༢༠༡༠ ཟླ་ ༣ ཚེས་ ༡༠ ཉིན་དགེ་རྒན་ཆེན་མོ་ཨེ་་ལིའོ་ཊི་ སྤེར་ལིང་དང་ལྷན་དུ་བཅར་འདྲི་བྱས་པ།
————————-
དྲི་བ། དེང་སང་ཨ་རིའི་སློབ་གྲྭ་ཆེན་མོ་དག་དང་དེ་བཞིན་རྒྱལ་སྤྱིའི་ནང་ “བོད་རིག་པའི་”སྐོར་ལ་རྩོམ་ཡིག་མང་པོ་འབྲི་གི་ཡོད་རེད། དེས་ན། རྩོམ་འབྲི་དུས་གལ་ཆེ་ཤོས་ཀྱི་ཆ་རྐྱེན་ག་རེ་རེད།
ལན། ཆ་རྐྱེན་གལ་ཆེ་ཤོས་དེ་ཚན་རིག་དང་མཐུན་པ་བྱེད་དགོས་པ་དེ་རེད། འདི་ལ་འགྲེལ་བཤད་སྣ་ཚོགས་ཡོད། མི་ཁ་ཤས་ཀྱིས་ཚན་རིག་དང་མཐུན་པ་ཞེས་པ་དཔེར་ན་རྫས་འགྱུར་རིག་པ་ལྟ་བུའི་ཚན་རིག་ལ་ཟེར་གི་ཡོད་རེད། ང་ཚོའི་བོད་རིག་པ་ལ་ཆ་གཞག་ན། རྒྱུ་ཆ་དང་ཁུངས་ཞིབ་ཚགས་པོར་འབྲི་དགོས་པ་རེད། ང་ཚོའི་ཀློག་མཁན་ཚོས་ཀྱང་ཁུངས་དང་རྒྱུ་ཆ་དེ་ཚོ་ཤེས་ནུས་པ་ཞིག་འབྲི་དགོས་པ་རེད། དེ་བཞིན་ང་ཚོའི་རྩོམ་ཡིག་གི་ཆ་ཤས་ཤིག་དབྱིན་ཡིག་ཏུ་བསྒྱུར་བ་ཡིན་ན། བོད་ཡིག་གི་མ་ཡིག་ཀྱང་འབྲི་དགོས་པ་རེད། ཡང་། དེང་སང་གི་བོད་རིག་པའི་ཞིབ་འཇུག་དེ་མ་དར་གོང་ལ། བོད་ལ་ཞིབ་འཇུག་གི་སློབ་སྦྱོང་མེད་པ་དེ་འདྲ་ཡང་མ་རེད། གནའ་རབས་བོད་ལ་མཁས་དབང་དང་མཁས་པ་ཧ་ཅང་མང་པོ་ཡོད་རེད། ད་དེང་རབས་ཀྱི་ཞིབ་འཇུག་སློབ་སྦྱོང་བྱེད་སྲོལ་འདི་ཕལ་ཆེར་ནུབ་ཡུལ་ནས་དར་བ་རེད། ནུབ་ཕྱོགས་སུ་སློབ་སྦྱོང་བྱེད་ཚུལ་འདི་དུས་རབས་མང་པོ་བརྒྱུད་ནས་གོང་འཕེལ་དུ་ཕྱིན་པ་ཞིག་རེད།
དྲི་བ། དེ་འདྲ་ཡིན་ན། ནུབ་ཕྱོགས་ཀྱི་ཞིབ་འཇུག་རྩོམ་ཡིག་ཅིག་ལ་ཚང་དགོས་པའི་རྣམ་པ་ག་རེ་ཡོད་རེད།
