དེ་དུས་ནི་སྤྱི་ལོ་ ༡༩༩༥ ལོའི་སྟོན་ཁ་ཡིན། གཉན་ཆེན་ཐང་ལྷ་ཟེར་བའི་ཚགས་པ་ཞིག་བལ་ཡུལ་ནས་རྒྱ་གར་ལྷོ་ཕྱོགས་སྙན་ངག་པ་གྲགས་ཅན་མང་པོའི་ཕ་ས་རུ་ཡོད་པའི་ངའི་ལག་ཏུ་འབྱོར་སོང་། ཚགས་པར་དེའི་ངོས་ཀྱི་བརྡ་སྦྱོར་ཞིག་གིས་ངའི་མི་ཚེར་འགྱུར་ལྡོག་ཆེན་པོ་ཞིག་བཏང་། དེ་ནི་བལ་ཡུལ་དུ་ཡོད་པའི་སྒོ་མང་གསུང་རབ་དཔེ་སྐྲུན་ཁང་དུ་བོད་ཡིག་གི་རྩོམ་སྒྲིག་པའམ་ཞུ་དག་པ་ཚད་ལྡན་ཞིག་དགོས་པ་དེ་རེད། སྒོ་མང་ཕྱག་མཛོད་གྲགས་པ་ལགས་དང་གྲོས་བསྡུར་ཐེངས་ཤིག་གི་རྗེས་སུ། ཉིན་ཤས་ཀྱི་འགྲུལ་ལམ་རིང་མོ་ཞིག་བརྒྱུད་དེ་སྟོན་ཆར་དང་གྲང་ཤུར་ཤུར་གྱི་སྨུག་ལོང་ཞིག་གི་ཁྲོད་བལ་བོའི་རྒྱལ་ས་ཀ་ཐུ་མན་ཀྲུ་རུ་ཡོད་པའི་སྒོ་མང་ནང་བསྟན་གསུང་རབ་དཔེ་སྐྲུན་ཁང་དུ་འབྱོར། འགན་འཛིན་ཨོ་སི་ཁྲོ་ལུ་ཡའི་གྲྭ་ཟུར་པིས་ཀྲར་དང་བཟོད་པ། ངག་དབང་བསྟན་འཕེལ་གསུམ་ནི་ལས་ཁུངས་ཀྱི་མི་སྣ་དང་ལས་བྱེད་ལྟེ་བ་རེད་འདུག ང་ལ་ཉལ་ཆས་མེད་པས་པིས་ཀྲར་གྱིས་ཁྲོམ་དུ་ཁྲིད་དེ་བར་འཚང་ཅན་གྱི་ཉལ་ཆས་མཐུག་པོ་ཞིག་ཉོས་པ་ལོ་མང་རིང་བེད་སྤྱོད་བྱས་པ་ཡིན།
སང་ཉིན་ཞོགས་པ་ནས་ལས་ཀ་མགོ་བཙུགས། ངའི་ལས་ཀ་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་གུང་ཐང་བསྟན་པའི་སྒྲོན་མེ། གཏེར་ཆེན་མཆོག་གྱུར་གླིང་པ་དང་ལྷ་བཙུན་ནམ་མཁའ་འཇིགས་མེད་སོགས་ཀྱི་གསུང་འབུམ་གློག་ཀླད་དུ་བཅུག་པ་དག་ལ་ཞུ་དག་བྱེད་རྒྱུ་དེ་རེད། གོ་བཞི་ལོར་ལྷ་སར་ཐེངས་གཉིས་པར་འབྱོར་དུས་ཆེས་ཐོག་མར་གློག་ཀླད་དང་དེའི་ནང་གི་བོད་ཡིག་མཐོང་བ་དང་། རང་གི་མི་ཚེའི་ནང་བོད་ཡིག་ཅན་གྱི