐོན་བྱུང་ལ། ད་དུང་ཤར་དུང་རི་གསོན་ན་སྟོབས་དང་ལྡན་པར་གསོན་དགོས་ལ་འཆི་ན་འོད་དང་ལྡན་པར་འཆི་དགོས་ཟེར། གང་ལྟར་ཤར་དུང་རི་ཡོང་སྟངས་འདི་ལྟར་རྔམ་བརྗིད་ཅིང༌། བདེན་དོན་དང་སྙིང་སྟོབས་ཀྱིས་དགྲ་བོའི་མདའ་ཁ་མདུང་ཁ་བརྒྱུད་དེ་ང་ཚོའི་མིག་མདུན་དུ་སླེབས་དུས། དགའ་རྒྱུ་ཞིག་དང་སྡུག་རྒྱུ་ཞིག་མཉམ་དུ་འདུག་ལ། དུས་འདི་ནས་བཟུང་ཤར་དུང་རི་ང་ཚོའི་མིག་མདུན་ནས་ཡལ་ཏེ་འཆི་བདག་གི་སྒོ་འགྲམ་དུ་བཞུད་སོང་སྙམ་ན་ན་ཟུག་ཅིག་ཀྱང་འདུག ད་ལྟ་བོད་ཕྱི་ནང་གཉིས་ན་ཤེས་ཡོན་པ་ཧ་ཅང་མཁོ་ཤིང༌། མང་ཚོགས་ལ་ལམ་སྣེ་འདྲེན་མཁན་དཀོན་པའི་སྐབས་འདིར་ཤར་དུང་རིས་ལ་རྒྱ་དང་ཚེ་སྲོག་གི་བདེན་དཔང་བྱེད་དུ་ཁྲིད་ཡོང་བའི་ཤེས་ཡོན་པ་དག་ནི་བོད་མདོ་དབུས་ཁམས་གསུམ་དུ་མིང་དུ་གྲགས་པའི་རྩོམ་པ་བོ་དག་རེད་ལ། ཁོང་ཚོ་འདི་ལྟར་སྐྲག་རྒྱུ་འཇིགས་རྒྱུ་མེད་པར་མི་རིགས་འདི་དང་མི་རབས་འདིའི་བདེན་དོན་འཐབ་རྩོད་ཀྱི་ཆེད་དུ་ན་ཟུག་ཅིག་དྲུད་ནས་ལངས་ཡོང་དུས། ཤེས་ཡོན་པའི་ཚོད་ཀྱིས་མི་རབས་འདིའི་འགན་ཐེག་ཅིང་ཁུར་བ་རེད་མོད། མི་རིང་བར་ཁོང་ཚོའི་ཚེ་སྲོག་རྟ་རྔ་འདྲ་བོ་རྒྱ་ལག་ནས་གཅིག་རྗེས་གཉིས་མཐུད་ཀྱིས་བཞུད་ལོས་འགྲོ་བསམ་ན་ངུ་རྒྱུ་ཞིག་དང་འགྱོད་གདུང་དྲག་པོ་རེ་ལས་ཅི་ཡང་མི་འདུག
ལོ་འགའི་ཡར་སྔོན་ནས་རྒྱ་ནག་གིས་གང་ན་བོད་མི་རིགས་ལ་ཤ་ཚ་ཞིང་སྙིང་ཉེ་བའི་ཤེས་ཡོན་པ་དང༌། བླ་མ་སྤྲུལ་སྐུ། ས་གནས་མགོ་དཔོན་ཡན་ཆད་གཅིག་འཕྲོར་གཅིག་མཐུད་དེ་བཟུང་སོང་ལ། ཁོང་ཚོར་གཏན་ནས་མི་དགོས་པ་ཟོག་ལུག་གི་རྫི་བོ་དང་ཞིང་གྲོང་གི་ཡིག་རྨོངས་པ་ཡིན། པཎ་ཆེན་ཆུང་སྲིད་མཆོག་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་རྣམ་གཉིས་བཙོན་དུ་བཅུག་པ་དང་སྐྱབས་རྗེ་དམ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་བགྲོངས་པ། བུད་མེད་རྩོམ་པ་མོ་འོད་ཟེར་ལས་གནས་ནས་ཕྱིར་ཕུད་པ་དང༌། རྩོམ་པ་བོ་སྒྲོལ་མ་སྐྱབས་དང་འཇམ་དབྱངས་སྐྱིད། ནོར་འཛིན་དབང་མོ། གྲྭ་འཇིགས་མེད་ལྟ་བུ་གང་ན་ཤེས་ཡོན་པ་དང་བོད་དོན་རྩོད་རྒྱུར་མགོ་འདྲེན་མཁན་ཡོད་ན་དེ་རུ་གཉའ་གནོན་ཡོད་ཅིང༌། རེ་རེ་བཞིན་རྒྱ་མཚོར་རྡོ་གཡུག་པ་ལྟར་གང་དུ་ནུབ་པ་ཡང་མི་ཤེས་པའི་གནས་སྟངས་འདིས་ང་ཚོའི་ཤེས་ཡོན་པ་ཚོ་མདུན་དུ་འོང་རྒྱུ་མ་ཡིན་པར་རྒྱབ་ཏུ་ཡིབ་ནས་ཐབས་སྟོན་པར་རིགས་སོ། ། དེ་ནི་སྡར་མ་བྱོས་ཟེར་བའི་དོན་ཡང་མིན་པར་ཐབས་མཁས་བྱོས་ཟེར་བའི་དོན་ཡིན་ལ། ད་ལྟའི་སྐབས་འདིར་ཟོག་རྫི་བརྒྱ་ལས་ཤེས་ཡོན་པ་གཅིག་མཁོ་སྟེ། ལམ་སྣ་འདྲེན་མཁན་དབེན་པའི་ཚོགས་སྡེ་ཞིག་གི་འགུལ་སྐྱོད་ལ་ནམ་ཡང་རེ་འབྲས་བྲལ་བས་སོ། །བོད་མི་ས་ཡ་དྲུག་གཅིག་རྗེས་གཉིས་མཐུད་ཀྱིས་བསད་ཚར་དུས་ཤེས་ཡོན་པའང་རྒྱུག་དགོས་ཤིང༌། དེ་དུས་ཀྱང་ཡིབ་ན་ནི་སྡར་མ་རེད་མོད། ད་ལྟའི་དུས་འདིར་བོད་མི་རིགས་ཀྱི་བདེན་དོན་རྩོད་ནའང་ཤེས་ཡོན་པ་མཁོ་ཞིང༌། མང་ཚོགས་ཀྱི་ལས་འགུལ་སྤེལ་སྐབས་ཀྱང་ཤེས་ཡོན་པ་མཁོ། ཤེས་ཡོན་པའི་ལས་འགུལ་ནི་ཕྱི་ཕྱོགས་སུ་རྣ་གཡར་ནས་ནང་ལོགས་སུ་གོ་རྟོགས་སྤེལ་རྒྱུ་དང༌། ཕྱི་ཕྱོགས་ཀྱི་གནས་ཚུལ་ཤེས་པའི་ཐོག་ནས་ལས་འགུལ་གོ་སྒྲིག་བྱ་རྒྱུ་དེ་རེད།
ཤར་དུང་རིས་ཀྱང་ཤེས་ཡོན་པ་དེ་དག་ཁྲིད་དེ་ཨུ་ཚུགས་ཀྱིས་འགྲེང་ཡོང་དུས་དགའ་བ་འབུམ་གྱིས་མྱོང་མོད། ང་ཚོར་དགོས་པ་ནི་ཁྱེད་ཅག་ཡུན་རིང་འཚོ་ཞིང་ཡུན་གྱིས་རྩོད་དགོས་པའི་བོད་དོན་དེ་ཡིན་པ་ལས། ཤར་དུང་རི་དང་དེའི་བདག་པོ་ཚོ་བཞུད་ཤུལ་དུ་ང་ཚོ་ལ་ཐོབ་ངེས་པ་ཅི་ཞིག འདི་ལོར་བོད་སྟོད་སྨད་བར་གསུམ་གྱི་ཞི་རྒོལ་ཆེན་མོའི་ཁྲོད་དུ་ང་ཚོས་ཤེས་རྟོགས་བྱུང་བ་ནི་ཚེ་སྲོག་ཉིས་བརྒྱ་ལྷག་གིས་བོད་དོན་ཉོ་མ་ཐུབ་ཅིང༌། མང་ཚོགས་ཁྲི་སྟོང་མང་བོའི་འབོད་སྒྲས་བོད་སྐྱོབས་མ་ཐུབ་པ་དེ་རེད། རྒྱུ་མཚན་དེའི་དབང་གིས་ཤར་དུར་རིས་ཟུངས་ཁྲག་དང་ཚེ་སྲོག་གི་གཏུག་བཤེར་བྱེད་པར་མི་འཐད་ཅིང༌། ང་ཚོའི་ལུས་ཐོག་ན་འགྲོ་བ་མིའི་ཐོབ་ཐང་གང་འདྲ་ཡོད་ཟེར་རྒྱུ་མ་ཡིན་ལ། མི་རིགས་རང་སྐྱོང་དང་མི་རིགས་ཀྱི་འཚོ་གནས་ལྟ་བུའི་བདེན་དོན་གྱི་གླུ་སྒྲ་སྒྲོག་རྒྱུ་དེ་མ་ཡིན་པར་ཚང་དུ་ཡིབ་པའི་སྟག་འབྲུག་གི་ལས་འགན་སྒྲུབ་རྒྱུ་དེའོ། །
བྱེས་ཀྱི་ཤེས་ཡོན་པ་ཚོས་ཁ་སྟོང་ནང་གི་ཚིག་སྟོང་རེ་བཤད་དེ་མི་དམངས་བསླུ་བ་དང༌། གཞིས་ཀྱི་ཤེས་ཡོན་པ་ཚོས་བསམ་ཕོད་པ་དང་བཤད་ཕོད་པ། བསྒྲུབ་ཕོད་པའི་ཞུམ་མེད་ཀྱི་སྙིང་སྟོབས་ཁྱེར་ནས་མི་དམངས་ཀྱི་མདུན་དུ་རྒྱུག་པའི་གནས་སྟངས་འདི་གཉིས་བར་ན། མི་དམངས་ལ་ངེས་པ་དོན་གྱི་ལམ་སྣ་སྟོན་མཁན་བྲལ་ཏེ་ལུས་འདུག་ཅིང་། ད་ལྟའི་རྒྱ་ནག་གི་ཆབ་སྲིད་གནས་སྟངས་ལ་བལྟས་ན་སྟོང་ལོ་བརྒྱད་པའི་ཤར་དུང་རི་འགད་རྫས་ཤིག་ཏུ་གྱུར་ཟིན་ལ། དེའི་བདག་པོ་དང་རྩོམ་འབྲི་བ་ཚོ་དུག་རླངས་ཤིག་ཏུ་གྱུར་ཟིན་པས་ཁོང་ཚོའི་འཚོ་གནས་དང་བདེ་འཇགས་ནི་ཆེས་བློ་འཚབ་ཆེ་བའི་གནས་དེ་རེད་ལ། གལ་སྲིད་སྐལ་བ་རེ་བྱུང་སྟེ་ཁོང་ཚོ་མུ་མཐུད་ནས་བདེན་དོན་རྩོད་སའི་གླེང་སྟེགས་དང་རང་དབང་གི་གར་སྟེགས་ཅུང་ཙམ་རེ་འཐོབ་ཚེ། ད་ནི་ཐབས་ཤེས་དང་བསྟུན་ཤེས་ཅུང་ཙམ་གྱིས་ལ། ཤེས་ཡོན་པ་ཚོས་ཅེས་ཀྱང་ཚོགས་སྡེ་ཆེན་པོ་ཞིག་གི་སྣེ་ཁྲིད་རྒྱུ་ལས་མདུན་དུ་དཔའ་ཁེར་རྒྱུག་མི་བྱ་རྒྱུ་གནད་དམ་པའོ། །
ངས་སྔོན་ཆད་ནས་ཤར་དུང་རི་ལ་ལེ་བརྡ་བྱེད་མྱོང་ལ། དཔའ་ཡོད་ན་དཔའ་རྟགས་སྟོན་ས་མ་འཆུག་ཟེར་ནས་གསལ་འདེབས་ལན་མང་བྱེད་མྱོང་། ད་ཐེངས་ནུབ་བྱང་ཚང་གིས་ངོ་མ་བོད་མི་རིགས་ཀྱི་ཆེད་དུ་སྐད་ཆ་བཤད་འདུག་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ད་དུང་མུ་མཐུད་དེ་ཤུགས་སྣོན་རྒྱུའི་རེ་བ་ཡོད། ས་མཐའ་ཞིག་ནས་རང་འདི་ལྟར་སྟོང་བཤད་རྒྱག་ཐུབ་ན་ཡང་། ཁྱེད་ཅག་རལ་གྲིའི་སོ་ཁ་ན་འཚོ་བ་དག་གི་ཞུམ་མེད་ཀྱི་བློ་སྟོབས་དེ་གངས་སེང་དཀར་མོའི་ངར་སྐད་བཞིན་འཇིག་རྟེན་ཟླུམ་པོ་ཡོམ་ཡོམ་དུ་བསྒུལ་ནུས་པའི་སྒུལ་ཤིགས་ཤིག་ཏུ་འགྱུར་བར་སྨོན་ནོ།།
ཡིག་ནོར།
རང་། ངས།
ཤིགས། ཤུགས།
ཤར༷་ཕྱོགས་རྒྱ་སྟག་བཟི་བོའི་མགོ་བོ་རུ། །
དུང༷་གི་གངས་སེང་ཁྲོས་པའི་སྡེར་མོ་ཡིས། །
རི༷་རབ་འཁྱོམ་པའི་རྒྱ་ཞིག་བཏབ་པ་འདི། །
རྒྱལ་ཁའི་གླུ་སྒྲ་སློང་བའི་སྔོན་འགྲོར་ངེས། །