ལན། ཐོག་མ་དེ་རྒྱུ་ཆ་དགོས་པ་རེད། ང་ཚོས་བརྗོད་གཞི་ཞིག་ཞིབ་འཇུག་བྱེད་ཀྱིན་ཡོད་ན། བརྗོད་གཞི་དེའི་ཐོག་ཞིབ་འཇུག་བྱེད་མཁན་གཞན་གྱིས་གང་དང་གང་བྲིས་ཡོད་པ་དང་། གནས་ཚུལ་གསར་པ་གང་ཡོད་པ་དེ་ཚོ་ཡང་ཐོག་མར་ཤེས་དགོས་པ་རེད། ཡང་དེང་རབས་ཅན་གྱི་མཁས་པ་ཚོའི་ཞིབ་འཇུག་སྔོན་གྱི་སྲོལ་རྒྱུན་མཁས་པ་ཚོས་གང་བྲིས་ཡོད་པ་དེ་ཚོ་ཡང་ཤེས་དགོས་པ་རེད། རྩོམ་དེ་ཚོ་ཀློག་དགོས་པ་རེད། མི་གཞན་ཞིག་གིས་བྲིས་ཟིན་པའི་བརྗོད་གཞི་ཞིག་ཁྱེད་ཀྱིས་ཡང་བསྐྱར་བྲིས་པ་ན་དེས་ཕན་གི་ཡོད་མ་རེད། གལ་ཆེ་ཤོས་དེ་གནས་ཚུལ་གསར་པ་ཞིག་འདོན་དགོས་གི་རེད། ཚན་རིག་དང་མཐུན་པའི་ཞིབ་འཇུག་བྱེད་ཚུལ་དེ་རེད། དེ་ཙམ་དུ་མ་ཟད། གྲལ་རིམ་དང་པོའི་ཞིབ་འཇུག་རྒྱུ་ཆ་ལ་ཡང་བལྟ་དགོས་པ་རེད། དཔེར་ན། བོད་སོག་གི་འབྲེལ་བ་ལ་ཞིབ་འཇུག་བྱེད་མཁན་ཞིག་ཡིན་ན། དང་ཐོག་བོད་ཀྱི་གནའ་རབས་ཡིག་ཆ་དཔེར་ན་ས་སྐྱ་གདུང་རབས་སོགས་གང་ཡོད་ཤེས་དགོས་པ་རེད། ཤེས་པ་ཙམ་གྱིས་ཀྱང་འགྲིག་གི་མ་རེད། དེ་ནས་བསྡུར་དགོས་པ་རེད། དཔེར་ན་དེབ་ཐེར་དམར་པོ་དང་རྒྱ་བོད་ཡིག་ཚང་ལྟ་བུ་ལ་བོད་སོག་སྐོར་ལ་གནས་ཚུལ་མང་པོ་ཡོད་མོད་མཚམས་རེར་མཚུངས་པ་དང་མཚམས་རེར་མི་མཚུངས་པ་ཡོད་པ་རེད། དེ་དག་ཀྱང་ཤེས་པ་བྱེད་དགོས་པ་རེད། དེ་ནས་གནད་དོན་རེ་རེ་ལ་འཐད་དང་མི་འཐད་ཀྱི་རྒྱུ་མཚན་རྣམས་ཞིབ་ཚགས་སུ་འབྲི་དགོས་རེད། མཚམས་རེར་སྐད་ཡིག་གཞན་གྱི་རྒྱུ་ཆའང་བེད་སྤྱོད་བྱེད་དགོས་པ་རེད། དཔེར་ན། ཡོན་རྒྱལ་རབས་ཀྱི་ཡིག་ཆ་མང་ཆེ་བ་རྒྱ་ཡིག་ཏུ་བྲིས་ཡོད་པ་རེད། རྒྱ་ཡིག་ལའང་ཞིབ་འཇུག་བྱེད་དགོས་པ་རེད། དེ་མེད་ན་ཞིབ་འཇུག་ཁ་མ་ཚང་བ་རེད། དེ་ཡང་ཚན་རིག་དང་མཐུན་པ་ཞིག་བྱེད་དགོས་པ་རེད། མཚམས་འདིར་ངས་སྐད་ཆ་འདི་བཤད་འདོད་བྱུང་། དེ་སྔོན་བོད་ནང་ལ་ཧ་ཅང་ཚད་དང་ལྡན་པའི་མཁས་པ་དང་མཁས་པའི་ཞིབ་འཇུག་ཡོད་པ་རེད། ཡིན་ན་ཡང་དེ་དག་དེང་རབས་ཅན་གྱི་ཚན་རིག་དང་མཐུན་པའི་ཞིབ་འཇུག་མ་རེད། སྐབས་འདི་ལ་འཛམ་གླིང་ཚང་མ་གཅིག་པ་རེད། རྒྱ་གར་དང་རྒྱ་ནག་ལ་ཡང་དེ་བཞིན་རེད། དེ་ནས། དུས་རབས་བཅུ་དགུ་པའི་ནང་བོད་ལ་ཞིབ་འཇུག་བྱེད་མཁན་གྱི་དབྱིན་ཇི་བ་དེ་འདྲ་ཡང་ཡོད། ཁོང་ཚོར་ཚན་རིག་གི་སློབ་སྦྱོང་ཡོད་ན་ཡང་བོད་ཀྱི་རིག་གཞུང་གི་སློབ་གསོ་ཡོད་མ་རེད། ཁོང་ཚོས་དྲང་བདེན་མ་ཡིན་པའི་ཐོག་ནས་བོད་ཀྱི་མཁས་པ་བེད་སྤྱོད་བྱས་ཡོད་པ་རེད། བོད་ཀྱི་མཁས་པའི་ཤེས་ཡོན་གྱིས་བྲིས་པ་དེ་ཚོ་སོ་སོ་རང་རང་གི་ཡིན་ཞེས་བཤད་ཡོད་པ་རེད། དེ་ནས། ད་དུས་རབས་ཉི་ཤུ་རྩ་གཅིག་པ་ལ། མི་མང་པོས་ཚན་རིག་དང་མཐུན་པའི་ཞིབ་འཇུག་བྱེད་ཚུལ་འདི་ཤེས་གི་ཡོད། ཡིན་ན་ཡང་བོད་ཀྱི་སྐད་ཡིག་ལ་བྲིས་པ་དེ་ཚོ་ད་དུང་རྗེས་ལུས་ཐེབས་པ་ཡོད་པ་རེད། དཔེར་ན། གནས་ཚུལ་མང་པོ་ཤེས་གི་ཡོད་ནའང་གནས་ཚུལ་དེ་ཚོའི་ཁུངས་གང་ནས་ཡིན་པ་ཞིབ་ཚགས་པོར་འབྲི་དགོས་པ་རེད། དེ་འདྲ་བྲིས་པ་ཡིན་ན། ཀློག་མཁན་ཚོས་ཀྱང་ལས་སླ་པོར་ཤེས་གི་རེད། འདི་འདྲ་ རྫས་འགྱུར་ལའང་གཅིག་པ་རེད། རྫས་འགྱུར་ལག་ལེན་བྱེད་སྐབས་ཉམས་མྱོང་གསར་པ་གང་ཡོད་པ་དེ་ཚོ་ཞིབ་ཚགས་པོར་འབྲི་དགོས་པ་རེད། དེ་ནས་སློབ་སྦྱོང་བྱེད་མཁན་གཞན་གྱིས་ཀྱང་དེ་ལ་ཚོད་ལྟ་བྱེད་ཐུབ་གི་རེད། འདི་བོད་རིག་པའི་ཞིབ་འཇུག་ལ་ཡང་གཅིག་པ་རེད།
དྲི་བ། རྩོམ་ཡིག་བརྗོད་བྱ་འདེམས་སྟངས་དེ་ག་རེ་རེད།
ལན། དེ་སོ་སོའི་འདོད་པ་རེད། སོ་སོ་འདོད་པ་ཡོད་པ་ཞིག་དགོས་པ་རེད། འདོད་པ་མེད་ན་འགྲུབ་གི་མ་རེད། སོ་སོ་རང་རང་གི་དོ་སྣང་ཡོད་ན། དེབ་དང་དུས་དེབ་གང་ཡོད་བརྩད་གཅོད་བྱེད་རྒྱུ་དེ་རང་བཞིན་རེད།
དྲི་བ། རྩོམ་ཡིག་འབྲི་དུས་བསམ་ཚུལ་འབྲི་ཆོག་མི་ཆོག་ཟེར་བ་དེ་གང་འདྲ་རེད།
ལན། རྩོམ་ཡིག་འབྲི་དུས་བསམ་ཚུལ་འབྲི་ཆོག་པ་རེད། དེ་ཡང་ཞིབ་འཇུག་བྱེད་དུས་ར་སྤྲོད་ཀྱི་ཁུངས་ལུང་མ་རག་པའི་སྐབས་ལ་ངེད་ཀྱི་བསམ་ཚུལ་ལ་འདི་འདྲ་རེད་ཅེས་འབྲི་ཆོག་གི་རེད། འོན་ཀྱང་བསམ་ཚུལ་ཡིན་པ་དེ་གསལ་པོར་བཤད་དགོས་པ་རེད།
དྲི་བ། ད་ང་ཚོའི་རྒྱུ་ཆའི་སྐོར་གསུངས་གི་ཡོད་རེད། དཔེར་ན། དོན་གྲུབ་རྒྱལ་གྱི་མི་ཚེ་ལ་ཞིབ་འཇུག་བྱེད་པ་ཡིན་ན། རྒྱུ་ཆ་ལ་ཡིག་ཆ། པར། དེ་ནས་ནང་མི་དང་གྲོགས་པོ་དེ་ཚོ་ཡོང་གི་རེད། དེས་ན། གྲོགས་པོ་དང་མི་དེ་ཚོ་རྒྱུ་ཆར་བེད་སྤྱོད་བྱེད་སྟངས་གང་འདྲ་རེད།
ལན། དེ་བཅར་འདྲི་ཞུས་ཆོག་གི་རེད།
དྲི་བ། བཅར་འདྲི་ཁ་ཤས་དྲང་པོ་ཡོང་གི་རེད། ཁ་ཤས་དྲང་པོ་ཡོང་གི་མ་རེད། ད་དེ་ཚན་རིག་དང་མཐུན་པ་ཇི་ལྟར་བྱེད་དགོས་པ་རེད།
ལན། རེད། དེ་མི་གཅིག་གིས་འདི་ལབ་པ་ཡིན་ན། ལབ་པ་དེ་ལ་དཔང་རྟགས་ཡོད་མེད་བལྟ་དགོས་པ་རེད། ཡིད་ཆེས་འཕེར་བ་དང་མི་འཕེར་བ་ལྟ་དགོས་པ་རེད། དེ་བཞིན་དོན་གྲུབ་རྒྱལ་གྱི་སྐོར་ལ་བྲིས་པ་ཡིན་ན། གནས་ཚུལ་དེ་དག་གང་ནས་ཡོང་པ་དེ་ཡང་གསལ་པོར་འབྲི་དགོས་པ་རེད། བཅར་འདྲིའི་དུས་ཚོད་དང་ས་ཆ་ཡང་འབྲི་དགོས་པ་རེད། ཀློག་མཁན་ཚོས་ཀྱང་རྗེས་ལ་འདྲི་བརྩད་ཐུབ་པ་ཞིག་བཟོ་དགོས་པ་རེད། མཚམས་རེར་སྲིད་དོན་དང་འབྲེལ་བའི་སྐད་ཆ་དྲིས་དུས་རྙོག་ཁྲ་ཡོང་སྲིད་པ་ཡོད་པ་རེད། སྐབས་དེ་འདྲ་ལ་མིང་དངོས་མ་བྲིས་ན་ཡང་རུང་བ་རེད། དེ་ལྟར་ཡིན་ན་ཀློག་མཁན་ཚོར་དེ་ལྟར་བཤད་དགོས་པ་རེད།
དྲི་བ། རེད། ཡང་དེང་སང་བོད་རིག་པའི་སྐོར་ལ་རྩོམ་ཡིག་མང་པོ་ཡོད་པ་རེད། བརྗོད་གཞི་བྱེ་བྲག་པ་གཅིག་ལའང་སྐད་ཡིག་སྣ་ཚོགས་ཀྱི་ནང་དུ་རྩོམ་བྲིས་ཡོད་པ་རེད། དེ་ཚོ་ཀློག་དགོས་པ་རེད་དམ།
ལན། རེད་རེད། དེ་ཤེས་དགོས་པ་རེད། ཡིན་ན་ཡང་། ང་ཚོ་ཕྱི་རྒྱལ་གྱི་མི་རྣམས་ལ་ཆ་གཞག་ན་ཡང་། མི་མང་པོས་རྒྱ་ཡིག་ཤེས་ཀྱི་ཡོད་མ་རེད། དེ་འདྲ་ཡིན་དུས། རང་ཉིད་ཀྱིས་རྩོམ་ཡིག་འབྲི་སྐབས་མ་མཐའ་ལའང་རྒྱ་ཡིག་ནང་ལ་གང་ཡོད་པ་དེ་ཚོ་མི་ལ་དྲིས་ནས་ཤེས་པ་བྱེད་དགོས་པ་རེད། ཡང་བོད་ཀྱི་ཤེས་རིག་ཞིབ་འཇུག་བྱས་པ་ཡིན་ན། མ་མཐའ་ལའང་བོད་ཀྱི་སྐད་ཡིག་ཤེས་དགོས་རེད། བོད་ཀྱི་སྐད་ཡིག་མ་ཤེས་ན། བོད་རིག་པ་བ་ཡིན་པའི་ཐ་སྙད་བེད་སྤྱོད་བྱེད་ཆོག་གི་མ་རེད། ཉུང་མཐའ་ལ་ཡང་བོད་པ་དང་བོད་ཀྱི་རིག་གཞུང་ལ་གུས་ཞབས་བྱེད་དགོས་གི་རེད། དེ་ནས་བོད་ཀྱི་ཤེས་རིག་ལ་ཞིབ་འཇུག་བྱས་པ་ཡིན་ན། བོད་པ་ཚོས་གང་བྲིས་པ་དེ་ལ་གཞིར་བཟུང་ནས་མགོ་འཛུགས་བྱེད་དགོས་པ་རེད།
དྲི་བ། ངའི་དྲི་བ་མཐའ་མ་དེ་ལ། དབྱིན་ཇིའི་སྐད་ཡིག་ལ། རྩོམ་འབྲི་དུས་ལག་དེབ་ལྟ་བུ་ག་རེ་རེད།
ལན། ལག་དེབ་དེ་ལ་འདྲ་མི་འདྲ་ཡོད། དེ་ལ་ཁྱད་པར་ཆེན་པོ་ཡོད་མ་རེད། དཔེར་ན། དེང་རབས་སྐད་ཀྱི་མཐུན་ཚོགས་ཀྱི་ལག་དེབ་དང་།(MLA) ཆི་ཁ་གོའི་ལག་དེབ་ (Chicago Manual) ཟེར་བ་དེ་འདྲ་ཡོད་པ་རེད། ཡང་རྩོམ་ཡིག་དེ་དུས་དེབ་ཅིག་གི་ཆེད་དུ་བྲིས་པ་ཡིན་ན། དུས་དེབ་སོ་སོར་ཡང་ལག་དེབ་ཀྱི་རྣམ་པ་ཡོད་པ་རེད་ལ། དེ་དུས་དེ་ཚོར་བསྟུན་དགོས་པ་རེད། གང་ལྟར་ལག་དེབ་ལ་ཁྱད་པར་ཆེན་པོ་ཡོད་མ་རེད། ཤོག་གྲངས་དང་ཁུངས་ཀྱི་པར་མ་གང་ཡིན་གསལ་པོར་འབྲི་དགོས་པ་རེད།
༼མཆན། བཅར་འདྲི་ཞུ་མཁན་དགེ་འདུན་རབ་གསལ་ཡིན།༽
ང་སྡོད་སའི་གཙུག་ལག་སློབ་ཁང་དུ། ཞིབ་འཇུག་གི་རྩོམ་ཡིག་ཁག་འབྲི་དུས། ཉུང་མཐར་ཡང་ཁུངས་མ་འདྲ་བ་བཞི་ལྔ་དགོས་ཀྱི་འདུག