་གློག་ཀླད་ཅིག་གི་ཁ་གཏད་དུ་ལས་ཀ་བྱེད་ཐུབ་པ་ཞིག་རྨི་ལམ་དུ་ཡང་ཤར་མ་མྱོང་། རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་སློབ་གྲྭའི་དགེ་རྒན་བྱས་པའི་སྐབས་སུ་ལྡུམ་ར་དུས་དེབ་ཀྱི་རྩོམ་སྒྲིག་པ་བྱེད་རིང་གློག་ཀླད་དང་ཐག་ཉེ་སར་བཅར་རྒྱུ་བྱུང་ཡང་ལག་འགུལ་ནས་གློག་ཀླད་སྤྱོད་རྒྱུ་མ་བྱུང་། ཡིན་ཡང་འདི་གར་ང་རང་ལ་དབང་བའི་གློག་ཀླད་ཅིག་འདུག་པས། ཞོགས་པ་དེར་མཐེབ་གཞུང་ནང་གི་བོད་ཡིག་ངོས་འཛིན་ལས་སླ་བོར་བྱེད་ཐུབ་པ་ཞིག་བྱུང་བས་པིར་ཀྲར་ཧ་ཅང་དགའ་སྟེ་ཁྱེད་རིགས་པ་ཡག་པོ་ཞིག་འདུག་ཅེས་ཁོང་གི་ཆུ་རྒྱུགས་རྒྱུགས་ཀྱི་བོད་སྐད་དེས་དེ་ལྟར་བརྗོད་བྱུང་།
ཉིན་ཤས་རྗེས་བལ་བོའི་མི་གཟུགས་རིང་རྒྱ་དང་ཨག་ཚོམ་ཧ་ཅང་རྫིགས་པོ་བཞག་ཡོད་པ། གཤིས་རྒྱུད་བབ་ཆགས་པ་དང་དབྱིན་སྐད་བཤད་ཤེས་མཁན་ཞིག་དང་བོད་པའི་གྲྭ་པ་གཟུགས་ཐུང་བལ་སྐད་དང་དབྱིན་སྐད་ཆུ་རྒྱུགས་པ་བཞིན་བཤད་ཐུབ་པ་གཉིས་ང་ཚོའི་ལས་ཁུངས་སུ་འབྱོར། ཁོང་གཉིས་ཀྱིས་གཉན་ཆེན་ཐང་ལྷ་ཚགས་པར་གྱི་པར་གཞི་ང་ཚོའི་ལས་ཁུངས་སུ་སྒྲིག་བཞིན་ཡོད་ཚུལ་བརྗོད་པ་དང་། ང་ལ་ཚགས་པར་དེ་སྐུར་མཁན་ཡང་བྱམས་པ་བློ་གསལ་ཞེས་པའི་སྐུ་ཞབས་ཁོང་ཡིན་ལུགས་བརྗོད་བྱུང་། བྱམས་པ་བློ་གསལ་ལགས་ཟླ་ཤས་སྔོན་རྡ་སར་འཚོགས་པའི་བོད་ཀྱི་རྒྱལ་ཡོངས་རྩོམ་པ་པོའི་ཚོགས་འདུར་ཕེབས་པ་དང་། ཚོགས་འདུ་དེར་ཞུགས་པའི་ཚོགས་ཞུགས་པ་ཚོའི་མིང་དང་སྡོད་གནས་ཤན་སྦྱར་གྱི་དེབ་ཆུང་ཞིག་ཡོད་པ་དེའི་སྟེང་གི་ཁོ་བོའི་མིང་ཐོག་ནས་གཉན་ཆེན་ཐང་ལྷ་ཚགས་པར་ཞིག་ལྷོ་ཕྱོགས་སུ་བསྐུར་པ་ཞིག་རེད་འདུག ཉིན་དེ་ནས་བཟུང་ངའི་མི་ཚེར་ཡང་སྐྱར་འགྱུར་བ་ཞིག་བྱུང་། དེ་ནི་རང་གིས་བྲིས་པའི་སྙན་ངག་དང་བརྩམས་སྒྲུང་དག་ཐད་ཀ་ཐད་ཀར་གཉན་ཆེན་ཐང་ལྷ་ཞེས་པའི་ཚགས་པར་འདིའི་སྟེང་དུ་སྤེལ་ཐུབ་པ་བྱུང་བ་དང་། ཀླུ་སྨྱོན་ཧེ་རུ་ཀ་ཞེས་པའི་ངའི་སྨྱུག་མིང་ཐེབས་ཆག་འདི་ཡང་ཧི་མ་ལ་ཡའི་རི་འདབས་ནས་གླིང་ཆེན་དང་གླིང་ཆེན་བར་ཁྱབ་པ་ཞིག་བྱུང་བ་ཡིན།
ལོ་ཤས་རིང་བྱམས་པ་བློ་གསལ་དང་ངེད་གཉིས་ཀྱིས་ཚགས་པ་དེའི་རྩོམ་སྒྲིག་བྱས་པ་ཞིང་། སྐུ་ཞབས་ཐ་པ་ལི་ཚགས་པར་གྱི་སྤྱི་ཁྱབ་འགན་འཛིན་བྱས། དཔལ་འབྱོར་གྱི་ཡོང་ཁུངས་ཀྱང་སྐུ་ཞབས་ཐ་པ་ཡིས་འགན་ཡོངས་རྫོགས་ཁུར། ཁོང་གིས་རྒྱ་གར་དང་བལ་བོའི་བོད་ཀྱི་བླ་ཆེན་རྣམ་པ་དང་ཚོང་པ་ཤེས་ལྡན་པ་སོགས་ལ་ཚགས་པར་ངོ་སྤྲོད་དང་འབྲེལ་དཔལ་འབྱོར་གྱི་མ་རྩ་འཚོལ་སྒྲུབ་བྱས་ཤིང་། དེའི་ཆེད་དུ་དཀའ་པ་དཔག་མེད་ཅིག་སྤྱད་དགོས་བྱུང་འདུག ད་ཆ་བསམས་ན་ཁོང་ནི་གསར་འགྱུར་མེ་ལོང་གི་རྩོམ་སྒྲིག་པ་སྦ་སྦུ་མཐར་ཕྱིན་གཉིས་པ་ཞིག་རེད་འདུག ཚགས་པར་ལ་ཞལ་འདེབས་སློང་ཆེན་ཐ་པ་ལི་གླིང་ཆེན་ཨ་མེ་རི་གར་ཡང་བསྐྱོད་དགོས་བྱུང་ཡོད།
རྩོམ་སྒྲིག་པ་དང་པོ་བྱམས་པ་བློ་གསལ་ལགས་ཀྱི་དབྱིན་བོད་ཧིན་ནེ་བཞིའི་སྐད་ཡིག་ཚད་ལྡན་ཡིན་པ་དང་། རྩོམ་སྒྲིག་པ་གཉིས་པ་གདུགས་དཀར་ཚེ་རིང་གི་བོད་རྒྱ་ཚད་ལྡན་ཡིན་པ་དེས་གཉན་ཆེན་ཐང་ལྷའི་གསར་འགྱུར་ལེ་ཚན་ལ་འོད་སྣང་སྤྲོས་ཤིང་། བོད་མི་དང་ཧི་མ་ལ་ཡའི་རྩོམ་པ་པོའི་རྩོམ་ཡིག་སྣ་ཚོགས་ཀྱིས་ཚགས་པར་འདིའི་རྩོམ་ཡིག་ལེ་ཚན་ལ་མཛེས་རྒྱན་སྤྲས། ཚགས་པར་འདི་ནི་བལ་ཡུལ་དུ་བཏོན་པའི་བོད་ཡིག་གི་ཚགས་པར་དང་པོར་དེ་ཡིན་ལ་མཐའ་མ་དེ་ཡང་ཡིན་ལུགས་ཐོས། ཚགས་པར་འདི་གོང་ས་ཏྰ་ལའི་བླ་མའི་གསོལ་ཅོག་སྟེང་བསླེབས་ཡོད་ལ། མཆོད་རྟེན་སྐོར་ལམ་གྱི་ཇ་ཁང་ཆུང་ཆུང་ཚོའི་ཅོག་ཙེའི་སྟེང་དུ་ཡང་བསླེབས་ཡོད། ཚགས་པར་འདི་ཨ་རིའི་རྒྱལ་སར་འབྱོར་ཡོད་ལ་འགྲམ་གྱི་ཉེན་རྟོག་ཁང་དུ་ཡང་འབྱོར་འདུག ཚགས་པར་འདིས་བོད་ཕྱི་ནང་གི་གནས་ཚུལ་མང་པོ་ཞིག་དུས་དང་དུས་སུ་བོད་མི་ཚོར་ངོ་སྤྲོད་བྱས་ཡོད་ལ། རྒྱལ་སྤྱིའི་གནས་ཚུལ་མང་པོ་ཞིག་ཀྱང་བོད་མི་ཚོར་མཁོ་སྤྲོད་བྱས་ཡོད།
རྗེས་སུ་གཉན་ཆེན་ཐང་ལྷ་གསར་ཁང་གི་དཔལ་འབྱོར་གནས་སྟངས་ཏོག་ཙམ་ཡར་རྒྱས་སུ་ཕྱིན་ཏེ་ལས་ཁུངས་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་སྐོར་ལམ་ནུབ་ཕྱོགས་སུ་ཡོད་པའི་ཁང་བརྩེགས་ཤིག་གི་རྩེགས་རིམ་གཉིས་པའི་ནང་དུ་གནས་སྤོ་བྱས་པས། ལས་ཀ་བྱེད་ཕྱོགས་ཐད་སྟབས་བདེ་རུ་ཕྱིན་པ་དང་། མཆོད་རྟེན་སྐོར་ལམ་ནང་མཐོང་ཐུབ་པའི་གཉན་ཆེན་ཐང་ལྷ་ཞེས་པའི་སྒོ་བྱང་ཆེན་པོ་ཞིག་ཀྱང་དཔྱངས་ཐུབ་པར་གྱུར།
རྗེས་སུ་བྱམས་པ་བློ་གསལ་དང་གདུགས་དཀར་ཚེ་རིང་གཉིས་ལས་ཀའི་བྲེལ་ཟིང་གིས་ཚགས་པར་འདི་དང་ཁ་ཐག་རིང་དུ་ཕྱིན། སྟབས་ལེགས་པ་ཞིག་ལ་རྩོམ་སྒྲིག་པ་གསར་པ་ཞིག་རྙེད། དེ་ནི་ངའི་གྲོགས་པོ་ཡག་པོ་དཀོན་མཆོག་ཡིན། ཁོང་ནི་སྙན་ངག་འབྲི་བ་ལ་སྤྲོ་བ་ཡོད་པ་དང་ཡུལ་སྐོར་འགྲུལ་བཞུད་པ་མཆོག་ཏུ་གྱུར་པ་ཞིག་ཡིན། ཁོའི་བོད་ཀྱི་ས་ཆ་མང་པོའི་ཡུལ་སྐོར་འགྲུལ་བཞུད་བྱས་པའི་སྐོར་གྱི་ངོ་མཚར་བའི་གཏམ་རྒྱུད་མང་པོ་ཞིག་ད་དུང་ཡང་ངའི་རྣ་ལམ་དུ་ལྷང་ལྷང་གྲགས། དེའི་ཁྲོད་ཀྱི་གཅིག་ནི་ངའི་ཁུ་བོ་འདྲེ་འདུལ་བར་གྲགས་པར་ཞིག་དང་ཁོང་གཉིས་གངས་རིན་པོ་ཆེའི་འདབས་སུ་འཕྲད་པ་དེ་ཡིན།
