ཆབ་སྐྱེས་ནོར་སྲས།
བོད་ཅེས་པའི་ས་བབས་མཐོ་སྒང་གི་ཡུལ་ཁམས་ཁྱད་པར་ཅན་འདི་བུ་ཞིག་ཆགས་པ་ནས་རིམ་བཞིན་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་གཉིས་ལས་མཆེད་པའི་བོད་མི་རིགས་འདི་བྱུང་བའི་ངོ་མཚར་བའི་གཏམ་རྒྱུད་འདིས་དཀྱིས་བསྟན་དེ། ངལ་རྩོལ་བསྒྱུར་གོད་ཀྱིས་ལས་རིམ་རིམ་པར་བརྩམས་ནས་ཞང་ཞུང་སྲིད་པའི་རྒྱལ་རབས་སོགས་རྒྱལ་རབས་དུ་མ་ཞིག་བྱུང་མྱོང་། དེ་ཡང་བོད་སྤྱི་ལ་དབང་བའི་རྒྱལ་བོ་ཐོག་མ་གཉའ་ཁྲི་བཙན་པོས་དབུ་ཁྲིད་དེ་བོད་མིའི་རྣམ་དཔྱོད་དང་། ཤེས་ཡོན་དང་། དཔལ་འབྱོར་དང་། ཆབ་སྲིད་ཀྱི་མངའ་ཐང་རྒྱས་འགོ་བཙུགས། དེ་ནས་རྒྱལ་རབས་དགུ་བ་རྒྱལ་བོ་གྲི་གུམ་བཙན་པོའི་སྐབས་སུ་བཙན་པོའི་རྒྱལ་རབས་ལ་གོད་ཆགས་བྱུང་ཏེ། རྒྱལ་བོ་རང་ཉིད་ཀྱི་སྐུ་སྲོག་ཡང་བློན་པོའི་ལག་འོག་ཏུ་ཤོར། དེའི་རྗེས་སུ་ལོ་ངོ་བཅུ་གསུམ་ལ་བློན་པོ་ལོ་ངམ་རྟ་རྫི་ཡིས་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་རང་ཉིད་ཀྱིས་བདག་གིར་བཞེས་ཡོད་པས། དེའི་སྐབས་སུ་དཔའ་མཛངས་རྟུལ་ཕོད་ལ་མངའ་བསྒྱུར་བའི་བློན་པོ་རུ་ལས་སྐྱེས་འཁྲུངས་ཏེ། རང་ཉིད་ཀྱི་བློ་གྲོས་དང་ནུས་པས་རྒྱལ་སྲིད་ཀྱི་སྲིད་དབང་ཡོངས་རྫོགས་སླར་གསོ་བྱེད་ཐུབ་པ་སོགས་བློན་པོ་འདིའི་བྱས་རྗེས་སྲིབ་དཀའ་བས། བོད་ཀྱི་དེབ་ཐེར་རྣམས་སུ་མཛངས་བློན་ཀུན་གྱི་ཐོག་མ་བློན་ཆེན་རུ་ལས་སྐྱེས་བགྲངས་བཞིན་ཡོད་པས། དེ་ལ་དམིགས་བསལ་གྱི་དགོས་པ་དང་རྒྱུ་མཚན་ཞིག་ཡོད་པར་འཁུམས། དེའི་ཕྱིར་བློ་དམན་བདག་གིས་ཀྱང་བློན་པོ་འདིའི་ལོ་རྒྱུས་དང་ཁྱད་དུ་འཕགས་པའི་ཆེས་པ་སོགས་ཇི་བཞིན་ཤེས་འདོད་ཀྱི་དེའི་སྐོར་ནས་རང་གི་ནུས་ཚོད་ཀྱིས་ཅུང་ཟད་དཔྱད་པར་རངས་སོ།།
དང་པོ། རུ་ལས་སྐྱེས་ཀྱི་སྐྱེས་ཁུངས་ལ་དཔྱད་པ།
བློན་པོ་རུ་ལས་སྐྱེས་ནི་བཙན་པོ་པུ་དེ་གུང་རྒྱལ་གྱི་ཆེས་མཛངས་པའི་བློན་ཆེན་ཞིག་ཡིན་ལ། བཙན་པོ་འདིའི་སྐབས་སུ་ཁོང་གིས་སྲིད་དབང་སླར་གསོ་བྱས་པས་མཚོན་པའི་ཆབ་སྲིད་དང་། ས་ཞིང་རྨོ་བ་སོགས་དཔལ་འབྱོར་ཡར་རྒྱས་གཏོང་བའི་ཐབས་ལམ་གསར་བསྐྲུན་གནང་བ་སོགས་སྲིད་འབྱོར་རིག་གསུམ་གང་གི་ཐད་ལ་ལེགས་བཅོས་གང་མང་གནང་བའི་མཛད་རྗེས་ཁྱད་དུ་འཕགས་པ་གནང་མྱོང་བས། མཛངས་མི་བདུན་གྱི་དང་པོར་བགྲངས་དགོས་པའི་རྒྱུ་མཚན་ཡང་དེ་ཡིན་པར་བསམས། དེའི་ཕྱིར་བློན་པོ་འདིའིི་མཛད་རྣམ་ཉུང་ཙམ་རེ་མེད་པའི་བོད་ཀྱི་དེབ་ཐེར་ཧ་ཅང་དཀོན། ཡིན་ན་ཡང་བློན་པོ་འདིའི་ལོ་རྒྱུས་གསལ་ཞིང་རྒྱས་ལ་མ་ལག་ཚང་བའི་ལོ་རྒྱུས་རྣལ་མ་ཞིག་རྙེད་རྒྱུ་ནི་ནམ་མཁའི་པད་མའི་དཔལ་ལ་འགྲན་པ་ཁོ་ནའོོ།།
དེང་སྐབས་བློན་པོ་འདིའི་ལོ་རྒྱུས་མཆེད་ཁུངས་ལ་ལྷ་སྒྲུང་ལྟ་བུའི་ངག་རྒྱུན་དང་འབྲེལ་བའི་གཏམ་རྒྱུད་ཙམ་ལས། དེང་དུས་ཀྱི་ལོ་རྒྱུས་རིག་པ་དང་མཐུན་པའི་དཔྱད་གཞིར་རུང་བའི་ཡིག་ཆ་ཚང་ཞིག་ཕལ་ཆེར་མེད་པ་ལྟ་བུ་རེད། ངག་རྒྱུན་དེ་དག་ཡང་མཐའ་གཅིག་ཏུ་རྫུན་མ་རེད་ཅེས་བརྗོད་ག་ལ་རུང་སྐྱེས་ཚུལ་དེ་ལྟ་བུ་ཡང་ཡོད་སྲིད་པ་ཡིན།དཔེར་ན།དེང་དུས་སྐྱེས་པ་ལ་ཡང་ཕྲུ་གུ་སྐྱེས་པའི་གནས་ཚུལ་གསར་འགྱུར་དག་ལས་དངོས་སུ་མཐོང་རྒྱུ་ཡོད་པ་ལ་བསམ་ན།ཕ་མེད་པའི་བུ་ཞིག་སྐྱེས་པ་དེ་ནི་ཡ་མཚན་གྱི་གནས་གང་ཡང་མ་རེད་སྙམ། དེར་མ་ཟད་འཇིག་རྟེན་འདིའི་དངོས་པོ་མཐའ་དག་གི་ནུས་ཚད་ལ་བསམ་བློ་དང་དཔྱད་པ་ཙམ་གྱིས་ཐག་གཅོད་བྱེད་ཐུབ་པ་ཞིག་ག་ལ་ཡིན། དེ་ཡང་བློན་པོ་འདིའི་མཆེད་ཁུངས་བརྗོད་སྐབས་ངེས་པར་དུ་འདི་འདྲ་བའི་གཏམ་རྒྱུད་ཅིག་དང་འབྲེལ་ནས་བརྗོད་པ་ལས་འོས་མེད་དོ།
