—–ཨ དོན་ཉི།
དཔའ་རྟུལ་གྱི་རྭ་ཅོ་གྱེན་དུ་བརྩེངས་བའི་ས་སེར་མཐོ་སྒང་གི་འབྲོང་རུ་དམར།
གནའ་སྔ་མོའི་དུས་སུ་ངམ་གནག་གི་ལོ་ཟླའི་ཕྲེང་ནས་རླུང་ཆར་གྱིས་རབ་ཏུ་འདུལ་ཀྱང་།
ཡེ་ནས་ཐུལ་མྱོང་མེད་པ་དེ་ཁྱེད་ཀྱི་ཁེར་ཚུགས་ཀྱི་ངོ་རྒོལ་སྙིང་སྟོབས་ཡིན།
གནམ་ས་ཐོད་ཐུག་པར་བྱེད་པའི་རླུང་དམར་དྲག་ཤུལ་གྱིས་ལྡང་འོང་དུས། འབྲོང་རུ་དམར། ཕོ་བྲང་གི་མདུན་ཐད་ནས་རང་གཤིས་ཀྱི་རྟུལ་ཕོད་ཁུར་ནས་འདུག་ཚུགས་པ་ཡིན།
ཐོག་སེར་རྔམ་སྟུག་གིས་བརྒྱབ་འོང་དུས།
འབྲོང་རུ་དམར། ས་ཆེན་གྱི་སྒལ་བར་བརྟན་ཆགས་སེ་ཙོག་ནས་གནས་མི་སྤོ་མཁན་ཞིག་ཡིན།
འབྲོང་རུ་དམར། མ་གཞི་དབེན་སྟོང་གི་རྩྭ་ཆུར་རོལ་བའི་སྟོབས་ཤུགས་གཅིག་སྒྲིལ་གྱི་མཉམ་སྒྲོག་རོལ་མོ་ཡིན།
མཐོ་སྒང་གི་རྫ་སུལ་ཉུལ་བའི་སེར་སྦྲེངས་དུང་འབུད་ཀྱི་ཞི་བའི་རུ་དཔུང་ཡིན།
འབྲོང་རུ་དམར། གདུག་རྩུབ་ཀྱི་མདེལ་ཆར་དྲག་པོས་ཁྱོད་ཀྱི་རང་དབང་གི་གཞིས་ཀ་འཕྲོག་ཅིང་། གཞན་ཡུལ་དུ་བཙན་པོར་དབྱུང་ནའང་། རྫ་སྒང་དང་རི་ལུང་ན་དཔའ་སྤོབས་ཀྱི་ཟེ་བ་བཏེགས་པའི་དབྱངས་རྟ་ངར་མ་དེ་ད་དུང་ཡང་ཁྱོད་ཡིན།
འབྲོང་རུ་དམར། ཞེ་འཁོན་གྱི་གཅོང་ནད་ཕོག་པའི་གྲུ་གཟིངས་ཁེར་རྐྱང་ཁྱོད། དུས་རབས་ཀྱི་ཉེན་ཁའི་འགྲམ་ནས། ཚེ་སྲོག་གི་ཤུགས་གླུ་རིང་མོ་སྙིང་རྩིད་ཤིག་ཤིག་གིས་ལེན་པར་གོམས་ཡོད།
གཡུལ་འཛིང་གི་ཕམ་ཁ་ལས་བྱུང་བའི་གླུ་སྐད་དམར་པོ།
གངས་རིའི་ཁོང་གསེང་དུ་འཁྱིལ་བའི་རྒྱལ་ཁའི་བྲག་ཅ་རུ་བརྡབས།
གཡུལ་འཁྲུག་གི་སྒྱོགས་རྡོའི་མདུན་ནས་བྱམས་བརྩེའི་ཁུ་ཚུར་འདེགས་པའི་འབྲོང་རུ་དམར།