དེ་དུས་གཉན་ཆེན་ཐང་ལྷར་དཔལ་འབྱོར་གྱི་ཆ་རྐྱེན་ཧ་ཅང་ཞན་པས་པར་སྐྲུན་གྱི་ཐད་དཀའ་ཚེགས་ཆེ། དང་པོར་གློག་ཀླད་ནང་གསར་འགྱུར་སོགས་གཏགས་རྗེས་ཤོག་སྟེང་དུ་དཔར། དེ་རྗེས་ཤོག་བུ་དེའི་ངོས་ཀྱི་གསར་འགྱུར་དང་དེའི་མགོ་བརྗོད་སོགས་དྲས་ནས་གསར་ཤོག་གི་ཆེ་ཆུང་ཡོད་པའི་ཤོག་བུ་ཆེན་པོ་ཞིག་གི་སྟེང་དུ་འབྱར་རྩིས་སྦྱོར་དགོས། དེ་རྗེས་ཐ་པ་ལི་ཡས་པར་སྐྲུན་ཁང་ངོ་མར་འཁྱེར་དགོས། དཀོན་མཆོག་དང་ངེད་གཉིས་ཀྱིས་ལས་ཀ་འདི་སྒྲུབ་བཞིན་མཚན་ཕྱེད་ཕར་ལ་བསྐྱལ་བ་ཡང་ཐེངས་མང་པོར་བྱུང་།
གང་ལྟར་དཀོན་མཆོག་གིས་གཉན་ཆེན་ཐང་ལྷར་ལས་ཀ་བྱས་པ་དེས་ཚགས་པར་འདིའི་ཚེ་སྲོག་ལ་ཟུངས་ཁྲག་གསར་པ་ཞིག་བསྣན། དཀོན་མཆོག་ནི་ཐང་ཆད་རྒྱུ་མེད་པའི་མི་ཞིག་རེད། གོང་དུ་བརྗོད་པ་བཞིན་ཚགས་པར་འདིའི་དཔལ་འབྱོར་གྱི་ཡོང་ཁུངས་ལ་ངེས་གཏན་མེད་པར་ཞལ་འདེབས་ཁོ་ནར་བརྟེན་ཡོད་པས། ཟླ་བ་རེ་ཟུང་ལ་ལས་བྱེད་པར་གླ་ཆ་ཡོད་ན་དེའི་རྗེས་ཀྱི་ཟླ་བ་རེ་ཟུང་ལ་གླ་ཆ་སྤྲོད་རྒྱུ་མེད། ཡིན་ན་ཡང་དཀོན་མཆོག་གིས་གླ་ཆ་གཅིག་པོར་མི་བལྟ་བར་ཚགས་པར་དུས་ཐོག་ཏུ་འགྲེམ་སྤེལ་བྱེད་རྒྱུ་དེ་གཙོ་བོར་འཛིན་པས། གཉན་ཆེན་ཐང་ལྷ་ཞེས་པའི་ཚགས་པར་ཉམ་ཆུང་འདི་བདུན་ཕྲག་གཉིས་རེའི་མཚམས་སུ་མཆོད་རྟེན་སྐོར་ལམ་དུ་མངོན་ཡོང་། རྒྱལ་ས་ལྡི་ལི་དང་རྡ་རམ་ས་ལར་ཡང་བསླེབས་ཡོང་། ཝ་ཤིང་ཁྲོན་དང་ལོན་སྒྲོན་དུ་ཡང་འབྱོར་ཡོང་།