གོང་གི་རྩོམ་ཡིག་དེ་བསྐུར་སྐབས་ཕྲན་གྱིས་མིང་འགོད་རྒྱུ་བརྗེད་འདུག་པས། འདིར་གངས་བུ་ཞེས་པའི་མིང་ཐོག་ནས་བཀོད་འདུག་ཀྱང་། དེ་ནི་ཕྲན་གྱི་གློག་འཕྲིན་ཁ་བྱང་ལ་གངས་བུ་རྩེན་དགའ་ཟེར་བས་དེ་གཞིར་བཟུང་གིས་བཀོད་པ་འདྲ། གང་ལྟར་ཀྱང་རྩོམ་ཡིག་འདི་ཁ་བརྡ་དྲ་རྒྱར་བཀོད་དེ་ཀློག་མཁན་དག་གི་མིག་མདུན་དུ་བཤམས་པར་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཕྲན་མིང་ལ་ཨ་རིག་འགྱུར་མེད་འབོད་ཀྱིན་ཡོད་པས་མིང་བརྗེ་བསྒྱུར་གནང་རོགས་ཞུ་ཞུ།
ཨ་རི་དང་ཡོ་རོབ་སོགས་ས་མཐའ་ན་ཡོད་པ་ཚོའི་ཆེད་དུ་ཤར་དུང་རིའི་རྩོམ་ཡིག་དག་དྲ་ངོས་འདིར་རེ་རེ་བཞིན་དགོད་རོགས་ཞུ། སྐུ་མཁྱེན། གསུང་མཁྱེན། ཐུགས་མཁྱེན། གལ་སྲིད་གླ་ཆ་ཞིག་དགོས་ན་ཡང་སྐུར་ཐབས་བྱེད་ཡ།
དྲ་བྱང་བསྐུར་དང་ངས་ཁྱེད་ལ་གཏོང་ཐབས་བྱེད། དེ་མིན་དེབ་དགོས་ཀྱང་བསྐུར་ཆོག
ཡ་ཧུའམ་ཨེ་མེལ་ཁ་བྱང་གང་རུང་ཡོད་ཚེ་ངས་བསྒྲགས་ཐོག་ནས་བསྐུར་ཀྱང་ཆོག
རིན་འབབ་སྐར་གང་ཡང་མི་དགོས། དངོས་གནས་ཡིན། གཙོ་བོ་ཁྱེད་ཅག་ལ་ཕན་རེ་ཐོག་ན་དེ་གས་འགྲིག
སྤྲུལ་སྐུ་ཤེས་རབ་སྡོང་པོ།
སྤྲུལ་སྐུ་ཀླུ་སྨྱོན་ཡེ་ཤེས་རྒྱ་མཚོ་ལགས། སྔོན་མ་ཁྱེད་ཀྱིས་བྲིས་པའི་འཁྲབ་གཞུང་ཞིག་ངས་བཀླག་མྱོང་། ཡག་པོ་ཞེ་དྲག་འདུག་པའི་ཚོར་སྣང་བྱུང་། གལ་ཏེ་ཁྱེད་ཀྱིས་འཁྲབ་གཞུང་དེ་ཚོ་ཀམ་པུ་ཊར་གྱི་ནང་དུ་བཅུག་ཡོད་ན་གློག་ཕྲིན་ཁ་བྱང་sherabdongpo@yahoo.comའདིའི་སྟེང་དུ་ང་ལ་གཅིག་བསྐུར་རོགས་ཞུ། ངས་འཁྲབ་གཞུང་ཞིག་མ་བྲིས་ཐབས་མེད་བྱུང་གི་འདུག་རུང་འཁྲབ་གཞུང་འབྲི་རྒྱུ་ལ་ཉམ་མྱོང་མེད་པས་ཞེ་དྲག་འབྲི་ཤེས་ཀྱི་མི་འདུག སྤྲུལ་པོ་སྤྲུལ་དགའ། ང་ཚོ་སྤྲུལ་སྐུ་སྤྲུལ་སྐུ་ནང་ཚགས་ལོས་ཡིན། ད་དུང་ངས་ཁྱེད་ལ་རྒན་ལགས་ཞེས་འབོད་ཆོག
goldenguru108@yahoo.com
ཨ་རིག་དགེ་བཤེས་ཆེན་མོ་ཚང་ལ་དྲ་བྱང་འདི་འཕྲོད་པའི་སྨོན་ལམ་འདེབས་པ་དང་།
སྤྲུལ་སྐུ་ཤེས་རབ་སྡོང་བོ་ལགས། ངའི་གློག་བརྙན་འཁྲབ་དང་པོ་་་་བོད་་དམར་པོ་ཁྲག་གི་བོད་་་་དེབ་དང་པོ་ཤམ་བྷ་ལའི་དུད་སྤྲིན་ནང་དུ་ཡོད་ལ་དེང་སྐབས་ཕལ་ཆེར་རྫོགས་ཚར་འདུག། གཉིས་པ་ཤམ་བྷ་ལའི་དམག་འཁྲུག་ཅེས་པ་དེ་དེབ་བདུན་པ་་མཐའ་མཇུག་གི་ངལ་གསོའི་གནས་ཞེས་པ་དེའི་ནང་དུ་ཡོད་པས། ཁྱེད་རང་རྒྱ་གར་ལ་ཡོད་ཚེ་འབྲས་སྤུངས་ཀླུ་འབུམ་པ་བླ་ནག་སྐལ་བཟང་རྒྱ་མཚོ་ལགས་སུ་འབྲེལ་བ་གནང་ན་དེབ་དེ་རིན་མེད་དུ་རེག་ཐུབ། ཡིན་ན་ཡང་དེབ་སྐུར་གླ་རེ་དགོས་ཀྱི་རེད་བསམ་གིན་འདུག ཁོང་གྲྭ་པ་གྲྭ་རྐྱང་ཞིག་རེད།