ཁུངས་དེ་ཚོ་དཔེ་དེབ་དང་དྲ་རྒྱ་གཉིས་ཀ་ཡིན་ཆོག་གི་རེད། འོན་ཀྱང་། (Wikipedia) ཞིབ་འཇུག་གི་རྒྱུ་ཆའི་ཁུངས་ལ་འགྲོ་གི་མ་རེད། བེད་སྤྱོད་བཏང་ཆོག་གི་མ་རེད། འདི་གཙུག་ལག་སློབ་ཁང་ཕལ་ཆེར་བར་འདི་ལྟར་ཡིན་པ་འདྲ།
དེ་ནས། ཞིབ་འཇུག་གི་རྩོམ་ལབ་དུས། གཙོ་བོ་ཁུངས་དེ་ཚོ་ནས་ལུང་འདྲེན་བྱེད་དགོས་ཀྱི་ཡོད་པ་རེད། ལུང་འདྲེན་བྱེད་སྟངས་ལ་ཡང་རིམ་པ་གསུམ་རེད།
དང་པོ། མ་ཚིག་གང་ཡིན་པ་དེ་ཐད་ཀར་མར་བཤུ་བ། ཐད་བཤུ་བྱས་ན་གང་ཐད་བཤུ་བྱས་བ་དེ་གུུག་སྟངས་ཀྱི་ནང་ལ་འཇོག་དགོས་རེད། གཉིས་པ། མ་ཚིག་དེའི་བརྗོད་བྱ་གནད་བསྡུས་བྱས་ནས་འབྲི་སྟངས་། གསུམ། མ་ཚིག་གི་གོ་དོན་དེ་རང་ཚིག་ལ་བཞག་ནས་འབྲི་སྟངས། རིམ་པ་ཕྱི་མ་གཉིས་ཀའི་མཉམ་དུ། རྩོམ་པ་པོའི་མིང་དང་རྒྱུ་ཆ་དེ་ཡོང་སའི་ཤོག་གྲངས་གཉིས་མཉམ་སྦྱར་བྱེད་དགོས་གི་རེད། འོན་ཀྱང་། རང་ཉིད་སྒེར་གྱི་བསམ་ཚུལ་གང་ཐུབ་ཐུབ་ཀྱིས་ཉུང་འཕྲི་བྱེད་དགོས་རེད། ཇི་ཙམ་གྱིས་སྒེར་གྱི་བསམ་ཚུལ་
ཉུང་ན་དེ་ཙམ་གྱིས་རྩོམ་དེ་ཁུངས་ཐུབ་ལ་བརྩི་གི་རེད། ད་དུང་། རྩོམ་ཁ་ཤས་ཀྱི་ཁུངས་ལ་དུས་ཚོད་ཀྱི་ཁྱད་པར་ཡང་ཡོད་རེད། དཔེར་ན། ཁུངས་ཡོང་ས་དེ་ཕྱི་ལོ་༢༠༠༥ལོའི་ཚུན་ཆད་ཀྱི་ཁུངས་ཡིན་དགོས་ཟེར་བ་འདྲ་བོ།
འདི་ཚོའི་སྐོར་ལ་བསམ་བློ་གཏོང་ཞོར་དུ། ཁ་ཕྱིར་འཁོར་ནས་ང་ཚོས་དྲ་ཐོག་ཏུ་བོད་ཡིག་ནང་བྲིས་བ་རྣམས་ྐློག་ན། རྩོམ་ཕལ་ཆེ་བའི་བརྒྱ་ཆ་བརྒྱད་ཅུ་དེ་སྒེར་གྱི་བསམ་ཚུལ་རེད་འདུག
མིག་ཕྱེ་གི་འདུག མུ་མཐུད་ནས་འདི་འདྲ་ཀློག་རྒྱུ་བྱུང་ན་གང་འཚམ་ཞིག་ནས་རང་ཉིད་ལའང་རེ་བ་རེ་མེད་འགྲོ་བསམ་པ་ཞིག་འདུག ཐུགས་རྗེ་ཆེ།