མདོར་ན་བོད་པ་སྡོད་སའི་འཛམ་གླིང་གི་ས་ཆ་མང་པོར་འབྱོར་ཡོང་། ང་དང་ཚགས་པར་འདིའི་བར་དུ་བརྩེ་དུང་ཟབ་མོ་ཞིག་ཆགས་པའི་རྒྱུ་རྐྱེན་མང་ན་ཡང་གཙོ་བོ་དེ་ནི་རང་ཉིད་རྩོམ་སྒྲིག་པ་ཡིན་པའི་རྩོམ་རིག་པདྨའི་དགའ་ཚལ་ཞེས་པའི་ལེ་ཚན་དེ་ཡིན་ཞིང་། ལེ་ཚན་དེ་བརྒྱུད་ནས་བོད་རིགས་དང་བོད་རིགས་མ་ཡིན་པའི་རྩོམ་འབྲི་བ་མང་པོ་ཞིག་གིས་སྙན་ངག་གིས་མཚོན་པའི་རང་རང་གི་བརྩམས་ཆོས་འགྲེམ་སྤེལ་ཐུབ་པ་བྱུང་ཡོད་ལ། ང་ལ་མཚོན་ན་རང་གིས་གང་བྲིས་ཐམས་ཅད་སྤེལ་ཐུབ་པའི་སྡིངས་ཆ་རང་དབང་ཆེན་པོ་ཡོད་པ་ཞིག་ཡིན། རྗེས་སུ་ངའི་ལས་གནས་རྒྱལ་ཡོངས་ས་ཆེན་གསུང་རབ་དཔེ་སྐྲུན་ཁང་དུ་སྤར་ཏེ་བདག་ཆེན་ཨ་མེས་ཀུན་དགའ་བསོད་ནམས་མཁན་ཆེན་ངག་དབང་ཆོས་གྲགས་སོགས་ཀྱི་གསུང་འབུམ་ཞུ་དག་གི་ལས་ཀ་སྒྲུབ་དུས་ཀྱང་གཉན་ཆེན་ཐང་ལྷའི་རྩོམ་རིག་ལེ་ཚན་དེའི་རྩོམ་སྒྲིག་པ་མུ་མཐུད་དེ་བྱས།
རྗེས་སུ་ང་རང་ཨ་རིར་འབྱོར་བ་ནས་བཟུང་གཉན་ཆེན་ཐང་ལྷའི་སྐོར་ཕལ་ཆེར་འབྲེལ་ལམ་ཆད་པར་གྱུར། དེ་རྗེས་དཀོན་མཆོག་ཀྱང་ཨ་རིར་བསླེབས། ཡིན་ཡང་དཀོན་མཆོག་གིས་ཨ་རི་ནས་གཉན་ཆེན་ཐང་ལྷར་མུ་མཐུད་དེ་རོགས་རམ་བྱེད་ཀི་ཡོད་ལུགས་ཐོས་པས། ངས་རང་གིས་གཉན་ཆེན་ཐང་ལྷར་རོགས་རམ་བྱེད་མ་ཐུབ་པར་གནོངས་འགྱོད་སྐྱེས་ལ། དཀོན་མཆོག་གི་ཕྱི་ཐག་རིང་པོ་དེར་རྗེས་སུ་ཡི་རང་ཡང་ཡང་སྐྱེས། དེའི་རྗེས་ཀྱི་ལོ་ཟླ་ཁ་ཤས་རིང་ལན་རེར་གཉན་ཆེན་ཐང་ལྷ་ཞེས་པའི་བརྗེད་དཀའ་བའི་ཚགས་པར་འདི་ཚར་རེ་ཟུང་མཇལ་རྒྱུ་བྱུང་། འདས་པའི་ལོ་ཤས་རིང་རྩ་བ་ནས་མ་མཐོང་། ལོ་ཤས་སྔོན་ཚགས་པར་གསར་བཏོད་མཁན་ཐ་པ་ལི་སྐུ་གྲོངས་པའི་གནས་ཚུལ་ཐོས། ཁོའི་དཀའ་སྤྱད་དང་