དེ་ལྟར་ཡང་<<ཆོས་འབྱུང་མཁས་པའི་དགའ་སྟོན།>>ལས། “ལྕམ་སྲིང་བཞི་ཡི་ཡུམ་ལ་རྟ་རྫི་བཅོལ།། རྟ་འཚོར་ཕྱིན་ཏེ་གཉིད་ལོག་རྨི་ལམ་དུ།། མི་དཀར་མཛེས་པ་ཞིག་དང་བཤོས་པ་རྨིས།།སད་ཚེ་གཡག་དཀར་ཞིག་ནི་སོང་བ་མཐོང།། ཟླ་བ་ཚང་ནས་ཁྲག་རླངས་འགུལ་བ་བཙས།། འབྲོང་རུ་དྲོན་མོར་བཅུག་ནས་འོ་མས་བྲན།། དྲོད་ཀྱིས་བཙས་པས་དེ་ཡི་ནང་ནས་ནི།། ཁྱེ་འུ་མཛེས་ཤིང་ལྟ་ན་སྡུག་པ་བྱུང”།། ཞེས་གསུངས་པ་འདི་ལ་གཞིགས་ན་ཡང་རྨི་ལམ་དུ་འོང་བའི་མི་དཀར་མཛེས་པོ་དེ་དང་བཤོས་པ་ལས་བློན་ཆེན་རུ་ལས་སྐྱེས་འཁྲུངས་པར་བསྟན་འདུག་པས། འདི་ལྟར་ན་ཁོང་གི་ཡབ་ནི་དོན་ལ་རྨི་ལམ་དུ་འོང་བའི་མི་ཞིག་ལས་ངོས་འཛིན་གནང་ཐུབ་མེད། ད་དུང་“ལྕམ་སྲིང་བཞི་ཡི་ཡུམ་ལ་”ཞེས་པ་གཞིར་བཞག་ན་རྒྱལ་བོ་པུ་དེ་གུང་རྒྱལ་དང་བློན་པོ་འདི་གཉིས་རྒྱལ་བོ་གྲི་གུམ་བཙན་པོའི་བཙུན་མོ་ཀླུ་བཙན་བཟའ་ལ་འཁྲུངས་པར་བསྟན་འདུག།
<<ལྡེའུ་ཆོས་འབྱུང་རྒྱས་པ་>>ལས་ཀྱང། “དེར་དགུང་ལོ་བཅུ་གསུམ་དུ་གདོང་སྟོངས་ཏེ། གདུང་གསེབ་ལུགས་ནི་མ་མོ་རྟ་རྫི་མ་གཉིད་ལོག་པའི་རྨི་ལམ་ན་ཀླུའི་བུ་འདྲ་བ་དང་བཤོས་པ་རྨིས་ནས་གཉིད་སད་ཙ་ན་གཡག་ཅིག་འདུག་པ་མཐོང་སྐད། དེ་ནས་ཟླ་བ་བརྒྱད་ལོན་ནས་ཆུ་འཆུར་ཕྱིན་པས། ཁྲག་ལིང་ལག་མགོ་ཙམ་ཞིག་མངལ་སྒོར་བྱུང་ནས། དེ་གསད་དུ་ནི་བུ་ཡིན། གསོ་རུ་ནི་ཡན་ལག་མེད་ནས། གཡག་རུར་བཅུག་སྟེ་ལྷམ་ཡུར་བཅུག་ནས་གཡར་་སྣམ་གྱི་ངར་པས་ཁ་བཅད་དེ་གསང་ནས་དྲོད་ལ་བཙས་པའི་བྱིས་པ་གཅིག་དེའི་ནང་ནས་བྱུང་སྟེ་མིང་བཏགས་པ། རྭ་ལས་སྐྱེས་ངར་ལས་འགྲེང་ཡུ་ལ་བརྟེན་བྱ་བར་བཏགས་སོ”། ཡང་འདི་ལས་ཡུམ་གྱི་མཚན་ལམ་དུ་ཀླུ་ཡི་བུ་ཅིག་དང་བཤོས་པ་ལས་འཁྲུངས་པར་བཞེད་པས་གོང་དང་ཚིག་ཟིན་ཅུང་ཙམ་མི་མཐུན་པ་འདུག།འོན་ཀྱང་འདི་གཉིས་ཀས་བློན་པོ་རུ་ལས་སྐྱེས་ཀྱི་སྐྱེས་ཁུངས་བཤད་ཚུལ་ཤིན་ཏུ་མཚུངས།
ད་དུང་<<ཏུན་ཧོང་གི་ཡིག་རྙིང་ཆོ་ལོ་མིག་དགུར་དྲངས་པ་>>ལས། ““འུང་གྀ་འོག་དུ་བཀྲགས་ཀྱི་བུ་ལྷ་བུ་རི་ལ་སྐྱེས་ཕ་ཚན་དང་། རྷྱ་ཕ་ཚན་དུ་འཐབས་སོ།། རྷྱར་བཀྲགས་རབས་བཆད།། དུད་སྣ་ཕོ་ལོ་བཀྲགས་ཀྱྀ་ཚུང་བ་བཆིག་བྲོས་ཏེ། ཕ་མྱིང་གྀ་ཡུལ་དུ་ཐར་ཏོ།། ལྟོ་ན་བུ་ཁྱེར་ཏེ་སོང་བ་བྱུང་ངོ་།། ཞེས་འབྱུང་བ་འདི་ལོ་རྒྱུས་རིག་པས་དཔྱད་གཞིར་རུང་བ་དང་མིའི་འགྲོ་བ་སྤྱིའི་སྤྱི་འགྲོས་ཀྱི་འགྲེལ་བརྗོད་བདེ་བའི་ལོ་རྒྱུས་ཀྱི་རྣམ་པ་ཞིག་མངོན་འདུག
གང་ལྟར་བློན་ཆེན་རུ་ལས་སྐྱེས་ནི་ཆོས་འབྱུང་དེབ་ཐེར་རྣམས་སུ་རྒྱལ་བུ་པུ་དེ་གུང་རྒྱལ་གྱི་ཡུམ་ལས་འཁྲུངས་པར་བཞེད་ལ། གོང་གི་ཏུན་ཧོང་གི་ཡིག་རྙིང་དེ་ནི་དཔྱིས་ཕྱིན་པ་ཞིག་གོ་བ་ལོན་དཀའ་མོད། དེང་གི་དཔྱད་རྩོམ་རྣམས་སུ་བཀྲགས་ཀྱི་བུ་ཞེས་འབོད་པས་ཁོང་གི་ཡབ་ཀྱི་རུས་རྒྱུད་ལ་བཀྲགས་ཡིན་པའི་འདོད་ཚུལ་སྣང་། ཁོང་གི་ཡབ་བཀྲགས་ཀྱིས་རྷྱ་དང་འཁྲུགས་ཏེ་ཡབ་རུས་རྒྱུད་དང་བཅས་པར་ཕམ་ཉེས་བྱུང་པ་ཙམ་དུ་མ་ཟད་རྷྱས་“བཀྲགས་ཀྱི་མི་རྒྱུད་རབས་བཆད་”ཅེས་མི་རྒྱུད་རྩ་མེད་བཟོས་པར་བསྟན་ཡོད། བཀྲགས་ཀྱི་ཆུང་མ་ཁོ་ན་བྲོས་ནས་རང་གི་ཕ་ཁྱིམ་དུ་སླེབས། དེ་དུས་མོའི་ལྟོ་བར་ཕྲུག་གུ་ཞིག་སྦྲུམ་ཡོད་པ་དེ་ཟླ་བ་མ་ལོན་པར་སྐྱེས་པས། དེ་ལ་ལོ་རྒྱུས་དེབ་ཐེར་དང་ཆོས་འབྱུང་གང་ན་ཡང་“ཁྲག་ཤ་ལག་མགོ་ཙམ་ཞིག་སྐྱེས”་ཞེས་པ་དང་གཅིག་མཚུངས་སུ་སྣང་།
