—-ཀླུ་སྨྱོན།
ཨ་མ་ཞིག་གི་ནུ་མ་ནུས་པ་དང་། །
ཨ་མ་ཞིག་གི་འོ་མ་བཏུངས་པ་ཡིས།།
ཨ་མ་ཞིག་གི་བཀའ་དྲིན་བརྗེད་དཀའ་བས།།
ཨ་མ་དག་ལ་བསྔགས་པའི་སྙན་ཚིག་འབྲི། །
ཨ་ཕས་མི་ནུས་ཟླ་དགུ་ཞག་བཅུར་ཁུར།།
ཨ་ཕས་མི་ནུས་བྲང་གི་ནུ་ཞོ་སྦྱིན། །
ཨ་ཕས་མི་ནུས་ཉིན་མཚན་དྲོད་ཀྱིས་བསྐྱངས། །
ཨ་མ་དག་གི་དྲིན་ལན་ཅི་ལྟར་གསབ། །
ཨ་མ་ཁྱེད་ཀྱིས་ཀ་ཁ་ཐོག་མར་བསླབས། །
ཨ་མ་ཁྱེད་ཀྱིས་སྒྲོལ་མ་ཐོག་མར་བསླབས། །
ཨ་མ་ཁྱེད་ཀྱིས་ཟ་མ་ཐོག་མར་བྱིན། །
ཨ་མ་དག་གི་བཀའ་དྲིན་བརྗེད་ཐབས་བྲལ། །
ཨ་མས་ང་ལ་སློབ་ཆུང་དཔེ་ཁུག་བཟོས། །
ཨ་མས་དེའི་ནང་རྩམ་རྡོག་སྣུམ་པོ་བཅུག །
ཨ་མས་འོ་སྤྲིས་ང་ཡི་ཁ་ངོ་ཕུར། །
ཨ་མ་གཞོན་པའི་དུས་དེ་དྲན་པ་ལ། །
ཨ་མས་ང་དང་ནུ་བོ་མདུན་རྒྱབ་ཁུར། །
ཨ་མར་སྨུག་སྤྲིན་ཀློང་དུ་ནོར་ལུག་འཚོས། །
ཨ་མའི་རྔུལ་ཆུ་གངས་དང་ཆར་བར་འདྲེས། །
ཨ་མའི་དཀའ་སྤྱད་ལོ་ཟླ་ལྷག་ཏུ་དྲན། །
ཨ་མ་ལས་ལ་བརྩོན་པ་ཤུགས་དྲགས་པས། །
ཨ་མའི་གཟུགས་གཞི་ནད་གཅོང་གྱུར་པ་ཡིས། །
ཨ་མ་རྒས་མ་རན་གོང་རྒས་པ་དེ། །
ཨ་མ་ཕལ་མོ་ཆེ་ཡི་མི་ཚེ་ཡིན། །
ཨ་མས་ང་ལ་སློབ་གྲྭར་ལམ་འཇུག་བྱས། །
ཨ་མས་བྲོ་ཁ་ཞིམ་པོ་ཡང་ཡང་བསྐུར། །
ཨ་མས་ཆུ་དཀོན་ལོ་དེར་ཆུ་དམ་བསྐུར། །
ཨ་མ་ཁྱེད་ཉིད་རྗེ་བཙུན་སྒྲོལ་མ་དངོས། །
ཨ་མའི་གཟུགས་གཞིས་ནད་ཀྱིས་རབ་མནར་ཏེ། །
ཨ་མ་ལོ་མང་ཉལ་སར་ལྷུང་ན་ཡང་། །
ཨ་མ་ཡོད་པས་སེམས་ཁོང་འཁྱག་མ་མྱོང་། །
ཨ་མ་ཁྱེད་ཉིད་དགུན་གྱི་མེ་ལྕེ་ཡིན། །
ཨ་མའི་བུ་ཆུང་མི་ལོ་ཉི་ཤུར་སོན། །
ཨ་མ་བཞག་ནས་མི་ཡུལ་འགྲིམས་ན་ཡང་། །
ཨ་མ་མ་དྲན་ཉི་མ་གཅིག་མེད་པ། །
ཨ་མ་ཁྱེད་ཀྱིས་ང་རང་དྲན་པ་བཞིན། །
ཨ་མ་ཐམས་ཅད་བརྩེ་བའི་གོང་བུ་ཡིན། །
ཨ་མ་ཡོངས་རྫོགས་དུང་བའི་རང་གཟུགས་ཡིན། །
ཨ་མའི་ཡན་ན་དྲིན་ཆེན་གཞན་ཞིག་མེད། །
ཨ་མའི་ཆེད་དུ་མི་ཚེ་དོན་ལྡན་བྱེད། །
སྤུན་མཆེད་ལྔ་དང་སྲིང་མོ་གཉིས་བཅས་བདག།
ཨ་མ་དྲིན་ཅན་མངལ་ནས་སྐྱེས་པ་ལགས།
བུ་ཕོ་གཉིས་ཀྱི་རྗེས་ལ་སྲིང་མོ་ཞིག
སྐྱེས་པ་ཐོས་ཀྱིས་མིག་གིས་མཐོང་མ་མྱོང་།།
་