ཡི་གེ་ཆད་ནོར།
འཁྲབ། འཁྲབ་གཞུང་།
དམར་པོ་ཁྲག་གི་བོད། དམར་པོ་ཁྲག་གི་ༀ།
ཨོ། དྲ་བྱང་དེ་ནོར་འདུག ཏག་ཏག་དེ་ནི།
goldenguru108@gmail.com
རེད་འདུག མྱི་ལོ་ལོན་ཡིན་ན་འདིའི་སྐྱེ་བ་མི་ལེན་གི་ཞིག
ཨོ། དྲ་བྱང་དེ་ནོར་འདུག ཏག་ཏག་དེ་ནི།
goldenguru108@gmail.com
རེད་འདུག མྱི་ལོ་ལོན་ཡིན་ན་འདིའི་སྐྱེ་བ་མི་ལེན་གི་ཞིག
ཤར་དུང་རི་དེ་རྡོ་འབུམ་ཚང་ན་གཅིག་འདུག་ཀྱང་ཕབ་ལེན་བྱེད་མ་ཐུབ་ཐལ།
ཨ་ལགས་ཀླུ་སྨྱོན་ཚང་ལ་ཞུ་རྒྱུར། ཁྱེད་ཀྱི་ཟིན་བྲིས་དོ་ར་དེ་ངས་ཡང་ཡང་བསྔོགས་པ་ཡིན། ཁྱེད་ཀྱི་རྩོམ་རྙིང་པ་ཚོ་རག་ན་བརྐུ་རྒྱུའི་འཆར་གཞི་ཡོད་ཀྱང་རག་མ་སོང་། ངས་བསྔོགས་ཤེས་ཀྱི་མེད་པ་ཡིན་རྒྱུ་རེད་བསམ་མོད་ད་བལྟས་ན་ཁྱེད་ཀྱི་རྩོམ་རྙིང་ཚོ་དྲྭ་ཐོག་ཏུ་མེད་པ་རེད། རྩོམ་རྙིང་པ་ཚོ་ཡང་བསྐྱར་ཀམ་པུ་ཊར་ལ་བཅུག་ནས་ཀུན་གྱིས་ཀློག་ཐུབ་པ་ཞིག་གནང་ན་མི་དགའ་འམ། ཁྱེད་ཀྱི་རྩོམ་ཡིག་རྙིང་པ་ཚོ་ལ་བལྟ་འདོད་བྱེད་མཁན་མང་པོ་འདུག ཁྱེད་ལ་དུས་ཚོད་མེད་རུང་རྒྱ་གར་དང་བལ་ཡུལ་ན་ཀམ་པུ་ཊར་ལ་ཡི་གེ་རྒྱག་གླ་ལེན་མཁན་མང་པོ་འདུག་ག ཧ་ཧ། ངས་ང་རང་གི་དོན་བཤད་པ་མིན་ད། གཅིག་བྱས་ན་ཁྱེད་ཀྱི་འཁྲབ་གཞུང་ཚོ་དྲྭ་ཐོག་ཏུ་མ་སླེབས་གོང་ངས་དེབ་ངོ་མ་རག་སྲིད། ཁྱེད་ལ་འདྲི་རྒྱུ་ཞིག་ལ། དེང་རབས་ཀྱི་འཁྲབ་གཞུང་འབྲི་རྒྱུར་གཙོ་བོ་གང་ལ་སྦྱང་དགོས་པ་རེད། འཁྲབ་གཞུང་ཡག་ཤོས་གང་དང་གང་རེད། ང་ཨ་རིའི་གྲོང་གསེབ་ཅིག་ཏུ་སྐྱབས་བཅོལ་གྱི་ཡིག་ཆ་སོགས་མ་འགྲིག་པའི་སྡུག་བསྔལ་གྱི་འོག་ཏུ་སྒུར་བསྡད་ཡོད་སྟབས། དེབ་མང་པོ་བལྟ་ས་མི་རག་གི་ཡ། ཨ་ལགས་ཐུགས་རྗེ་ཅན། མ་ནོར་བའི་ལམ་སྟོན་ཞིག་གནང་རོགས། མ་འདྲིས་པའི་མཛའ་བཤེས་ཟེར་ན་འདི་འདྲ་ལོས་ཡིན་བསམ་རྒྱུ་ཞིག་བྱོས་དང་།