ང་ལ་ནི་སྔོན་གྱི་མཁས་པ་ཚོས་དཀའ་ངལ་རྒྱག་མི་དགོས་པར་བླ་མ་གོང་མ་ཚོའི་གསུང་འབུམ་ཁྲོད་ནས་རང་དང་རང་གི་དྲུང་ཡིག་གི་ནུས་པས་ལྕོགས་ཚོད་རེ་བཤུས་རྗེས་ངའི་གསུང་འབུམ་འདི་དང་དེ་ཞེས་ཤིང་དཔར་དུ་བརྐོས་ཏེ་ཚར་བརྒྱ་ཕྲག་རེ་དཔར་ནས་གོས་ཆེན་གྱིས་བཏུམས་ཏེ་མི་མང་ལ་ངོམ་སོ་བྱེད་པའི་ལུགས་སྲོལ་སྐྱིད་པོ་དེ་རང་བདེ་བོ་འདུག དེ་མིན་ངས་གོང་གི་ཁྱད་ཆོས་གསུམ་ལྡན་ལྔ་ལྡན་གྱི་དཔྱད་རྩོམ་དེ་འདྲ་ཞིག་མི་ཚེ་འདི་ཕར་ཞོགས་སྐྱེ་བ་རྗེས་མར་ཡང་འཇོན་གི་མ་རེད།
བཀུར་འོས་དྲ་གྲོགས་རྣམ་པར་དྲི་བ་འགའ་ཤས་འདོན་རྒྱུ་ཡིན་ལགས་ན། ངའི་རེ་འདུན་མངོན་གྱུར་ཡོང་བའི་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་ཡོད།
༡》 དཔྱད་རྩོམ་གྱི་ངོ་བོ་དང་ལས་འགན། སྒྲུབ་ཕྱོགས་དང་དགག་ཕྱོགས། ཚད་གཞི་དང་དཔྱད་ཐབས། བརྗོད་གཞི་དང་ཆ་རྐྱེན་སོགས་ངོ་སྤྲོད་མདོར་བསྡུས་ཤིག་གསུང་རོགས་ཞུ།
༢》 གནའ་རབས་དང་དེང་རབས། ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་དཔྱད་རྩོམ་ལ་དཔྱད་ཐབས་ཀྱིས་མཚོན་པའི་མི་འདྲ་བའི་ཁྱད་པར་ག་རེ་ཡོད་པ་རེད།
༣》 དཔྱད་རྩོམ་གྱིས་ཤེས་རྟོགས་བསྐྱེད་པ་དང་སློབ་གསོ་སྤེལ་བ་ལ་སོགས་པའི་ཕན་ནུས་ག་འདྲ་ཞིག་ཐོན་གྱི་ཡོད་པ་རེད་དམ།
༤》 དཔྱད་རྩོམ་གྱི་སྒྲོམ་གཞི་ཞིག་གི་མགོ་འཛུགས་པའི་སྐབས་སུ། ངེས་པར་དུ་གྲ་སྒྲིག་བྱེད་དགོས་པ་དང་ཆ་རྐྱེན་ཅི་ཙམ་ཞིག་ཚང་དགོས་པ་རེད་དམ།
༥》 དཔྱད་རྩོམ་གྱི་གྲུབ་འབྲས་ཤིག་འཇོག་དགོས་པའི་དབང་དུ་བཏང་ན། དཔྱད་གཞིར་རྒྱུས་མངའ་ཟབ་དགོས་པའམ་དཔྱད་ཐབས་ཆེས་ཕུན་སུམ་ཚོགས་ཡིན་དགོས་པ་རེད་དམ། ཡང་ན། ལྟ་སྟངས་གསར་པ་ཞིག་འདོན་རྒྱུའམ་རྒྱུ་ཆ་གང་མང་ཞིག་གི་སྙིང་དོན་བསྡུས་ནས་ཕྱོགས་སྡོམ་བྱེད་དགོས་པ་རེད།