ལྷག་བསམ་ལ་རྗེས་དྲན་བྱས། དེ་བཞིན་བྱམས་པ་བློ་གསལ་དང་གདུགས་དཀར་ཚེ་རིང་། དཀོན་མཆོག་བཅས་ཀྱི་བྱས་རྗེས་ལ་ཡང་དྲན་གསོ་བྱེད་འོས། དེ་རྗེས་བཀྲ་ཤིས་ཞེས་པ་ཞིག་གིས་ཚགས་པར་འདིའི་རྩོམ་སྒྲིག་བྱེད་བཞིན་ཡོད་ལུགས་ཐོས། ཡིན་ཡང་དེང་སྐབས་ཚགས་པར་འདི་ད་དུང་མུ་མཐུད་འདོན་སྤེལ་བྱེད་བཞིན་ཡོད་མེད་ཐོས་རྒྱུ་ཙམ་ཡང་མི་འདུག
གཉན་ཆེན་ཐང་ལྷ་ནི་བོད་ཀྱི་དུས་བབ་ལྟ་བུའི་པར་ངོས་ཇུས་འགོད་དང་གསར་འགྱུར་གྱི་སྤུས་ཀ་སོགས་ཚད་ལྡན་གྱི་ཚགས་པར་ཞིག་མ་ཡིན་མོད། དེས་ཧི་མ་ལ་ཡའི་རི་འདབས་སུ་བཞག་པའི་དོན་དངོས་ཀྱི་ཞབས་རྗེས་རེ་རེ་ནི་ནམ་ཡང་འོད་དུ་འཚེར་བ་ཞིག་ཡིན། དེས་བཀྲོལ་བའི་གསར་འགྱུར་གྱི་སྒྲ་དབྱངས་རེ་རེ་ནི་ནམ་ཡང་སྙན་ཞིག་འཇེབས་པ་ཞིག་ཡིན། དེ་བས་ཀྱང་ལོ་ཤས་སྔོན་སྐུ་གྲོངས་ཟིན་པའི་སྐུ་ཞབས་ཐ་པ་ལི་ཡའི་རྨ་མེད་པའི་ལྷག་བསམ་གྱི་རི་མོ་རེ་རེ་བཞིན་བོད་མི་མང་པོ་ཞིག་གི་སེམས་ཁོང་དུ་བསུབ་ཐབས་བྲལ་བ་དང་། ཚགས་པར་འདིའི་རྩོམ་སྒྲིག་པ་རིམ་བྱོན་གྱི་དཀའ་སྤྱད་ཀྱི་རྔུལ་ཆུའི་ཐིགས་པ་རེ་རེ་ཡང་ལོ་རྒྱུས་ཀྱི་ས་ཆེན་པོའི་གཏིང་རུམ་དུ་སིམ་བསྡད་ཡོད་དོ།།
ཧ་ཅང་སྙན། ཆ་ཚང་བཀླགས། འབྲི་དགོས་ན་དོ་ཟླ་ཟིག་མེད་ཀི། །
༄༅། ཡ་ཡ། བལ་ཡུལ་དུ་གཉན་ཆེན་ཐང་ལྷ་ཞེས་པ་བོད་ཡིག་ཚགས་པར་འདོན་སྤེལ་གནང་མཁན་
བལ་པོའི་མི་རིགས་སྐུ་ཞབས་ཐ་པ་ལི་ཞེས་པ་སྐུ་གཟུགས་རིང་ཞིང་ཨ་ར་རིང་པོ་ཡོད་མཁན་དེ་བོད་
པའི་གཞིས་ཆགས་ཁང་དང་དགོན་པ། སློབ་གྲ་ཁག་ལ་ཆེད་ཕེབས་གནང་ནས་ཚགས་པར་ཚོང་
འགྲེམས་གནང་ནས་སྐུ་ལས་མང་པོ་ཞིག་བསྐྱོན་གནང་སོང་བ་དེའི་སྐབས་བདག་ཀྱང་བལ་ཡུལ་དུ་