གོང་གི་དེབ་ཐེར་རྣམས་དང་གསུང་སྟངས་མི་མཐུན་པ་གཞན་ཞིག་ཡོད་པ་ནི། འཇིགས་མེད་རྡོ་རྗེའི་<<ཧོར་གྱིས་ཆོས་འབྱུང་། ཤོག ༤ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁངས>>ལས། “ཡུམ་གྱིས་སྨྲས་པ། ཁོ་མོས་བྱ་ཁྲི་མ་བཙས་གོང་གི་དུས་སུ་ནུབ་གཅིག་གི་རྨི་ལམ་ན་མི་མདོག་དཀར་པོ་གཅིག་དང་ལྷན་གཅིག་ཏུ་ཉལ་བ་རྨིས་པའི་རྗེས་སུ་སྒོ་ང་གཅིག་བྱུང་། དེ་བརྡོལ་བ་ལས་བུ་དེ་བྱུང་བས་དེ་རྒྱལ་པོར་འོས་སམ་སྙམ་པས་དེ་ཁུགས་ཏེ་རྒྱལ་སར་འཁོད་ཅིག་ཅེས་པ་ལྟར་སྤོ་བོའི་ཡུལ་ནས་དེ་དཀུག་སྟེ་རྒྱལ་སར་བཞག་པས་རྒྱལ་པོ་བྱ་ཁྲིའམ་སྤུ་དེ་གུང་རྒྱལ་དུ་གྲགས་སོ”།། ཞེས་གསུངས་པ་འདིས་རྒྱལ་བོ་པུ་དེ་གུང་རྒྱལ་དང་བློན་ཆེན་རུ་ལས་སྐྱེས་གཉིས་མི་གཅིག་ལྟ་བུར་ཞལ་བཞེས་གནང་འདུག་པར་བསམ།
མདོར་ན། བློན་ཆེན་རུ་ལས་སྐྱེས་ཀྱི་སྐྱེས་ཁུངས་ནས་བཤད་ན་ཡར་ལུང་ཤམ་པོའི་འདབས་རོལ་ཏུ་ཆེས་མཐོ་རིམ་གྱི་རྒྱལ་བོའི་བཙུན་མོ་ཞིག ཆེས་རིམ་པ་དམའ་བའི་བྲན་གཡོག་རྟ་རྫིར་གྱུར་བའི་བཙུན་མོ་ཀླུ་བཙན་བཟའ་ལ་འཁྲུངས་པར་བཞེེད། ཆོས་འབྱུང་དེབ་ཐེར་འདི་དག་ལ་གཞི་བཅོལ་ན་ཁོང་ནི་ཕ་མེད་པའི་བུ་ཐང་ལ་ཞིག་ཡིན་ལ། དེ་ཡང་རང་གི་ཡབ་མེས་ཀྱི་རྒྱལ་སྲིད་ལ་གཡོ་འགུལ་ཆེ་ཞིང་། སྲིད་དབང་ལམ་ལྷུང་མ་བྱུང་བའི་དུས་ངན་དེར་འཁྲུངས་པས་མ་ཡིས་གསོ་སྐྱོང་བྱེད་པའི་སྐབས་སུ་གསང་བ་ཁོ་ནར་བརྟེན་ནས་གཉོར་སྐྱོང་བྱས་པ་དང། དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་གཉིས་ཡོད་པར་འདོད་དེ། གཅིག་ནི་རྒྱལ་བོའི་བཙུན་མོ་ལ་ཕ་མེད་པའི་བུ་ཐང་ལ་ཞིག་སྐྱེས་པས་སྐྱེངས་པའི་དབང་གིས་ཀྱང་ཡིན་པ་དང། གཉིས་པ་ནི་གལ་ཏེ་རྒྱལ་བོ་གྲི་གུམ་བཙན་པོ་དང་ཉེ་འབྲེལ་གྱི་འབྲེལ་བ་ཡོད་པ་ལོ་ངམ་ཕྱོགས་གཏོགས་ཀྱིས་ཤེས་ཚེ་ཉེན་ཁ་ཆེ་བ་འདི་གཉིས་ཀྱི་རྐྱེན་པས། གཡག་རྭར་སྦས་སྐུང་དང་གསང་རྒྱ་ཁོ་ནས་གསོ་སྐྱོང་བྱས་པར་བསམས། ཡུམ་དང་ཁོང་གཉིས་ཀས་དེ་ལྟར་དཀའ་སྡུག་ཚད་མེད་ཀྱི་བརྒྱུད་རིམ་ཁྲོད་མཚར་ལོངས་བྱུང་བས་ཉམས་མྱོང་ཡང་གང་འཚམས་ཞིག་ཐོབ་ཡོད་པ་དང་། རང་ཉིད་ཀྱི་སྐྱེས་ཁུངས་ཡང་ཡུམ་གྱི་ངོ་སྤྲོད་བྱས་པ་བཞིན་མཁྱེན་རྟོགས་བྱུང་བས་རང་གི་ཡབ་མེས་ཀྱི་སྲིད་དབང་རྩོད་ལེན་བྱེད་དགོས་པའི་འོས་འགན་ཕྲག་ཏུ་བབས་ཡོད་པ་སྨྲས་མ་དགོས་སོ།། བློན་ཆེན་འདིའི་མཛད་རྗེས་ཀྱི་སྐོར་འོག་ནས་འཆད་པར་འགྱུར་རོ།།
གཉིས་པ། རྒྱལ་བོ་པུ་དེ་གུང་རྒྱལ་དང་མཛངས་བློན་རུ་ལས་སྐྱེས་གཉིས་ཀྱི་འབྲེལ་བ་ལ་དཔྱད་པ།