༦》 དཔྱད་རྩོམ་འབྲི་སྟངས་དང་སློང་སྟངས་ལ་སློབ་སྦྱོང་བྱེད་དུས། མཉམ་འཇོག་དང་དོ་སྣང་གང་ཞིག་གི་ཕྱོགས་ལ་གཙོར་འདོན་བྱེད་དགོས་པ་རེད་དམ།
གོང་གི་ཕྱི་གླིང་བ་དེར་ཧ་གོ་ན་སེམས་ལ་དེ་ཟུངས་མི་གོ་ན་མར་ར་སྒོར་བུད་ཟེར་གི་ལོབས་ཨ།
ཁ་སྔོན་ང་ཚོའི་དྲ་ཐོག་འདི་ན་ཡང་། རྒྱ་ནག་ཉམས་ཞིབ་པ་སོགས་ཁ་ཤས་ཀྱིས་གནས་ཚུལ་གྱི་ཁུངས་(Wikipedia) ལ་གཏུགས་ནས་འཁྱེར་ཡོང་མཁན་ཁ་ཤས་ཤིག་འདུག་དྲན་སོང་།
གང་ལྟར། དེ་ཁུངས་དག་པོ་དང་བཙན་པོ་གཉིས་ཀ་མ་རེད།
(Wikipedia)ཝི་ཁི་རིག་མཛོད་དེ་ཁུངས་ཡང་དག་མ་ཡིན་པ་ལའང་རྒྱུ་མཚན་ཞིག་ཡོད་རྒྱུ་རེད།
རྒྱུ་མཚན་ག་རེ་རེད། དེ་ལ་གང་བཤད་ཀྱི་འདུག
རིག་འབྱུང་ལགས།
ཟླ་བ་གཞོན་ནུ་ལགས། (Wikipedia)ལྦི་ཁི་རིག་མཛོད་ཟེར་བ་དེ་ཞིབ་འཇུག་གི་རྒྱུ་ཆའི་ཁོངས་ལ་བེད་སྤྱོད་བཏང་ཆོག་གི་མེད་པའི་རྒྱུ་མཚན་གཙོ་བོ་ཞིག་ནི།
ལྦི་ཁི་རིག་མཛོད་ཀྱི་ནང་དུ་ཁུངས་དག་པ་དང་མ་དག་པ་གཉིས་ཀ་ཡོད་རེད་། རྒྱུ་མཚན། དེའི་ནང་དུ་གནས་ཚུལ་དང་བསམ་ཚུལ་སོགས་ག་རེ་བླུགས་བླུགས་རེད།
གནས་ཚུལ་འཇོག་མཁན་སུ་ཡིན་ན་ཡང་འགྲིག་གི་རེད། དཔེར་ན། ཁྱེད་ཀྱིས་གནས་ཚུལ་དག་པ་ཞིག་བཞག་ཆོག་གི་རེད། ངས་གནས་ཚུལ་མི་དག་པ་ཞིག་བཞག་ཆོག་གི་རེད།
དེར་བརྟེན། ཞིབ་འཇུག་གི་རྒྱུ་ཆའི་ཁོངས་སུ་བེད་སྤྱོད་བཏང་ཆོག་གི་མི་འདུག
ད་དུང་འཇམ་དཔལ་རྩ་རྒྱུད་དང་སློབ་དཔོན་པད་མའི་གཏེར་ཡིག་ལྟ་བུ་རྣམས་ཀྱང་ཚན་རིག་དང་མཐུན་པའི་ལུང་ལ་བརྩི་གི་མ་རེད། ཚན་རིག་དང་མཐུན་པ་ཟེར་བ་དེ་མཐར་ཐུག་གི་སྡོམ་ཚིག་གཅིག་པོ་ལ་ཟེར་གྱི་མེད་པར། སྡོམ་ཚིག་དེ་ཡོང་སྟངས་དང་ཡོང་ལུགས་ཚང་མ་སོ་སོ་སྐྱེ་བོའི་སྤྱོད་ཡུལ་དུ་འགྱུར་ཐུབ་པ་ཞིག་ཡིན་དགོས།