ཨ་ལགས་འདི་བ་ཚང་ཞལ་ཤོབ་ཚ་བ་ལ། ངོ་མ་དུས་རབས་གོང་མའི་ཡོ་རོབ་གླིང་གི་དབྱིན་ཇིའི་རྒྱལ་མོའི་མདུན་ནས་དགོད་བྲོའི་ཟློར་གར་སྣ་ཚོགས་འཁྲབས་མྱོང་མཁན་ཞིག་གི་སྐྱེ་བ་མིན་ནམ། དགོངས་དག ཞལ་རྩེད་ཞུས་པ་ཡིན། ངའི་རྩོམ་ཧྲུལ་དེ་དག་རེ་རེ་བཞིན་ཧི་མ་ལ་ཡ་ལག་བྱང་དུ་གཏོང་སྤྱད་བྱེད་རྩིས་ཤིག་ད་ཡོད་ཀྱང་། དེང་སང་ན་རྒས་རྫི་ལྡིབ་དང་དོན་མེད་བྲེལ་ཟིང་ཕྱི་མའི་བྲོ་སྒྲིག་སོགས་ཀྱིས་གཙེས་ནས་འདོད་ཐོག་ཏུ་རེ་ཞིག་མི་ཡོང་ན་ཡང་དལ་མོར་ལྟ་གི་ཡིན། ཨ་ལགས་ཁྱེད་ཚང་འཁྲབ་གཞུང་ལ་ཐུགས་སྣང་ཆེ་བ་འདི་ཡག་ཉེས་ཅི་ཞིག་གི་སྣ་འདྲེན་ཡིན་ཞུ་རྔོ་མི་ཐོགས་ཀྱང་། ང་ལྟ་བུར་མཚོན་ན་དང་པོར་སྤུས་ཀ་ཤིན་ཏུ་ཞན་པའི་སྒྲུང་གཏམ་ཁ་མེད་མིག་མེད་དུ་བྲིས་ཤིང་། བར་སྐབས་ཤིག་ནས་མིང་ལ་གློག་བརྙན་འཁྲབ་གཞུང་བཏགས་ཀྱང་དོན་ལ་ཟློས་གར་འཁྲབ་གཞུང་ཞིག་ལ་ཡང་མི་དོ་བའི་འཁྲབ་གཞུང་གཉིས་སྔ་རྗེས་སུ་ངོ་ཚ་རྒྱབ་ལ་དབྱུགས་ནས་བྲིས་པ་བྲིས་པ་ཡིན། ངའི་ཟུར་ལྟའི་དཔྱད་གཞི་ནི་གློག་བརྙན་གང་མང་ཞིག་དང་། ཡང་བོད་ཀྱི་རྩོམ་རིག་སྒྱུ་རྩལ་ཁག་ཅིག་གི་སྟེང་དུ་ཡོད་པའི་ལྷ་ས་བའི་ཁ་སྐད་ཅུང་མང་པའི་ཟློས་གར་འཁྲབ་གཞུང་འགའ་ལ་ཡང་རོབ་ལྟ་ལན་མང་བྱས། དེ་ནས་རང་གི་སེམས་ནང་གསོག་འཇོག་བྱས་པའི་བརྩམས་སྒྲུང་གི་བློས་བསླངས་སྣ་ཚོགས་ཀྱིས་ཟུར་བརྒྱན་ཏེ་འཁྲབ་གཞུང་དེ་གཉིས་འབྲི་ཁུལ་བྱས་པ་ཡིན། རབ་ཡིན་ན་ཨ་ལགས་ཁྱེད་ཚང་གིས་མི་སྣ་ཕན་ཚུན་གྱི་བར་སྐད་ཆ་མང་ཙམ་བཤད་རེས་བྱས་ཡོད་པའི་སྒྲུང་ཐུང་འགའ་བྲིས་ཏེ་མི་གཞན་ལ་སྟོན་གནང་མཛད་ན་ཡག་པོ་མིན་འགྲོ། གང་ཡིན་ཟེར་ན། སྔོན་ནས་ད་བར་འཁྲབ་གཞུང་འབྲི་མཁན་མང་ཆེ་བས་ཐོག་མར་སྒྲུང་རིང་ཐུང་གང་མང་ཞིག་བྲིས་པའི་ལོ་རྒྱུས་འདུག ཡིན་ན་ཡང་འདི་ནི་མཐའ་གཅིག་ཏུ་ངེས་པ་ཞིག་ཀྱང་ག་ལ་ཡིན་ཏེ། གཙོ་བོ་མི་རང་རང་གི་རྩོམ་རིག་གི་ཉམས་དང་རྟོགས་པ་སྐྱེ་ལུགས་ཤིག་ལ་ལྟོས་ཚབས་ཆེན་པོ་འདུག རྩ་བའི་རྩ་དོན་ལྟ་བུ་ནི་འཁྲབ་གཞུང་འབྲི་མཁན་ལ་མི་དྲན་རྒྱུ་རྒོད་པོ་ཞིག་དགོས་པ་ནི་དམན་ཆུང་ཁོ་བོའི་ཉམས་མྱོང་ཚད་མ་ལགས་སོ།།ཞུ་བྱ་གཞན་ཡང་མང་མོད་འདི་རུ་དེ་ཙམ་ལགས།
བདེན་པ་རེད་ལགས།
དེ་སྔོན་ནས་ཚང་མ་བཀླགས་ཟིན།
ངོ་མ་་་་་་་་་་་་་་ཤར་དུང་རིས་འུ་ཅག་གིས་འཁུར་མ་ནུས་པ་མང་བོ་ཞིག་ཁུར་ནས་ཐོན་བྱུང་ལ།