འདི་ཡང་ཆོས་འབྱུང་ཁག་དང་ཏུན་ཧོང་གི་ཡིག་རྙིང་གང་ལ་བལྟས་ན་ཡང་ཤ་ཉེའི་འབྲེལ་བ་ཡོད་པ་གཅིག་མཐུན་ཡིན། འོན་ཀྱང་ཁོང་གཉིས་ཤ་ཉེ་ཡིན་ཚུལ་མི་འདྲ་བ་ཡིན། ཆོས་འབྱུང་དེབ་ཐེར་ཕལ་ཆེ་བས་མ་གཅིག་ལ་ཕ་མི་གཅིག་པའི་སྤུན་ཡིན་པར་གསུངས་ཡོད། དེ་ལྟར་ཡང་<<ཆོས་འབྱུང་མཁས་པའི་དགའ་སྟོན་>>ལས།“ལྕམ་སྲིང་བཞི་ཡི་ཡུམ་ལ་རྟ་རྫི་བཅོལ།། རྟ་འཚོར་ཕྱིན་ཏེ་གཉིད་ལོག་རྨི་ལམ་དུ།། མི་དཀར་མཛེས་པ་ཞིག་དང་བཤོས་པ་རྨིས།། སད་ཚེ་གཡག་དཀར་ཞིག་ནི་སོང་བ་མཐོང།། ཟླ་བ་ཚང་ནས་ཁྲག་རླངས་འགུལ་བ་བཙས།། འབྲོང་རུ་དྲོན་མོར་བཅུག་ནས་འོ་མས་བྲན།། དྲོད་ཀྱིས་བཙས་པས་དེ་ཡི་ནང་ནས་ནི།། ཁྱེ་འུ་མཛེས་ཤིང་ལྟ་ན་སྡུག་པ་བྱུང”།། ཞེས་ལྕམ་སྲིང་བཞི་ཡི་ཡུམ་དེ་རྒྱལ་བོ་གྲི་གུམ་བཙན་པོའི་བཙུན་མོ་བློན་པོ་ལོ་ངམ་གྱིས་རྟ་རྫིར་བཏང་པས། མོ་གཉིད་ལོག་པའི་རྨི་ལམ་དུ་རྟ་དཀར་ལ་ཞོན་པའི་མི་མཛེས་པ་ཞིག་དང་བཤོས་པ་རྨིས་པས་བློན་པོ་རུ་ལས་སྐྱེས་སྦྲུམ་པར་བཤད་པ་དང། གཉིད་སད་ཚེ་གཡག་དཀར་ཞིག་མཐོང་བར་གསུངས་པ་དེ་ལ་དམིགས་བསལ་གྱི་དགོས་པ་ཡོོད་པར་འདོད། སྐབས་དེར་རྒྱལ་བོའི་སྲུང་མར་བཀུར་བཞིན་པའི་ལྷ་གཙོ་བོ་ནི་ཡར་ལ་ཤམ་པོ་ཡིན་པ་དང། ཡར་ལ་ཤམ་པོའི་བཅིབ་པ་གཡག་དཀར་ཞིག་ཡིན་པའི་ལོ་རྒྱུས་དེང་དུས་དཔྱད་རྩོམ་རྣམས་སུ་འབྱུང་། སྔོན་སློབ་དཔོན་པད་མ་འབྱུང་གནས་བོད་ལ་བྱོན་པའི་ཕེབས་ལམ་དུ་ཡར་ལྷ་ཤམ་པོ་གཡག་དཀར་ཞིག་གི་རྣམ་པར་སྤྲུལ་ནས་ཕེབས་ལམ་བཀག་པའི་ལོ་རྒྱུས་ཡང་ཡོད་སྐད་འདུག
དེ་ལྟར་<<རྒྱལ་རབས་གསལ་བའི་མེ་ལོང་>>ལས། ““དེར་བློན་པོ་ལོ་ངམ་གྱི་སྲིད་དབང་ཕྲོགས་ནས། རྒྱལ་བོའི་བཙུན་མོ་ལ་རྟ་རྫི་བཅོལ་ལོ།། དེར་བཙུན་མོ་དེ་རྟ་འཚོར་ཕྱིན་ནས། གཉིད་ལོག་པའི་རྨི་ལམ་ན། ཡར་ལྷ་ཤམ་པོའི་སྤྲུལ་བ་མི་དཀར་ཅིག་དང་འབྲེལ་བ་རྨིས””། ཅེས་པ་འདིས་ཀྱང་རྨི་ལམ་གྱི་མི་དཀར་པོ་དེ་ཡར་ལྷ་ཤམ་པོའི་སྤྲུལ་བ་ཡིན་པ་གསལ་བོར་གསུངས་པ་ལྟར་རོ།། གོང་གི་ཏུན་ཧོང་གི་ཡིག་རྙིང་དང་། ཆོས་འབྱུང་དེབ་ཐེར་གང་ལ་གཞི་བཅོལ་ན་ཡང་རྒྱལ་བོ་སྤུ་ཏེ་གུང་རྒྱལ་དང་བློན་ཆེན་རུ་ལས་སྐྱེས་གཉིས་ཀྱི་བར་ལ་གཉེན་ཉེ་ཡི་འབྲེལ་བ་ཡོད་པ་གསལ་བོ་བསྟན་འདུག གོང་དུ་གསུངས་པ་བཞིན་བྱས་ན། དཔྱད་པར་བྱ་བ་འདི་ཡོད་དེ་རྒྱལ་བོས་བློན་པོ་འདི་ལ་ཁུ་བོ་ཞེས་འབོད་དོན་གང་ཡང་མེད་པར་བསམ། ཁུ་བོ་ཞེས་པ་ཕ་མ་གང་རུང་གི་སྤུན་ཡ་་ཡིན་པ་སྨོས་མ་དགོས་པ་རེད།
མདོར་ན་འདི་གཉིས་ཀྱི་བར་ལ་འབྲེལ་བ་ཡོད་པ་བདེན་ཀྱང་འབྲེལ་བའི་ཚུལ་ཇི་ལྟར་ཡིན་པ་ནི། བཤད་ཚུལ་ཁ་ཤས་ཞིག་ཡོད་པ་ལྟར་བདག་ལྟ་བུའི་ལོ་རྒྱུས་ལ་མཐོང་རྒྱ་ཁབ་མིག་ཙམ་ལས་མེད་པས། འདི་ཡིན་འདི་མིན་གྱི་ཐག་གཅོད་བྱེད་དཀའ་བས་དཔྱད་པར་བྱ་བའི་གནས་འབའ་ཞིག་གོ།
གསུམ་པ། བློན་པོ་རུ་ལས་སྐྱེས་ཀྱིས་ལོ་ངམ་རྟ་རྫི་ཇི་ལྟར་བགྲོངས་པའི་ཚུལ་ལ་དཔྱད་པ།
བློན་པོ་རུ་ལས་སྐྱེས་ཀྱིས་ལོ་ངམ་རྟ་རྫི་ཇི་ལྟར་བགྲོངས་པའི་ཚུལ་ལ་མཁས་པ་རྣམས་ཀྱི་བཞེད་ཚུལ་ཅུང་མི་མཐུན་པར་སྣང། མཁས་དབང་ཁ་ཤས་ཀྱིས་བློན་པོ་རུ་ལས་སྐྱེས་ཀྱིས་ལོ་ངམ་རྟ་རྫི་་དུག་གིས་བགྲོངས་པར་བཤད་ལ། དེ་ཡང་ཁྱིའུ་ཆུང་ཆུང་ཞིག་ལ་དུག་བྱུག་ནས་བློན་པོ་ལོ་ངམ་རྟ་རྫིའི་ཉེ་སར་བཏང་བས། ལོ་ངམ་གྱིས་དེ་ལ་ལག་པ་འཆིང་བས་དུག་ཕོགས་ཏེ་བཀྲོངས་པར་བཤད། ཡང་ཁ་ཤས་ཀྱིས་ཉང་ཆུ་དེད་དེ་བཙན་པོ་གྲི་གུམ་གྱི་པུར་བཙལ་བ་དང་། རྒྱལ་སྲས་གསུམ་བཙལ་ཏེ་གཙང་ཕྱོགས་སུ་དམག་དྲངས་ཏེ་ལོ་ངམ་དང་འཐབ་ཏེ་ཕམ་པར་བྱས་པར་བཤད། འདི་དག་གང་ཡིན་ཡང་ངེས་པར་དུ་དཔྱད་དགོས་པ་ནི་ལོ་ངམ་རྟ་རྫིས་རྒྱལ་ས་ལོ་ག་ཚོད་ལ་ཟིན་མ་ཟིན་འདི་ཤིན་ཏུ་གལ་ཆེའོ།། དེ་ཡང་དེབ་ཐེར་འགར་ལོ་ངམ་གྱིས་ལོ་ངོ་གསུམ་ལས་རྒྱལ་ས་ཟིན་མེད་པར་བཤད་པ་དང་། འདི་ལྟར་ན་བློན་ཆེན་རུ་ལས་སྐྱེས་ལོ་ངོ་གསུམ་ལས་ལྷག་མིན་པས། ལོ་གསུམ་ཅན་གྱིས་བྱིས་པ་ཞིག་གིས་རང་གི་ཕ་གསོད་པའི་ལག་དམར་ལ་དགྲ་ཤ་ལེན་པའི་བསམ་བློ་འཁོར་བ་ཙམ་དུ་མ་ཟད། དགྲ་ཕྱོགས་རྩ་བ་ནས་ཕམ་པར་བཏང་པར་བཞེད་པ་ནི་ཆོས་ཉིད་དང་མི་མཐུན་པའི་བྱུང་རྒྱལ་དུ་སྨྲ་བ་འབའ་ཞིག་ཡིན་པ་གོར་མ་ཆག་གོ།
ཏུན་ཧོང་ཡིག་རྙིང་སོགས་ལས། ལོ་བཅུ་གསུམ་ལ་སོན་པའི་སྐབས་སུ་ཡུམ་ལ་རང་གི་སྐྱེས་ཁུངས་སོགས་དྲིས་པར་བཤད་པ་འདི་ནི་ཅུང་ཙམ་ཡིད་ཆེས་ཆོག་པའི་གནས་སུ་སྣང་། འདི་དང་ལོ་ངམ་རྟ་རྫིས་རྒྱལ་ས་ལོ་བཅུ་གསུམ་ལ་བཟུང་བར་བཤད་པ་དང་ཆེས་ཤིན་ཏུ་མཐུན་ནོ།། ལོ་ངམ་རྟ་རྫིས་རྒྱལ་ས་ལོ་ག་ཚོད་བཟུང་མིན་འདི་བློན་ཆེན་རུ་ལས་སྐྱེས་ཀྱིས་ལོ་ངམ་རྟ་རྫི་བསད་པའི་བྱས་རྗེས་ཀྱི་ཐད་དུ་འབྲེལ་བ་དམ་པོར་འབྲེལ་ཡོད་དེ། ལོ་ངམ་རྟ་རྫིས་རྒྱལ་ས་བཟུང་མིན་འདི་མ་ཤེས་ན། རུ་ལས་སྐྱེས་ཀྱིས་ལོ་ངམ་བསད་པའི་གནད་དོན་འདི་ནམ་ཡང་ཐག་གཅོད་བྱེད་མི་ནུས་སོ།
<<ལྡེའུ་ཆོས་འབྱུང་>>ལས། “དེར་དགུང་ལོ་བཅུ་གསུམ་དུ་གདོང་སྟོངས་ཏེ།” ཞེས་དང། ཡང་“ཁུ་སྨོན་གཟུང་མ་སྐྱེས་ཀྱི་བར་དུ་གྲི་གུམ་བཙན་པོ་བཀྲོངས(༡༤༠)ནས། སྲས་འུ་དེ་གུང་རྒྱལ་རྒྱལ་སར་མ་ཚུད་བར་དུ་ལོ་སྐོར་གཅིག་སྟོངས་སོ”།།ཞེས་བློན་བོ་རུ་ལས་སྐྱེས་དགུང་ལོ་བཅུ་གསུམ་བར་དུ་གདོང་སྟོངས་པར་བཤད་པས། དེ་བར་དུ་རྒྱལ་ས་ལོ་ངམ་རྟ་རྫིས་བདག་གིར་བཟུང་ཡོད་པ་གདོན་མི་ཟའོ། །ཡང་བློན་པོ་རུ་ལས་སྐྱེས་དགུང་ལོ་བཅུའི་སྐབས་སུ་ལོ་ངམ་བགྲོངས་པར་འདོད་མཁན་ཡང་ཡོད་དེ།
<<རྒྱལ་རབས་གསལ་བའི་མེ་ལོང་>>ལས། “དེས་ལོ་བཅུ་ལོན་དུས་ངའི་ཕ་དང། ཕོ་བོ་རྣམས་གར་སོང་ཞེས། ཨ་མ་ལ་དྲིས་པས། ཨ་མས་སྔར་གྱི་ལོ་རྒྱུས་རྣམས་ཞིབ་པར་བཤད་པ་དང་། རུ་ལས་སྐྱེས་ཀྱི་ཐབས་སྣ་ཚོགས་ཀྱིས་ཉང་ཆུ་སྐྱ་མོ་ནས་ཡབ་ཀྱི་བུར་བཙལ་ཏེ། ཕྱིང་ཡུལ་དར་ཐང་དུ་ཡབ་ཀྱི་བང་སོ་བརྩིག བློན་པོ་ལོ་ངམ་བསད།” ཞེས་གསུངས་པ་བཞིན་ལོ་བཅུ་ལོན་པའི་དུས་སུ་ལོ་ངམ་ལོ་ངམ་བསད་པ་ཙམ་ལས་ཇི་ལྟར་བསད་པའི་ཚུལ་གསལ་བོར་གསུངས་མེད་དོ། ཡིག་ཆ་གཞན་འགའ་ཞིག་ད་དུང་ཡོད་མོད་མང་བར་འགྱུར་བས་བཀོད་མེད་དོ།།
མདོར་ན། བློན་པོ་རུ་ལས་སྐྱེས་ཀྱིས་ལོ་ངམ་རྟ་རྫི་བགྲོངས་པའི་ཚུལ་ལ། དུག་བཀོལ་སྤྱོད་བྱས་པ་དང་། རྒྱལ་བོ་པུ་དེ་གུང་རྒྱལ་དང་བློན་ཆེན་རུ་ལས་སྐྱེས་ལྷན་འཛོམས་ཀྱིས་དམག་དྲངས་ཏེ་བགྲོངས་པར་བྱེད་པ་གཉིས་སོ།། བློན་ཆེན་རུ་ལས་སྐྱེས་ཀྱིས་བསད་པ་ཡིན་མིན་ལ་དོགས་པ་ཟ་མཁན་ཡང་དེང་གི་དཔྱད་རྩོམ་འགར་འགའ་ཞིག་ཡོད་པར་གསུངས་པ་ལྟར་ཡོད་པར་སྣང་ངོ།།
བཞི་བ། བློན་པོ་འདིའི་མཛད་རྗེས་དེབ་ཐེར་དུ་ཡོངས་སུ་གྲགས་པ་རྣམས་ལས་འགའ་ཞིག་ལ་དཔྱད་པ།
བློན་པོ་རུ་ལས་སྐྱེས་ཀྱི་མཛད་རྗེས་དེབ་ཐེར་ལས་ཡོངས་སུ་གྲགས་པ་ནི། <<ཆོས་འབྱུང་མ་ཁས་པའི་དགའ་སྟོན་>>ལས། “མཛངས་པའི་ལས་སུ་ཤིང་བསྲེགས་སོལ་བ་བྱུང།། དེ་ཡིས་རྡོ་བཞུ་གསེར་དངུལ་ཟངས་ལྕགས་ཕྱུང།། ཤིང་ལ་མིག་ཕུལ་བཤོལ་དང་གཉའ་ཤིང་བྱས།། ས་གཞི་བརྐོས་ནས་ཕུ་ཆུ་ཡུར་དུ་དྲངས།། རྨོན་པ་དོར་བསྡེབས་སྤང་ཐང་ཞིང་དུ་རྨོས།། བརྒལ་བས་མི་ཐར་ཆུ་ལ་ཟམ་པ་བཙུགས།། རྨོས་པའི་ལོ་ཏོག་ཐོག་མ་འདི་ནས་བྱུང།། ཞེས་པ་ལྟར་རྡོ་གཞུས་ཏེ་གསེར་དངུལ་ཟངས་ལྕགས་ཕྱུང་ཟེར་བ་དང་། ཤིང་ལ་བུ་ག་དོད་དེ་བཤོལ་དང་གཉའ་ཤིང་ཐོག་མར་བཟོས་པར་བཤད་པ་དང་། ཕུ་ཆུ་ཡུར་དུ་དྲངས་པ་དང་། སྤངས་ཐང་ཞིང་དུ་རྨོས་པ་དང། ཆུ་ལ་ཟམ་པ་བཙུགས་པ་དང། རྨོས་པའི་ལོ་ཏོག་ཐོག་མ་འདིའི་སྐབས་སུ་བྱུང་བར་བསྟན་པས། འདི་དག་ལ་དཔྱད་པར་བྱ་བ་ཅུང་ཟད་ཡོད་དེ། གོང་གི་མཛད་རྗེས་དེ་དག་ལས་སྐབས་དེའི་བོད་ཀྱི་སྤྱི་ཚོགས་རྡོ་ཆས་གསར་བའི་དུས་སྐབས་དང་ལྕགས་ཆས་ཀྱི་དུས་རབས་གང་དུ་སླེབས་ཡོད་མེད་རྟོགས་དཀའ་བ་ཞིག་ཏུ་བསྒྱུར་ཡོད། དེ་ཡང་“རྨོས་པའི་ལོ་ཏོག་ཐོག་མ་འདི་ནས་བྱུང་”།། ཞེས་པས་བོད་ཀྱི་སྤྱི་ཚོགས་རྡོ་ཆས་ཀྱི་དུས་རབས་སུ་འགྱུར་བར་བརྩམ་པ་དང་། ལོ་ངམ་རྟ་རྫིས་རྒྱལ་བོ་གྲི་གུམ་བཙན་པོ་བགྲོངས་ཏེ་ཟངས་ཀྱི་གའུར་བཅུག་ནས་ལྕགས་གཟེར་བཏབ་ཏེ་ཆུ་ལ་བསྐུར་བར་བཤད་པས།བློན་ཆེན་རུ་ལས་སྐྱེས་མ་འཁྲུངས་པའི་ཡར་སྔོན་དུ་བོད་ཀྱི་སྤྱི་ཚོགས་ལྕགས་རིགས་སྤྱོད་པའི་དུས་སྐབས་སུ་སླེབས་ཡོད་པ་གསལ་བོར་མཚོན་ཡོད་པས་དེ་གཉིས་ནང་འགལ་ལྟ་བུར་གནས་སོ།།
ཡང་འཛམ་གླིང་གི་མི་རིགས་ཕལ་མོ་ཆེ་རྡོ་ཆས་ནས་ཟངས་ཆས་དང་། དེ་ནས་ལྕགས་ཆས་ཀྱི་དུས་རབས་སུ་འཕེལ་བའི་འཕེལ་རིམ་ངེས་ཅན་ཞིག་ཡོད་པ་བཞིན། བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་སུ་སོང་བའི་དུས་རིམ་ལ་ཡང་རིམ་པ་འདི་ལྟ་བུ་ཞིག་ངེས་པར་དུ་བརྒྱྱུད་དགོས་པ་ལས། བློན་པོ་རུ་ལས་སྐྱེས་མ་འཁྲུངས་པའི་ཡར་སྔོན་དུ་ཡར་རྒྱས་ཀྱི་འགྱུར་བ་སྤུ་ཙམ་ཡང་མེད་པའི་རྡོ་ཆས་ཀྱི་སྤྱི་ཚོགས་ཤིག བློན་པོ་གཅིག་གི་མཛངས་པའི་བློ་གྲོས་དང་ནུས་པ་ལས་དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་གློ་བུར་དུ་ལྕགས་ཆས་ལ་འཕོས་པར་བརྗོད་ནའང་འོས་ཤིང་འཚམས་པའི་གཏམ་ཞིག་ག་ལ་ཡིན། ད་དུང་དེའི་སྐོར་ལ་དཔྱད་པར་བྱ་བ་མང་ན་ཡང་འདི་ཙམ་གྱིས་འགྲིག་པར་བྱའོ།།
ལྔ་བ། ཞར་ལ་ལོ་ངམ་ཞེས་པ་འདི་ཡང་སྙིང་གང་ལ་གོ་དགོས་མིན་ལ་དཔྱད་པ།
ལོ་ངམ་ཞེས་པ་མི་གཅིག་ཡིན་ནམ།ཡང་ན་རུས་རྒྱུད་ཅིག་གི་མིང་ཡིན་མིན་ལ་དཔྱད་གཞི་ཆེའོ། ། བློ་ངམ་ཞེས་པ་ནི་མི་གཅིག་མ་ཡིན་པར་རུས་རྒྱུད་ཅིག་མིང་ཡིན་ཏེ། བོད་རྒྱལ་ཐོག་གཉའ་ཁྲི་བཙན་པོའི་དཔའ་མཛངས་རྟུལ་ཕོད་དང་བླ་ན་འབར་བའི་བློ་གྲོས་ལ་རྟེན་ནས། རང་བཙན་གྱི་རྒྱལ་ཕྲན་མང་པོ་ཞིག་བཙན་པོའི་ཆབ་འོག་ཏུ་བཅུག་ཅིང་། རྗེས་སུ་སྲིད་དབང་འཕོ་འགྱུར་གྱི་དབང་གིས་རྒྱལ་ཕྲན་མང་པོ་ཞིག་སླར་ཡང་རང་བཙན་བྱེད་ཐུབ་པ་བྱུང་བས། ལོ་ངམ་ཁྱིམ་རྒྱུད་ཀྱིས་ཀྱང་རང་བཙན་བྱེད་འདོད་ཀྱི་འདུན་པ་དྲག་ཏུ་འཕྱུར་ཡོད་པ་སྨྲས་མ་དགོས་མོད། སྐབས་དེར་ལོ་ངམ་ཁྱིམ་རྒྱུད་ལ་དམག་ཤུགས་དང་འཐབ་རྩོད་ཀྱི་ནུས་པ་ཞན་པས། མི་རབས་གང་མང་ཞིག་ལ་བོད་བཙན་པོའི་ཆབ་འོག་ཏུ་གནས་དགོས་བྱུང། རྒྱལ་བོ་གྲི་གུམ་བཙན་པོའི་དུས་སུ་ལོ་ངམ་ཁྱིམ་རྒྱུད་ལ་སྟོབས་འཛོམས་པ་དང་། ལོ་ངམ་རྟ་རྫི་ལ་བློ་གྲོས་དང་སྤྱང་གྲུང་འཛོམས་པས། གོ་སྐབས་དང་བསྟུན་ནས་བཙན་པོའི་རྒྱལ་རབས་ལ་ཕར་རྒོལ་བྱས་པར་དེང་གི་དཔྱད་རྩོམ་རྣམས་སུ་གསལ། ལོ་ངམ་རྟ་རྫི་ནི་དངོས་གནས་བྲན་གཡོག་རྟ་རྫི་ཞིག་མ་ཡིན་ཏེ། <<ལྡེའུ་ཆོས་འབྱུང་རྒྱས་པ་>>ལས། “ལོ་ངམ་ན་རེ། ང་དང་ཁྱོད་ལ་འཐབ་ཆད་མེད། ང་ང་རང་གི་ཡུལ་ན་ཆེ། ཁྱོད་ཁྱོད་རང་གི་ཡུལ་ན་ཆེ”། ཞེས་དང།