དུད་སྤྲིན་ལང་ལོང་དུ་འཕྱུར་བའི་མེ་མདའི་ཁ་ནས་ཀྱང་།
ས་གཞི་རྨིག་པས་བརྫིས་པའི་གོམ་སྒྲ་ལྗིད་ཏིག་ཏིག་ཏུ་གྱུར།
འབྲོང་རུ་དམར་ཁྱོས། རྫ་ཁྲ་ཡག་གི་གཞིས་ཁྱིམ་ཚེ་སྲོག་གིས་སྲུང་ཞིང་རྒྱབ་རི་ལ་བཞེངས་ཏེ། དུས་རབས་ཉེར་གཅིག་པའི་སྒོ་ཁར་དཔྱོད་ཤེས་ཀྱིས་སླེབས་བྱུང་།
འབྲོང་རུ་དམར་ཁྱོས། རང་སྲིད་རང་སྐྱོང་གི་ངུར་ཆུང་ལྷང་ལྷང་དུ་སྒྲོག་བཞིན། ཚོན་མདོག་གི་ཞོལ་རྩིད་རིང་བོ་གནམ་སའི་མཚམས་ལ་བསྒྲེངས།
འབྲོང་རུ་དམར་ཁྱོས། ཟབ་ལ་དོག་པའི་མགོ་ཐོག་གི་དར་ཚོན་སྣ་ལྔ། མཐོན་མཐིང་གི་མཁའ་དབྱིངས་སུ་བྲིས་ནས་ཕ་རོལ་བོར་ཡ་ལན་སྤྲད།
ས་སེར་མཐོ་སྒང་གི་པང་ན་འཚོ་བ་རོལ་བའི་འབྲོང་རུ་དམར་ལ།
ལོ་རྒྱུས་ཀྱིས་བཞག་པའི་སྙིང་ནད་སོག་སོག་འགུལ་དུས།
རྒྱུ་འབྲས་ལ་རྡོག་རོལ་གཏོང་མཁན་གྱི་དྲག་སྤྱོད་པར་ཕར་རྒོལ་བྱེད་ཕོད་པའི་སྙིང་གསོན་པོ་ཡོད།
འབྲོང་རུ་དམར་ལ། དུས་རབས་ཀྱི་རྒྱལ་ཕམ་ཀློང་ནས་ཁེར་རྐྱང་དང་དབུལ་ཕོངས་ཀྱི་མུ་གེ་བྱུང་ན་ཡང་། འུ་ཐུག་ཐབས་ཟད་ཀྱི་སྡུག་སྨྲེ་བཏོན་མྱོང་མེད།
སྡེ་གཟར་གྱི་རྫས་དུད་ཀློང་ནས་རྨ་ཁ་དང་ན་ཟུག་རྒོད་ནའང་བག་ཉལ་གྱི་མིག་ཆུ་བཞུར་མྱོང་མེད།
འབྲོང་རུ་དམར་དེ་ལས་ལྡོག་སྟེ། ཚེ་སྲོག་གི་བརྟུལ་ཞུགས་མཐོན་པོར་བཏེགས་ནས་ས་ཆེན་གྱི་ཐོང་གར་ཧར་གྱིས་འགྲེང་མཁན་ཞིག་ཡིན།
འབྲོང་རུ་དམར་ཁྱོས། དེ་ལྟར་གསེར་མདོག་གི་བརྟན་བརླིང་ཁུར་ནས། གདོད་མའི་རི་གསེབ་ཞིག་ནས་གཤར་འོངས་པ་ཡིན་ཞིང་།
ལོ་རྒྱུས་ཀྱི་མེ་སྟག་རྭ་བར་ལ་བཅུག་ནས་མཐོ་སྒང་གི་རྒྱལ་ཁམས་ཧྲིལ་བོ་གཞིས་ལ་ཕབ་པ་ཡིན།
གནའ་སྔ་མོར་ས་སེར་མཐོ་སྒང་གི་འབྲོང་རུ་དམར་ལ།
