ཞི་བདེའི་ལང་ཚོས།
ཕྱི་ལོ་༡༩༥༩ ཟླ་༠༣ པའི་ཚེས་༡༠ ནས་བཟུང་ཡངས་ཤིང་རྒྱ་ཆེ་བའི་སའི་གོ་ལ་འདི་ཡི་སྟེང་དུ་ང་ཅག་གདོང་དམར་པ་རྣམས་ངོ་རྒོལ་གྱི་གྲུ་གཟིངས་ཀྱི་སྟེང་དུ་བཞོན་ཏེ་ལོ་ཟླ་དུ་མའི་རྒྱ་མཚོ་ཆེན་པོ་ལས་བརྒལ་ཟིན་ལ། རང་མི་རིགས་ཀྱི་ལ་རྒྱ་དང་། རང་མི་རིགས་ཀྱི་སྐད་ཡིག་ལ་བཅངས་བའི་དུང་སེམས་དེ་ཉིད་ནམ་ཡང་དོར་ཐབས་མེད་པར་རི་རྒྱལ་ལྷུན་པོ་ལྟར་སྲ་བར་གནས་ཏེ་ད་དུང་ཡང་ངོ་རྒོལ་གྱི་གྲུ་གཟིངས་ཀྱི་སྟེང་དུ་བཞོན་ཏེ་ལོ་ཟླའི་རྒྱ་མཚོ་ཆེན་པོའི་ཕ་རོལ་ཏུ་རྒལ་དང་རྒལ་མུས་ཤིག་རེད། མ་ཟད་ཇི་སྲིད་གངས་ཅན་གྱི་ལྗོངས་སུ་རང་དབང་གི་རྟ་བདུན་དབང་པོ་མ་ཤར་པའི་བར་དུ་ང་ཅག་གདོང་དམར་པ་རྣམས་ནམ་ཡང་ཡིད་ཐང་མ་ཆད་པར་རྟག་ཏུ་ངོ་རྒོལ་གྱི་གྲུ་གཟིངས་ཀྱི་སྟེང་བཞོན་ནས་ལོ་ཟླའི་རྒྱ་མཚོ་ཆེན་པོའི་ཕ་རོལ་ལས་བརྒལ་རྒྱུ་ཡིན་པ་ནི་ནམ་ཡང་བསུབ་ཐབས་མེད་པའི་འུ་ཅག་གདོང་དམར་པ་རྣམས་ཀྱི་དམ་བཅའ་ཞིག་རེད།
སྤྱིར་བཏང་ངོ་རྒོལ་ཞེས་པ་ནི། དག་ཡིག་གསར་བསྒྲིགས་ལས། ངོ་རྒོལ། མི་འཐད་པ་དང་མི་འདོད་པའི་བྱ་སྤྱོད་ཀྱི་མིང་སྟེ། བཙན་འཛུལ་ལ་ངོ་རྒོལ་བྱེད། ངོ་རྒོལ་བྱེད་པའི་བསམ་འཆར་དྲངས་ལྟ་བུ། ཞེས་གསུངས་པས། ངོ་རྒོལ་ཞེས་པ་ནི་མི་འཐད་པ་དང་མི་འདོད་པའི་བྱ་སྤྱོད་ཀྱི་དོན་ཡིན་པས། མདོར་ན་ང་ཚོས་རྟག་ཏུ་དགྲ་དམར་གྱི་བཙན་དབང་ལ་མི་འཐད་པ་དང་མི་འདོད་པའི་བྱ་སྤྱོད་སྤེལ་གྱི་ཡོད་ལ། བྱ་སྤྱོད་དེ་ཡང་དྲག་པོའི་དམག་གིས་བསད་གཏོར་འཕྲོག་གསུམ་གྱི་བྱ་སྤྱོད་མིན་པར་ཞི་བའི་ངང་ནས་འབོད་སྲེག་རྩོམ་གསུམ་གྱིས་ངོ་རྒོལ་བྱེད་བཞིན་ཡོད་དེ། ལ་ལས་རང་མི་རིགས་ཀྱི་དོན་དུ་མྱ་ངན་གྱི་ཚུལ་དུ་སྐད་འབོད་ཀྱི་ངོ་རྒོལ་བྱེད་ཀྱི་ཡོད་ལ། ལ་ལས་རང་ཉིད་ཀྱི་ལྷན་སྐྱེས་ཀྱི་རིག་པ་ལས་བྱུང་བའི་སྒྱུ་རྩལ་ཡོད་ཚད་བེད་སྤྱད་དེ་དགྲ་དམར་གྱི་བཙན་དབང་ལ་མི་འཐད་པ་དང་མི་འདོད་པའི་ངོ་རྒོལ་གྱི་ཚུལ་དུ་དཔྱད་རྩོམ་རབ་དང་རིམ་སྤེལ་བཞིན་ཡོད། ལ་ལས་ཐ་ན་རང་ཉིད་ཀྱི་རིན་ཐང་ཆེ་བའི་ཚེ་སྲོག་དེ་ཡང་བློས་གཏོང་བྱས་ཏེ་དགྲ་དམར་པའི་བཙན་དབང་ལ་མི་འཐད་པ་མི་འདོད་པའི་ངོ་རྒོལ་བྱེད་ཀྱི་ཡོད།
འོན་ཀྱང་དོན་དངོས་སུ་ང་ཚོས་ཅི་ཞིག་གི་དོན་དུ་ངོ་རྒོལ་བྱེད་བཞིན་ཡོད་དམ། ཞེས་ན། ང་ཚོས་ཅི་བཤད་ཅི་བྱས་ཀྱང་དོན་དངོས་སུ་ང་ཚོས་རང་དབང་གི་ཆེད་དུ་ངོ་རྒོལ་བྱེད་ཀྱི་ཡོད་ལ། ང་ཚོས་རང་དབང་ཆེད་དུ་ཡོད་ཚད་ནས་ཡོད་ཚད་བློས་གཏོང་བྱེད་ཀྱིན་ཡོད། མདོར་ན་རང་དབང་གི་དོན་དུ་རིན་ཐང་ཆེ་བའི་ཚེ་སྲོག་དེ་ཡང་ཕངས་མེད་དུ་བློས་གཏོང་བྱེད་ཀྱི་ཡོད་ཅིང་། མ་ཟད་རང་དབང་ནི་ཚེ་སྲོག་ལས་རིན་ཐང་ཆེ་བ་ཞིག་ཡིན་ཏེ། རང་དབང་ནི་ཚེ་སྲོག་གི་སྙིང་པོ་ཡིན་པས་སོ། །དེ་བས་ན་རང་དབང་ནི་ཚེ་སྲོག་གི་སྙིང་རྩ་ལྟ་བུ་ཡིན་ལ། རང་དབང་ནི་ཚེ་སྲོག་ནི་ལྟ་བྱེད་ཀྱི་མིག་དང་ཉན་བྱེད་ཀྱི་རྣ་ལྟ་བུ་ཞིག་དེ་བས་ཀྱང་ཡིན།
དེ་བས་ན། ཚེ་སྲོག་ནི་རང་དབང་གི་དོན་དུ་འཚོ་བཞིན་ཡོད་ལ། ཚེ་སྲོག་ནི་རང་དབང་གི་དོན་དུ་འཐབ་རྩོད་བྱེད་ཀྱི་ཡོད། ཚེ་སྲོག་ནི་རང་དབང་གྱི་དོན་དུ་དེ་བས་ཀྱང་བློས་གཏོང་བྱེད་བཞིན་ཡོད། དེ་བས་ན་ང་ཚོས་ཡོད་ཚད་བློས་གཏོང་བྱས་ཏེ་རང་དབང་གི་དོན་དུ་ངོ་རྒོལ་བྱེད་བཞིན་ཡོད་པས། ང་ཚོ་ནམ་ཡང་ཕམ་མི་སྲིད་ལ། ང་ཚོས་ཡོད་ཚད་ནས་ཡོད་ཚད་བློས་གཏོང་བྱས་ཏེ་རང་དབང་གི་དོན་དུ་ངོ་རྒོལ་བྱས་དང་བྱེད་བཞིན་པ་དེ་ཡང་ནམ་ཡང་སྟོང་ཟད་དུ་འགྲོ་མི་སྲིད།
ད་ནི་ཁ་བརྡ་ཚང་ལ་བྲོ་བ་མེད་གི། གཙོ་འཛིན་ཚོར་ཨ་ཁུ་ཚང་གིས་གདན་དམར་ཐོག་སྣེ་ལེན་བྱས་བ་ནས་བཟུང་འགྱུར་སོང་། བདེ་བར་སྨོན། ད་ནས་ཁ་བརྡ་ཚང་ལ་འཁོར་གི་མིན།
སང་ཉིན་ནི་ནམ་ཡང་བརྗེད་མི་རུང་།