འཇིགས་མེད་དབང་འདུས།
ལྷབ་ལྷུབ་གཡོ་བའི་ཁ་བ་གནམ་ནས་ལྷུང།།
ཧྲག་ཧྲག་རླུང་སྒྲ་རི་བོའི་རྩེ་ནས་གྲགས།།
གོས་སློག་གསུམ་བརྩེགས་གྱོན་ཡང་གྲང་ལྷང་ལྷང་།།
ཕྱི་ནང་ཐམས་ཅད་འཁྱག་པས་རྡོ་བཞིན་གྱུར།།
བྱེའུ་ཆུང་རི་བོང་རྣམས་ཀྱང་ཁ་བས་བཟི།།
ཕྱི་འགྲོ་ནང་ཡོང་འགྲུལ་བ་མཐོང་རྒྱུ་དཀོན།།
འདི་བསམ་བཞིན་བསམ་བཞིན་སེམས་རེ་སྐྱོ།།
སེམས་སྐྱོ་བའི་གསང་གཏམ་སུ་ལ་བཤད།།
འབད་ཀྱང་ཟིན་པ་མེད་པ་འཇིག་རྟེན་གྱི་བདེ་བ།།
བྲོས་ཀྱང་ཐར་ས་མེད་པ་ཉིན་ལྟར་གྱི་འཚོ་ལས།།
བྲོས་འདེད་རླབས་ཀྱི་བརྩོན་པའི་སྒྱུ་མ་ཡི་ཁྲོད་ནས།།
བཀའ་དྲིན་གཞལ་ཟླ་བྲལ་བའི་བླ་མ་དེ་དྲན་བྱུང་།།