བློ་གྲོས་དང་སྙིང་སྟོབས་ཀྱི་རྫི་གསང་དོད་པོ་འགི་བས།
དགྲ་ཇག་གིས་ཚུར་རྒོལ་བསྟུད་མར་བྱས་ཀྱང་།
རང་གྲུབ་ལྷན་སྐྱེས་ཀྱི་རྩིད་ཤོམ་ལ་སུས་ཀྱང་རྣོ་གྲི་མི་ཞོག
སྒམ་དཀྱེལ་བག་ཡངས་ཀྱི་མཁས་མཛངས་ལ་ནམ་ཡང་གཞོམ་གཞིག་བྲལ།
འབྲོང་རུ་དམར། ས་སེར་མཐོ་སྒང་གི་གཞི་འཛིན་དང་པོ་ཁྱོད།
དུས་ཚོད་ཀྱི་སྔ་ཕྱི་གང་དུའང་། རང་གཤིས་ཀྱིས་ཀུན་ནས་གདུང་བའི་དེ་རིང་གི་སྐབས་འཚོལ་པ་ཚོ་དང་འདྲ་ལེ་མིན།
འབྲོང་རུ་དམར། མེས་པོའི་ཞི་རྒོལ་གྱི་རྟོགས་བརྗོད་རིང་མོ་ཁྱོད།
ཉི་ཟླའི་འཆར་ནུབ་གང་དུའང་།
སྐྱབས་ཞུ་ལ་ཡོངས་སུ་འབོངས་བའི་དེ་རིང་གི་བྲན་གཤིས་ཅན་ཚོ་དང་བསྡུར་ཐབས་ཡེ་ནས་མེད།
འབྲོང་རུ་དམར་ལགས། རྩྭ་ཐང་གི་རྒྱ་ཁྱོན་ལྟ་བུའི་ཁྱོད་ཀྱི་སྟོང་སིང་སིང་གི་བར་སྣང་ནས།
དམངས་གཙོ་ཡང་དག་དང་རང་དབང་གཙང་མའི་ཡིག་དྲུག་གི་ཆོས་འཁོར་སྐོར་ཤོག
དཔྱོད་ཤེས་རྒྱང་འབོད་དང་འགན་འཁྲིའི་ཡོ་ལངས་ཀྱི་མྱི་སྐད་མཆེད་ཤོག
ང་ཡི་འབྲོང་རུ་དམར་ལགས།
དད་པ་དག་སྣང་གི་ཀློང་ན་གཉིད་པའི་མི་རབས་འདི་སྙིང་རྗེ་མེད་པར་དཀྲོགས་ཤོག
བག་ཆགས་རྙིང་རུལ་གྱི་དབྱིངས་སུ་འཐོམ་པའི་མི་རབས་འདི་ཕྱིར་ལྟས་མེད་པར་སྒུལ་ཤོག
༢༠༡༧/ ༣ ༩
འབྲོང་མཐོང་མ་མྱོང་། ཚོར་མྱོང་། ང་བྱིས་པའི་དུས་སུ། དྲིན་ཅན་མས་བདག་པོ་བརྒྱབས་པའི་འབྲོང་གི་རྭ་ཅོ་ཆེན་པོ་ཞིག་ཡོད་པ་མཐོང་། སྣག་ཙུར་ཞེས་པའི་རྡོ་ཚོན་དག་དེའི་ནང་དུ་འཇོག་གཉེར་མཛད།
བརྩེངས། ཞེས་པ་བརྫེས་པའི་དོན་ཡིན་ནམ། སྐང་གསོལ་གྱི་དཔེ་ཆ་ན། རལ་པ་་གྱེན་བརྫེས། ཞེས་ཁྲོ་བའི་ལྷ་རྣམས་ཀྱི་བསྔགས་བརྗོད་ཡིན་འདུག