ཤར་དུང་རིས་འུ་ཅག་གིས་བརྗོད་མ་ཕོད་པ་དུ་མ་ཞིག་བརྗོད་བཞིན་ཐོན་བྱུང་།
ད་ཐེངས་ཀྱི་ཚོགས་ཆེན་ལས་ཀྱང་ཀློག་རིན་ཡོད་པ་ཞིག
ད་དུང་ཁོ་ཚོས་ཤར་དུང་རི་གསོན་ན་སྟོབས་དང་ལྡན་པར་གསོན་དགོས་ལ་འཆི་ན་འོད་དང་ལྡན་པར་འཆི་དགོས་ཟེར།
གོ་བྱུང་ངམ
ཕྱི་སྡོད་རང་དབང་ན་ཡོད་ཟེར་མཁན་གྱི་སྨྱུག་ཐོགས་པ་ཚོ་ལགས་་་་་་་་
ཨ་རིག་དགེ་བཤེས་ཚང་ལགས། ངའི་གློག་འཕྲིན་ཁ་བྱང་གོང་དུ་ཕུལ་ཡོད་པ་དེ་ཉིད་ཀྱིས་གཟིགས་བྱུང་ངམ། ད་ལྟ་ངའི་དྲ་དེབ་སྟོང་བ་རེད། ཉིད་ཀྱིས་གྲྭ་སའི་བྲེལ་ཟིང་གི་ཀློང་ནས་ཤར་དུང་རིའི་འདྲ་བཤུས་ཀྱི་བསྐུར་རྒྱུའི་ཞལ་བཞེས་གཙང་མ་གནང་བ་དེ་ཐུགས་བསྙེལ་གནང་བ་ཡིན་རྒྱུ་མ་རེད། དགེ་བཤེས་འདི་ཚོའི་ཐུགས་རིགས་བརྟན་པོ་དགའ་རབ་ཡོད་བསམ།
ཨ་རིག་འགྱུར་མེད་གྲྭ་པ་མིན་ལ་དགེ་བཤེས་ཀྱང་མིན། འོན་ཀྱང་། མཁྱེན་དགོས་པ་ཞིག་ལ་ཕྲན་གྱིས་གློག་འཕྲིན་ཞིག་བཏང་ཚར་ཡོད་ཀྱང་། ཁྱེད་ལ་འཕྲོད་མེད་པ་འདྲ། ངས་ཁྱེད་ལ་གློག་འཕྲིན་ནང་འདི་ལྟར་བྲིས་ཡོད། གུས་པར་ཤར་དུང་རིའི་དེབ་ཡོད་པ་ལས་ PDF བཟོས་པ་མེད་ཅིང་། སྐུ་ཉིད་ཀྱི་སྡོད་གནས་ཁ་བྱང་བསྐུར་ཚེ་ངས་དེབ་དཔར་བཤུས་ཤིག་སྦྲགས་ཁང་བརྒྱུད་གཏོང་ངེས་ཡིན་ཞེས་ཞུས་ཡོད། འོན་ཀྱང་། དེ་ཁྱེད་ཀྱིས་ཕྱག་ཏུ་འབྱོར་མེད་པ་འདྲ།
གང་ལྟར་ཁྱེད་ཀྱི་ད་ལྟའི་སྡོད་གནས་ཁ་བྱང་ཞིག་བསྐུར་ཐུབ་ཚེ་མི་རིང་བར་སྦྲགས་ཁང་བརྒྱུད་དཔར་བཤུས་ཤིག་བསྐུར་ཆོག དེ་དོན་ཐུགས་འཇགས་འཚལ་ལ། སྐད་འདི་སུས་གོ་ན་ཨ་ཁུ་ཀླུ་སྨྱོན་ནམ། ཡེ་ཤེས། ཁ་བ་དཀར་བོར་བཤད་པར་བཀའ་དྲིན་ཆེ།
སངས་རྒྱས་ཀྱི་དཔའ་རྟུལ་ཚོ་ཞེས་པའི་དེབ་དེ་ལྡི་ལིའི་མ་གཅིན་བཀྲུ་གླ་ཟེར་བའི་བོད་པའི་སྡོད་སྒར་དེ་ནས་ཉོ་ཐུབ་བམ།
ང་ལྡི་ལིར་་འགྲོ་ཐེངས་ཤིག་ལ་ཉོ་འདོད།
ཨ་ལགས་ཀླུ་ཁོ། ང་ཁྱེད་ཀྱི་གྲོགས་པོ་ཁ་པ་ཡིན་ཡ། ཁྱོས་ང་ངོ་མི་ཤེས་ནི་ཨི་རེད། ད་ཁྱོད་ངོ་མ་རྒས་སོང་ཟིག་འ། ངས་འཁྲབ་གཞུང་ཞིག་འབྲི་ཨེ་ཤེས་བལྟ་གི་ཡིན། ཞུ་དག་བྱེད་རོགས་ཆས་གོ ང་སྤྲུལ་སྐུ་ཡིན་ཟེར་གི་ཡོད་དུས་དབྱིན་ཇིའི་རྒྱལ་མོའི་མདུན་ནས་ཟློས་གར་འཁྲབ་མཁན་རེད་ཟེར་ན་ཅི་ཟེར་གི་ཡོད་ནི་རེད། ངོ་མ་སྤྲང་པོ་ཚོ་ལ་རྒྱབ་རྩ་ཞིག་མི་ཡེད་གི ཨ་རོགས། ཁྱོའི་ཁྲི་མཐོ་རུང་གྲོགས་པོ་བསྐྱུར་ས་ཨེ་ཡོད་མི་ཤེས། ཆུ་ངོགས་གཏམ་རྒྱུད་ནང་གི་ཀོའུ་ཆིའི་ལྟ་མ་ལེན་གོ