ཨ་མས་ཉིན་མཚན་ཀུན་ཏུ་རང་སྐྱེས་དྲན།
བྱམས་དང་སྙིང་རྗེས་བུ་རྣམས་བསྐྱངས་པར་མཛད།
ཆིག་སྟོང་དགུ་བརྒྱ་དོན་བཞིར་ཨ་མ་སྙུན།
གཏན་གྲོགས་རང་ཕྲུག་གིས་བསྐོར་སྐུ་ཚེ་འདས།།
མི་རུ་སྐྱེས་ནས་མི་ཚེ་མ་ཟད་བར།།
མི་ཡི་ཡུལ་ན་བློ་ཡིས་མི་ཐོང་པ།།
མི་ཆོས་དམ་ཆོས་གང་ནས་བསམས་ཀྱང་རུང།།
མི་ལུས་གཅིག་ལ་དཀའ་དྲིན་གསབ་དཀའ་མ།།
གང་ཁྱོད་དྲན་ནས་མི་ལ་རས་པ་ངུས།།
གང་དེའི་ཆེད་དུ་རྒྱལ་བ་ལྷ་ཡུལ་འགྲིམས།།
གང་གིས་ཤངས་ཁྲག་རང་སྐུ་མ་ལ་བཞེངས།།
གང་ཆེ་སེམས་ནས་གང་ཁྱོད་བློས་མ་ཐོང་།།
མ་ལ་བུ་ཞིག་སྐྱེས་པའི་དགོས་པ་དང་།།
མི་ལུས་བླངས་པའི་དོན་ཆེན་མི་ཡུལ་ལ།།
མ་ཐུབ་མ་སྐྱོ་ཨ་མའི་དྲིན་བསབས་པར།།
མི་ཡུལ་འདི་ན་དམ་པས་དེ་ལ་བསྔགས།།
མ་གྱུར་རིགས་དྲུག་བསམ་དོན་ཚེ་གཅིག་མ།།
མ་ལུས་སེམས་ནས་བློ་ཡིས་མི་ཐོང་མ།།
མ་རིག་རྨོངས་པས་ཇི་ལྟར་རྨོངས་ཀྱང་མ།།
མ་ལུས་དྲིན་ལྡན་ཀུན་ལས་ཤེས་དགོས་མ།།
འཇིག་རྟེན་འཁོར་བའི་ཞིང་ས་སྣུམ་པོ་ལ།།
ཨ་མ་མེད་ན་བརྩེ་བའི་ཐན་པ་སྲིད།།
རིགས་རྒྱུད་ལྗང་མྱུག་སྙེ་མར་རྩྭ་ལྡུམ་མནར།།
ཨ་ཕས་ཇི་ལྟར་འབད་ཀྱང་འཁོར་བ་སྟོང་།།
ས་མཐར་འཁྱམས་ནས་ཨ་མ་འབོད་པ་ལས།
ཕ་སར་ཕྱིན་ནས་ཨ་མར་དྲིན་ལན་གསོབ།
སྙན་སྙན་ཚིག་གིས་བསྟོད་ཚོགས་མང་བྲིས་ཀྱང།
དེའི་ཨ་མའི་དྲིན་ལན་བསབ་མི་འགྱུར།
ཤོག་ཤོག་དཀར་པོའི་སྟེང་དུ་སྙིང་རྗེ་དང།
མཛེས་མཛེས་ཚིག་གི་འཕྲེང་བ་ལེགས་བསྟོད་པ།
བསམ་ན་ཁ་སྟོང་ནང་གི་ཚིག་སྟོང་པས།
མཐར་ཐུག་ཉིང་དགོས་འགྲུབ་རྒྱུར་མ་རེ་ཞིག
སྐྱེ་དང་སྐྱེ་བ་དཔག་མེད་ནས།
མཐའ་མེད་འཁོར་བར་རབ་འཕྱན་པས།
དེ་བཞིན་འཁོར་མེད་དྲིན་གྱི་མ།
འགྲོ་བ་ཀུན་ལ་དྲིན་ལན་གསོབ།
༄༅། དགེ་རྒན་དང་པོ་ཨ་མ་ཡིན། དྲིན་ཆེན་ཨ་མས་ལུས་འདི་བསྐྲུན།
གྲང་བ་མ་དང་དྲོ་བ་ཕྲུ་གུར་སྤྲད། ཞིམ་པ་བུ་དང་མ་ཞིམ་ཨ་མས་མཆོད།
ཨ་མས་དྲིན་ལན་མ་འཇལ་སེམས་རེ་སྐྱོ།
ཨ་མ་མཉམ་དུ་མེད་པ་སེམས་རེ་སྐྱོ།
སྐྱོ་སྡུག་བཤད་ས་ཨ་མ་མེད་པ་སྐྱོ།
འདི་བསམ་བཞིན་བསམ་བཞིན་སེམས་རེ་སྐྱོ།
སེམས་སྐྱོ་བའི་ངང་ནས་ལུས་འདི་རྗོགས།
ཚེ་ཕྱི་མ་གར་སོང་ཆ་མེད་རེད།