ཡོད་། སྐུ་ཞབས་ཐ་པ་ལི་ངས་ངོ་ཡག་པོ་ཤེས་ཀྱི་ཡོད། དེའི་སྐབས་ཁོ་པས་བོད་པའི་སྡོད་གནས་ག་ས་ག་ལ་ཕྱིན་
ནས་ཚགས་པར་ཚོང་འགྲེམས་ཧུར་ཐག་གནང་སྐབས་ངས་ཁོ་པའི་རྒྱབ་ལྗོངས་ག་རེ་ཡིན་ནམ་བསམས་
ཀྱི་ཡོད། ཚགས་པར་དེ་དེ་ཙམ་གྱི་ཚོང་འགྲེམས་ཐུབ་ཀྱི་ཡོད་པ་མ་རེད། ག་རེ་རེད་ཟེར་ན་་་བོད་པ་ཚོ་
ཚགས་པར་ཀློག་པར་དེ་ཙམ་གྱི་དོ་སྣང་ཡོད་པ་མ་རེད།
ད་ཆ་ཁོ་པ་འདས་གྲོང་སོང་འདུག་པ་གུས་འདུད་ཞུ།
ཚགས་པར་དེ་འདྲ་ཞིག་མཐོང་མྱོང་ག་བ། གོ་མྱོང་ཡང་མེད།
ཕལ་ཆེར་ཡག་པོ་ཞིག་མེད་ཡིན་ས་རེད།
གཉན་ཆེན་ཐང་ལྷ།
གཉན་ཆེན་ཐང་ལྷ། ཞེས་པའི་གསར་ཤོག ཅིག་བལ་ཡུལ་ནས་འཐོན་པ་ཐོས་ཀྱང་། མཐོང་མེད། ཀ་ལོན་བུག་ཏུ། ཁུ་ནུ་པ་བ་བུ་མཐར་ཕྱིན་གྱིས། སྣག་ཚ་བུ་རམ་གྱི་ཆུ་ལྟ་བུས་བྲིས་པ་ན། དེ་ཡིས་ཤོག་བུར་རྡོལ་པ་ཤོར་ཏེ་ཚགས་མ་བཞིན་ཆགས་པས་བཏོན་པའི་གསར་ཤོག་ལ། ཚགས་པར། ཟེར། ཀ་བུག་ནས་འཐོན་པའི་གསར་ཤོག་ལ། ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་། ཟེར། ང་གཙང་དུ་ཡོད་སྐབས། གསར་ཤོག་དེ། ཚགས་པར་མ་མ་ཡིན་པར་ལྕགས་འབྲུས་སྤར་པའི་གསར་ཤོག་འགྲུལ་པ་རེ་གཉིས་ཀྱིས་ཁྱེར་འོངས་པ་ལན་འགའ་རེར་བཀླགས་པ་ཡིན། དིང་སང་། ཚགས་སྤར་དང་ལྕགས་འབྲུ་སྒྲིག་དགོས་པ་ཡང་མེད། གློག་ཀླད་དུ་ལས་སླ་བས་འབྲི་བ་དང་གཞན་དུ་སྐུར་ཐུབ། ད་དུང་ལོ་ཁ་ཤས་མ་ཤི་བར་ལུས་ན། གང་གང་མཐོང་འོང་། ངེས་མེད་ལགས། གསར་ཤོག་ནི། སྐད་གང་ཡིན་ལུས་པ་དང་། ཡུལ་ཕྱོགས་སོ་སོའི་གནས་ཚུལ་ཤེས་པས་རང་རང་གི་བློ་གྲོས་རྒྱས་པ་ལ་མཆོག་ཏུ་འགྱུར་བ་ཞིག་ལགས་སོ།