ཨ་རོ། གྲོགས་པོ་ཁ་པ་ཟེར་ན་སུ་རེད། གྲོགས་པོ་ཀ་ཁ་སུམ་ཅུའི་གྲངས་ཤིག་ཡོད་པས་ངས་ཁྱོད་ཤེས་མི་ཐུབ་ཀི་ཡ། ཁྱེད་ཀྱི་མཚན་ངོ་མ་བཤད་མི་ནུས་སམ། དྲ་ངོས་ནས་མི་ནུས་ན་ངའི་གློག་སྒམ་བརྒྱུད་ནས་བཤད་ན་ལོས་ཆོག
ཁྱེད་ཅག་གིས་དགོས་མེད་ཀྱི་སྐད་ཆ་འཁྱམས་པོ་སྡོམ་པོ་རེ་བཤད་ནས་མི་འདུག་པར། བརྗོད་གཞི་དང་འབྲེལ་ནས་ཤོད་དང་། དངོས་གནས་གླེང་རིན་ཆེན་པོ་འདུག་བསམ། ང་ཚོས་ཕྱི་ལོགས་ནས་སྐད་རྒྱག་པ་དང་གཞིས་ཀྱིས་ནང་ལོགས་ནས་ཚེ་སྲོག་གི་འགྲོ་གྲོན་གཏོང་བཞིན་ཡོད་ནའང། དེ་བས་ཀྱང་ཤར་དུང་རིས་དང་འབྲེལ་བའི་རྩོམ་ཡིག་སྤེལ་མཁན་འདི་ཚོས་ལས་ཀ་བྱེད་སྟངས་ནི་ཆོལ་གསུམ་བོད་མི་ཡོངས་ཀྱི་སེམས་ལ་བག་ཆགས་ཟབ་མོ་འཇོག་ཐུབ་པ་ཞིག་རེད།
སེམས་ཤིག་ཡོད་ན་མི་རབས་གསུམ་པ་ཡིན་ན་མ་རབས་གསུམ་པ་ཡིན་ན་ཆང་རྐྱལ་ལབ་རྐྱལ་གཡབ་རྐྱལ་དེ་ཚོ་གླེང་ནས་ཆུ་ཚོད་འཕྲོ་བརླག་ཏུ་མ་གཏོང་བར་ཤར་དུང་རི་དང་དེའི་སྟེང་དུ་དཔའ་ང་ཡིན་ཁོ་ཡིན་གྱིས་རྩོམ་ཡིག་སྤེལ་མཁན་གྱི་སྨྱུག་ཐོགས་པ་དེ་ཚོ་ཤོད་དང་།
ངས་བལྟས་ན་ང་ཚོ་ཚང་མ་མི་རབས་གསུམ་པ་རེད་སྙམ།
འོན་ཀྱང་སྙན་ངག་པའི་མི་རབས་གསུམ་པ་ཡིན་མིན་སྣ་ཚོགས་མཆིས།
དེ་ཚོ་གླེང་གི་གླེང་གིན་ད་གཟོད་ངོ་གདོང་རྗེན་པ་དེ་མཐོང་བྱུང་།
ཤར་དུང་རིས་ཤི་གསོན་གྱི་ཁ་དབུགས་ཁྲོད་ནས་ང་ཚོར་འདི་ལྟར་མི་་བའི་བརྟུལ་ཞུགས་བཟུང་དགོས་པའམ།
ཡང་ན་བོད་རྒྱ་ཆེའི་མི་མང་གི་མགྲིན་ཚབ་པ་ཞིག་བྱེད་མི་ཐུབ་པའི་ཚོར་བ་ཞིག་སྟེར།
ང་ཚོ་ནི་འདི་ལྟར་མིང་བྱང་རྫིག་པོ་འཁུར་བའི་གཞིས་ལུས་བོད་མིའི་མགྲིན་ཚབ་པ་ཞིག་ཏུ་གྱུར་མི་འདུག་གམ།
ད་ཁྱོད་ཚོས་ཉིན་མཚན་མཐུད་དེ་ཤར་དུང་རི་དང་ཤར་དུང་རི་ཟེར་ནས་གླེང་སོང་ཡང་དོན་ངོ་མར་ཤར་དུང་རིའི་ནང་དུ་རྩོམ་ཡིག་གནད་ཅན་གང་དང་གང་ཟེར་བ་བཀོད་ཡོད་པ་རེད། རྩོམ་པ་སུ་དང་སུས་བྲིས་པ་རེད། མ་མཐའ་ཡང་གནད་ཅན་ཁ་ཤས་ཤིག་ངོ་སྤྲོད་རེ་བྱེད་ཐུབ་ཀྱིན་མི་འདུག་གམ།