རྩོམ་པ་པོ། འཛམ་ཐང་ཉི་མ་ཚེ་རིང་། (འོས་སྦྱོར།)
འདི་ནས་ངས་རང་ཉིད་ཀྱི་སྐད་ཆ་ཞིག་བཤད་འདོད་བྱུང་སོང་། སྐད་ཆ་དེ་ནི་རང་མི་རིགས་འདི་ཉམས་རྒུད་ལ་འགྲོ་བཞིན་པའི་གནས་ཚུལ་ཞིག་དང་ལྷག་ཏུ་བོད་རང་གི་སྐད་ཡིག་འདི་རང་གིས་བེད་སྤྱོད་མི་བྱེད་པའི་ཐད་ནས་རང་གི་བསམ་ཚུལ་ཞིག་ཞུ་འདོད་བྱུང་། སྤྱིར་བཏང་གི་སྐད་ཆ་འདི་ནི་ང་ལྟ་བུའི་མི་ཆུང་ཆུང་ཞིག་གིས་བཤད་འོས་པ་ཞིག་མིན་ཏེ། ཡིན་ན་ཡང་། རྒྱ་ནག་གི་མཁས་དབང་ལུའུ་ཞུན་གྱིས་བཤད་པ་ལྟར། མི་རིགས་ཉམས་རྒུད་ཀྱི་དུས་སུ་ཀི་འདེབས་མཁན་གྱིས་ཀི་ཐོབས། ཤེད་འདོན་མཁན་གྱིས་ཤེད་ཐོན། དྲོད་ཅི་ཙམ་ཡོད་ན་འོད་དེ་ཙམ་སྤྲོས་ཤིག ཅེས་པ་ལྟར། ང་རང་ཉིད་ཀྱང་བོད་ཅིག་ཡིན་པའི་ཆ་ནས་བོད་ཉམས་རྒུད་ཀྱི་དུས་སུ་སྐད་ཆ་ཞིག་བཤད་འདོད་བྱུང་།
ཐོག་མར་ཡག་ཕྱོགས་ནས་བཤད་ན་བོད་ཀྱི་སློབ་མ་འདི་དག་ནི་བོད་ཀྱི་མ་འོངས་པའི་རེ་སྨོན་བཅོལ་ས་དང་ཡང་ན་མི་རིགས་འདིའི་རྒྱུད་འཛིན་ཡིན་ཟེར་ན་མི་ཆོག་པ་མེད་དེ། འོན་ཀྱང་། ངས་འདི་ནས་བཤད་བསམ་པ་ནི་དོན་དངོས་ཀྱི་སྐད་ཆ་ཞིག་ཡིན། ངས་བོད་ཀྱི་སྐད་ཡིག་འདོར་བ་དག་ནི་བོད་ཀྱི་སློབ་གྲྭ་བ་དག་རེད་ཟེར་དགོས་དོན་ཅི་ཡིན་ནམ་ཟེར་ན། དེ་ནི་ཕ་མ་དག་གིས་རང་གི་བུ་ཡིས་རིག་པའི་གནས་ལུགས་གཏིང་ཟབ་མོ་ཞིག་རྙེད་ཆེད་དམ་ཡང་ན་རང་གི་བུ་མི་ཡ་རབས་ཤིག་ལ་གཏོང་བའི་ཆེད་དུ་ས་ཐག་རིང་རེ་ལ་བསྐྱལ་ནས་སློབ་གྲྭ་འདོན་དུ་འཇུག་པ་འདི་ནི་དགའ་འོས་པའི་དོན་ཞིག་རེད་དེ་ཡིན་ཡང་། འདིའི་ཞོར་ལ་མི་དགའ་བའི་དོན་ཞིག་བྱུང་དང་འབྱུང་བཞིན་ཡོད།
སློབ་མ་མང་ཆེ་བ་རྒྱ་ཡུལ་ལ་སྐྱེལ་གྱིན་ཡོད་པས་དེ་ལ་འདུག་གནས་དང་ཡང་ན་མི་རིགས་ཀྱི་ཐད་ནས་རྒྱ་མི་དང་ལྷན་འགྲོ་ལྷན་འདུག་བྱེད་དགོས་དུས། ང་ཚོའི་མི་རིགས་འདི་སྤྱིར་བཏང་གི་རང་ཚུགས་མེད་པའི་མི་རིགས་ཤིག་ཡིན་པས་རྒྱ་སྐད་རྒྱ་ཡིག་ལ་བརྩོན་ནས་ཞོར་ལ་རང་སྐད་དང་རང་ཡིག་འདོར་གྱིན་ཡོད། ལྷག་ཏུ་སློབ་མ་འགའ་རེ་རང་ཡུལ་ལ་འབྱོར་དུས་རང་སྐད་ཡང་བརྗེད་སོང་བ་དངོས་མཐོང་ལག་ཟིན་དུ་གྲུབ་ཡོད། སློབ་མ་འགའ་རེས་རང་སྐད་དང་རང་ཡིག་བརྗེད་མེད་ན་ཡང་ཕ་ཡུལ་ལ་ཡོང་ནས་རྒྱ་སྐད་འགའ་རེས་ཉམས་འགྱུར་བསྟན་ནས་不好看,我爱你,ཟེར་ནས་རྫིག་ཉམས་བསྟན་ནས་སློབ་མ་དེ་ནི་ཁྱིམ་ཚང་དེའི་མི་ཚང་མས་རྒྱ་སྐད་ཤེས་རབས་དང་རྒྱ་ཡིག་ཤེས་རབས་མང་པོ་བཤད་ནས་མི་འཇོན་ཐང་ཅན་ཞིག་ལ་བརྩི་བཞིན་ཡོད།
ཁྱིམ་ཚང་དེ་ལ་སློབ་ཆུང་སློབ་མ་ཡང་ཡོད་པས། ང་ཚོའི་མི་རིགས་འདི་གཡམ་རྒྱུག་ལ་དགའ་བའི་སློབ་ཆུང་སློབ་མ་དེ་དག་གིས་གཡམ་རྒྱུག་བྱས་ནས་རང་གི་སྐད་ཡིག་མི་བཀོལ་བར་རྒྱ་སྐད་འགའ་རེས་རྫིག་ཉམས་སྟོན་གྱིན་གདའ། ལྷག་ཏུ་སྐད་འཕྲིན་འདི་དུས་རབས་འདི་ལ་སྤྱོད་སྒོ་ཆེ་བས་སློབ་མ་མང་ཆེ་བའི་སྐད་འཕྲིན་སྒོ་བྱས་ནས་དྲྭ་མིང་ལ་རྒྱ་ཡིག་རེ་དང་རྒྱབ་ལྗོངས་ལ་ཅི་ཞིག་སྤེལ་བ་ཡིན་ན་རྒྱ་ཡིག་ཏག་ཏག་སྤེལ་ནས་བོད་ཡིག་ཅིག་སྤེལ་བ་མིག་ལམ་ལའང་མཐོང་གིན་མི་འདུག
ལྷག་ཏུ་རང་དང་ཕ་ཡུལ་གཅིག་པའི་དྲྭ་གྲོགས་རེ་དང་འབྲེལ་བ་ཡིན་ན་རྒྱ་ཡིག་ཏག་ཏག་བསྐུར་བར་མ་ཟད་བོད་ཡིག་མི་ཤེས་ཟེར་ནས་རྫིག་ཉམས་སྟོན་གྱིན་འདུག འདི་ནི་ཧ་ཅང་ཡིད་སྐྱོ་བའི་གནས་ཤིག་ཡིན་ཏེ། འདི་ནི་རང་གི་རྒྱུད་འཛིན་མཁན་གྱིས་རང་གི་སྐད་ཡིག་དོར་བ་རེད། འདི་ནི་གཡམ་རྒྱུག་ལ་དགའ་བའི་བོད་ཀྱི་སློབ་མ་དག་གིས་རང་སྲོག་གཅོད་པར་གྲ་བསྒྲིགས་བྱེད་པ་མ་རེད་དམ། མི་རིགས་ཤིག་ཡུན་དུ་གནས་དགོས་ན་སྐད་ཡིག་ལ་གཅེས་སྤྲས་བྱེད་དགོས། སྐད་ཡིག་དེ་འཇིག་སོང་ན་མི་རིགས་དེ་རིམ་བཞིན་མེད་འགྲོ།
འདི་ནི་ངའི་རྣམ་རྟོག་ཅིག་མ་ཡིན་ཏེ། ཨུ་རུ་སུའི་མཁས་དབང་སུ་ཏཱ་ལེན་གྱིས། མི་རིགས་ཤིག་ལོ་རྒྱུས་ཐོག་ཡུན་རིང་གནས་དགོས་ན། དེའི་སྐད་ཡིག་བཀོལ་སྤྱོད་དང་འཕེལ་རྒྱས་གཏོང་དགོས། གལ་ཏེ་དེ་ལས་ལྡོག་སྟེ་མི་རིགས་ཤིག་རྩ་མེད་དུ་གཏོང་དགོས་ན། སྔོན་ལ་མི་རིགས་དེའི་སྐད་ཡིག་མེད་པར་བཟོས་ན་མི་རིགས་དེ་རང་བཞིན་གྱིས་མེད་པར་འགྲོ་སྲིད། ཅེས་གསུངས་པ་ལྟར་རང་གི་སྐད་ཡིག་ལ་དོ་སྣང་མི་བྱེད་པ་ཡིན་ན་རང་གི་མི་རིགས་ཡང་ཚར་འགྲོ།