<<ལེགས་བཤད་གཏེར་མཛོད་>>ལས། “ལྷོ་བྲག་གི་ལོ་ངམ་གྱིས་ན་རེ། ཁྱོད་སྤྱི་ཕུད་ཀྱི་རྒྱལ་བོ་ཡིན། བདག་རྒྱལ་ཕྲན་བཅུ་གཉིས་ཀྱི་ཡབ་ཡིན”། ཞེས་དང།
<<སུམ་པའི་ཆོས་འབྱུང་དཔག་བསམ་ལྗོན་བཟང་>>ལས། “བློན་པོ་ལོང་ན་ཞེས་པས་རྒྱལ་བོ་བཀྲོངས”། ཞེས་གསུངས་པ་འདི་དག་གིས་ལོ་ངམ་ཞེས་པ་རུས་རྒྱུད་ཅིག་གི་མིང་ཡིན་པ་དང་། ལོ་ངམ་རྟ་རྫིའི་དངོས་མིང་ནི་ལོང་ན་ཞེས་འབོད་ཀྱིན་ཡོད་པ་སུམ་པའི་ཆོས་འབྱུང་ལས་གསུངས་ལྟར་ལེགས་སོ།། ལོང་ངམ་ལོང་ན་ནི་དཔའ་རྩལ་ཆེ་ཞིང་བློ་རིག་བཟང་བའི་མི་ནུས་པ་ཅན་ཞིག་ཡིན་པ་ལོ་རྒྱུས་རྣམས་སུ་བརྗོད་པ་ལྟར་ཡིན་པར་སྙམ་མོ། མདོར་ན་ལོ་ངམ་ནི་མི་གཅིག་གི་མིང་མ་ཡིན་པར་སྔོན་གྱི་བཙན་པོའི་སྐབས་སུ་རྒྱལ་ཕྲན་ཞིག་གི་དབང་འཛིན་པའི་ཁྱིམ་རྒྱུད་ཆེན་པོ་ཞིག་ཡིན་པ་ལ་ངེས་ཤེས་གསལ་བོ་ཞིག་འདྲོངས་ཐུབ་པར་སྙམ་མོ།།
དྲུག་པ། བརྗོད་གཞི་དང་འབྲེལ་བའི་མཇུག་གི་གཏམ།
བློན་པོ་རུ་ལས་སྐྱེས་ཀྱི་སྐྱེས་ཁུངས་དང་མཛད་རྗེས་གཉིས་ཀྱིས་མཚོན་པའི་གནས་ཚུལ་ཉུང་ཙམ་ཞིག་སྔོན་གྱི་ལོ་རྒྱུུས་དེབ་ཐེར་རྙིང་གྲས་ལྡེའུ་ཆོས་འབྱུང་། ཏུན་ཧོང་ཡིག་རྙིང་། ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་དཔྱད་གཞིར་བཟུང་ཞིང། གཞན་ཡང་ཆབ་འགག་རྟ་མགྲིན་གྱི་ཆེད་རྩོམ་གྱིས་མཚོན་པའི་དེང་གི་དཔྱད་རྩོམ་གང་མང་ཞིག་ལ་ཟུར་ལྟ་བྱས་ནས། བློན་ཆེན་རུ་ལས་སྐྱེས་ཀྱི་སྐོར་ལ་དཔྱད་པ་གནང་ཡོད་པ་རྣམས་ལས་བཏུས་ཏེ། མཁས་པ་དང་ལོ་རྒྱུས་སྨྲ་བ་དག་གི་དགོངས་ཚུལ་བཀོད་པ་གཙོ་ཆེ་བ་ལས། རང་ཉིད་ལོ་རྒྱུས་ལ་སྦྱང་ཡུན་ཐུང་བ་དང། དཔྱད་སྟོབས་ཤེས་རབ་རྟུལ་བས་དབྱེ་ཞིབ་ཀྱི་ནུས་པ་དང་བྲལ་ཕྱིར། རང་གི་བསམ་ཚུལ་རེ་ཟུང་ཙམ་ལས་མེད། ད་དུང་ཚིག་དང་དོན་སྔ་ཕྱི་མ་འབྲེལ་བ་དང་གོ་རིམ་འཁྲུལ་བ་སོགས་ཀྱི་ཉེས་སྐྱོན་མི་ཉུང་བ་ཞིག་མཆིས་པ་གདོན་མི་ཟ་བས། ཁྱེད་ཀློག་པ་པོ་རྣམས་ཀྱིས་འཛུབ་མོ་རི་སྟོན་གྱིས་དགོངས་ཚུལ་ལྷུག་པོར་གནང་སྐྱོང་ཡོང་བ་མཁྱེན་མཁྱེན་ལགས།། །།
སྤྱི་ལོ་༢༠༡༧/༠༡/༡༧ ཉིན་བྲིས།
(རྩོམ་ཁུངས། མཚོ་སྔོན་པོ་ཟིན་བྲིས།)
དུས་རྒྱུན་འདྲེན་སའི་ལུང་དེ་ག་རང་མ་གཏོགས་དམིགས་བསལ་ཅང་བཤད་མི་འདུག ཕྱོགས་གང་ས་ནས་དཔེ་གཟིགས་གནང་དགོས་ལྷག་པར་དུ་སྐབས་དེ་དུས་ཀྱི་ལོ་རྒྱུས་དང་འབྲེལ་བ་ཡོད་པ་དག་ལ་གཟིགས་ན་ད་དུང་ངེས་པ་གསར་པ་རེ་རྙེད་སྲིད་དེ་མིན་གསར་པ་གང་ཡང་མི་ཐོན། དཔེར་ན་ཡར་ལྷ་ཤམ་པོ་ཞེས་པའི་མིང་ཚིག་དེར་འབྲེལ་བཤད་ཅིག་གནང་དང་ཤེས་ངེས་རེད།
་་་་་བཀྲགས་ཀྱྀ་ཚུང་བ་བཆིག་བྲོས་ཏེ། ཕ་མྱིང་གྀ་ཡུལ་དུ་ཐར་ཏོ།། ལྟོ་ན་བུ་ཁྱེར་ཏེ་སོང་བ་བྱུང་ངོ་། ་་་་་་་
རུས་བརྒྱུད་བཀྲགས་ཀྱི་ཆུང་མ་གཅིག་བྲོས་ནས་ཕ་ཁྱིམ་དུ་ཐར་དུས་ལྟོ་ན་བུ་འཁྱེར་བ་འདི་རང་རུ་ལས་སྐྱེས་དང་། འདི་ཡང་གྲི་གུམ་གྱི་སྲས་ཡིན་པ་ནི། གཅེན་པོ་གསུམ་དང་གཅེན་མོ་གཅིག་དང་ཕ་གཅིག་མ་གཅིག་ཡིན་པ་འདིས་ཁུངས་བསྟན་འདུག