མཇུག་གི་གཏམ། མཇུག་གཏམ་འདི་བརྒྱུད་དེ། ངས་བོད་ཀྱི་སློབ་མ་ཁྱེད་ཚོ་ལ་རེ་བ་ཞིག་ཞུ་འདོད་བྱུང་། མཇུག་གཏམ་འདིའི་ངས་བོད་ཀྱི་རྒྱུད་འཛིན་པ་དག་ལ་ལག་པ་སྙིང་ཁར་སྦྱར་ནས་གསོལ་འདེབས་ལན་གཅིག་བྱ། ཁྱེད་ཚོ་ནི་ང་ཚོའི་མི་རིགས་འདིའི་སྣེ་ཁྲིད་མཁན་དང་མགོ་སྐྱོང་མཁན་ཡིན་པས་ཁྱེད་ཚོའི་རང་གི་སྐད་ཡིག་འདི་དོར་བ་ཡིན་ན་ང་ཚོའི་མི་རིགས་ལ་འོད་སྣང་ཡོད་དམ། ཁྱེད་ཚོའི་རང་སྐད་འདི་དོར་བ་ཡིན་ན་ང་ཚོའི་སྐད་ཡིག་འདི་ཤིང་དུམ་ཞིག་ཡིན་ནམ།
ང་ཚོ་བོད་ཅིག་ཡིན་པའི་ཆ་ནས་ཐོག་དང་པོར་ཁྱེད་རང་མི་ཡུལ་ལ་སླེབས་དུས་རང་སྐད་བཤད་ནས་༼ཨ་ཕ། ཨ་མ།༽ཟེར་བཞིན་ཁྱེད་རང་གཉོམ་ལག་རྒྱས་པ་རེད། ད་ནི་མི་རིགས་གཞན་ཞིག་ནས་སྐྱེས་ཡོང་པ་ལྟ་བུའི་མགོ་ཡང་གི་ལས་ཀ་བྱས་ན་མི་རིགས་ཤིག་གི་སྣེ་ཁྲིད་མཁན་ཞིག་གི་ལས་ཀ་ཡིན་ནམ། མ་ཡིན་ཏེ། དེ་ནི་མི་རིགས་ཤིག་རྩ་མེད་ལ་གཏོང་བའི་ལས་ཀ་ཞིག་རེད། བོད་ཀྱི་སློབ་མ་ཞིག་ཡིན་ཕྱིན་མ་མཐའ་བོད་ཡིག་ཡག་པོ་ཞིག་ཤེས་ནས་རྒྱལ་ཁབ་གཞན་པའི་སྐད་ཡིག་ལ་བརྩོན་ན་ཕུན་སུམ་ཚོགས་པའི་བྱ་བ་ཞིག་རེད།
གླིང་སྲས་བོད་ཡིག་འཕྲིན་སྟེགས་ནས་དྲངས།
འཕགས་ཡུལ་ན་ལཎ་ཌ་ནས་བརྒྱུད་པའི་ནང་པ་སངས་རྒྱས་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་དཔྱིས་ཕྱིན་པར་འགྲེལ་བརྗོད་བྱེད་ཐུབ་མཁན་གྱི་སྐད་ཡིག་དེ་རང་རེ་བོད་ཀྱི་སྐད་ཡིག་ཡིན་པར་༧རྒྱལ་མཆོག་ཕྱག་ན་པདྨས་བཀའ་ལན་མང་གནང་ཡོད་ན། དེ་ལྟའི་སྐད་ཡིག་རྩ་ཆེན་དེ་མི་ཉམས་རྒྱུན་འཛིན་བྱེད་རྒྱུའི་འགན་རང་རེ་ཚང་མར་ཡོད་པ་ཡིན། དེས་ན་རང་རེ་བོད་ཀྱི་རྒྱལ་གླུ་དང་གཞས་ཚིག་སོགས་གཟའ་མཇུག་སློབ་གྲྭའི་སློབ་མ་རྣམས་ལ་དབྱིན་ཡིག་ཐོག་བྲིས་ནས་བསྐུར་གྱི་འདུག་པ་དེ་ལྟར་མི་གནང་བའི་རེ་བ་ཡོད། ཕ་མ་རྣམས་ཀྱིས་རང་རང་སོ་སོར་འཁྲི་བའི་འགན་ལྕི་པོ་དེ་ཡིད་ལ་བཅང་ནས་བུ་ཕྲུག་མཉམ་དུ་རྟག་ཏུ་བོད་སྐད་བསྐྱོན་རོགས་གནང་ཞེས་ཞུ་བ་འབུལ་བ་ལགས།