་་་་་་་ རྷྱ་ཕ་ཚན་དུ་འཐབས་སོ།། ་་་་་་ རྟ་རྫི་ལོ་ངམ་འཐབ་པར་བསྟན་འདུག ཕ་ཚན་གྱི་ཚིག་འདིས་ལོ་ངམ་དང་གྲི་གུམ་གཉིས་རིགས་རུས་གཉེན་ཚན་དུ་འགྲོ་བའང་བསྟན་འདུག་སྙམ་མོ།།
ཡུམ་ལ་ལོ་ངམ་གྱིས་རྟ་རྫིས་བཅོལ་ནས་བུ་ལོ་བཅུའམ་བཅུ་གསུམ་བར་གསོན་པོར་སྦས་ཉར་ཐུབ་པ་མི་སྲིད་ཅིང་། ཡུམ་རང་ཉིད་རང་ཡུལ་དུ་རྟ་རྫིར་བཅོལ་བའང་སྲིད། རང་གི་ཡུལ་ལྷ་ཡར་ལྷ་ཤམ་པོར་བུ་ཡི་སྲོག་སྐྱོབ་བཅོལ་བའང་སྲིད། གནས་སྐབས་བུ་ཡི་ཕ་མིང་སྦས་དགོས་པ་སྨོས་ཅི་དགོས། རྨི་ལམ་འདིས། ཡུམ་རང་གི་བུ་དེ་མི་ལས་ལྷག་པ་ལྷའི་བུ་ཞིག་གི་ནུས་པ་ཡོད་མདོག་སྟོན་ཕྱིར་རྨི་ལམ་གྲུང་རྩོམ་བྱས་པའང་སྲིད་པས། སྔར་གྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ལོ་རྒྱུས་དངོས་མ་ལས། ཡུམ་གྱི་གྲུང་རྩོམ་འདི་མཚར་ཆེ་བ་མཐོང་ནས་བྲིས་པ་ཡང་སྲིད་། ཡང་ན། རྒྱལ་བུ་འབྲུམ་ལྡན་གྱི་སྐབས་སུ། རྨི་ལམ་འདི་ཡང་རྨིས་པ་ཡང་སྲིད་དོ།།
མཛངས་རབས་དེ་དག་རྫུན་ཡིན་པ་ས་རྒྱུས་པ་ཚོས་བརྟག་དཔྱད་ཀྱི་ལམ་ནས་ངོ་འཕྲོད་ཟིན་པ་རེད། ད་དུང་ཨུ་ཚུགས་དེ་འདྲ་བྱས་ནས་ཕན་ཐོག་གང་ཡོད་དམ།
རྒྱ་ནག་མི་མང་དུང་ཕྱུར་གཅིག་རྩ་མེད་བཟོས་པའི་སྡིག་ཉེས་ཆེན་པོ།
http://tibettimes.net/%E0%BD%A2%E0%BE%92%E0%BE%B1%E0%BC%8B%E0%BD%93%E0%BD%82%E0%BC%8B%E0%BD%98%E0%BD%B2%E0%BC%8B%E0%BD%98%E0%BD%84%E0%BC%8B%E0%BD%91%E0%BD%B4%E0%BD%84%E0%BC%8B%E0%BD%95%E0%BE%B1%E0%BD%B4%E0%BD%A2%E0%BC%8B/
གནའ་བོའི་ལོ་རྒྱུས་ཕལ་མོ་ཆེ་ནི་སྐབས་དེ་དུས་ཀྱི་སྡེ་དཔོན་ནམ་རུ་དཔོན་ཚོས་ལོ་རྒྱུས་ངག་རྒྱུན་དུ་གྲགས་པ་རྣམས་ཕྱིས་སུ་རྒྱལ་བོ་ག་གེ་མོ་ཞིག་གི་ལོ་རྒྱུས་ཡིན་མདོག་གིས་ཡིག་ཐོག་ཏུ་བཀོད་ནས་རྒྱ་ཆེ་རུ་བཏང་བ་དོན་མི་ཟ་ན་འང་། དུས་རབས་བཅུ་བའི་ཡར་སྔོན་གྱི་ལོ་རྒྱུས་སུ་ལ་ཡང་རེག་ཐབས་མེད་པས་རྫུན་གཏམ་ཤོད་པ་ལས་ཐབས་གཞན་མེད། ཕྱོགས་གཞན་ཞིག་ནས་ལོ་རྒྱུས་རྩོམ་པ་པོ་དེ་དག་གིས་རང་ཉིད་གནའ་བོ་ལོ་རྒྱུས་ལ་མཁས་མདོག་བསྟན་པ་ཡིན་ངེས་ཀྱང་ཕྱི་རབས་པ་དག་གིས་ལག་པ་འཇུས་སའི་ཡིག་ཆ་གཞན་གང་ཡང་མེད་པས་བྱ་ཐབས་ཟད། དོན་ལ་རུ་ལས་སྐྱེས་མི་མ་ཡིན་ཡར་ལྷ་ཤམ་པོ་སྟེ་འདྲེ་ཞིག་གི་བུ་ཡིན་པར་བཤད་འདུག མི་མི་འདྲེ་མིན་གྱི་ལོ་རྒྱུས་འབྲི་བ་བོད་ཀྱི་ལས་དབང་ཡིན་པ་འདྲ།
དགེ་འདུན་རྒྱ་མཚོ་ལགས།
གཞན་ཡུལ་རྒྱ་གར་ནས་གདན་དྲངས་འོང་རབས་ཀྱི་ཟང་ངེ་ཟིང་ངེ་དེ་ཚོ་ལྷ་ཡིན་པའི་སྒྲུབ་བྱེད་དང་།
རང་ཡུལ་བོད་སྲིད་པ་ས་ཆགས་གནམ་ཆགས་ཀྱི་མགུར་ལྷ་བཅུ་གསུམ་དང་བརྟན་མ་བཅུ་གཉིས། བོད་སྲིད་པ་ཆགས་པའི་ལྷ་དགུ་སོགས་་་འདྲེ་ཡིན་པའི་སྒྲུབ་བྱེད་གང་འཇོག་རྒྱུ་ཡོད་དམ།
་་་་་་་་་ ་་་་་་་་་་ འུང་གྀ་བཀྲགས་ཀྱྀ་བུ་ལྷ་བུ་རུ་སྐྱེས་ཕ་ཚན་དང་། ཧྱ་ཕན་དུ་འཐབས་སོ། ཧྱས་བཀྲགས་རབས་བཆད། དུད་སྣ་ཕོ་ལོ་བཀྲགས་ཀྱི་ཆུང་བ་གཆིགབྲོས་ཏེ། ལྟོ་ན་ཁྱེར་ཏེ་སོང་བ་བྱུང་ངོ་། བུ་སྤུས་ལ་འགྲེང་ནུས་ཙམ་ནས་། མ་ལ་མྱྀ་གང་བྱ་གང་ལ་རྗོ་བོ་ཡོད་ན་ངའི་ཇོ་བོ་ག་རེ། མྱྀ་བྱ་གང་ལ། ཕ་ཡོད་ན་ངའི་ཕ་ག་རེ་ཅེས་ཟེར་ཏོ། ང་ལ་སྟོན་ཆིག་ཅེས་མཆི་ན་། མའྀ་མཆྀད་ནས། ་་་་་་་་་་ ་་་་་་་་་་་ ་་་་་་་ ་་་་་་་་ ཁྱོད་ཀྱི་ཕ་ནྀ་ཧྱས་བསད་དོ། ཁྱོད་ཀྱི་ཇོ་བོ་བཙན་པོ་ནྀ། ལོ་ངམ་རྟ་རྫིས་བཀྲོངས་ཏེ། ་་་་་་་་ ་་་་་་་་་་