རྩེཿམུན་སེལ།
ལྷང་ལྷང་ཅོང་སྒྲ་དལ་མོའི་སྔོན་བརྡ་ཡིས་བསུས་ཏེ།།
ལྔ་རིག་བསུང་ཞིམ་འཐུལ་བའི་ལྡིང་ཁང་དུ་འཛོམས་པ།།
ཁྱེད་དང་ང་ཚོའི་དམིགས་འདུན་བཟང་པོ་ཞིག་འགྲུབ་སླད།།
རྟེན་འབྱུང་མཚར་སྡུག་སྒེག་མོས་བསྡུས་པ་ཞིག་མིན་འགྲོ།
བཤད་སྒྲོས་རྐང་ལམ་འདེད་པའི་ཧོལ་རྒྱུག་དེ་མི་བྱེད།།
འཁྱོར་ཉོག་ར་བཟི་སྨྱོན་པའི་ངང་ཚུལ་དེས་ཅི་བྱ།།
རེ་དོགས་མདུད་པའི་ཚིགས་ཀོང་མེ་ནང་ལ་འཕངས་ཤིང་།།
གུ་ཡངས་ཉམས་དགའི་ངང་ནས་གཏམ་བཟང་ལ་རོལ་དགོས།།
བཤད་པའི་ཚིག་ལ་བཅུད་ཀྱི་སྙིང་པོ་ཞིག་འདུག་ན།།
བྱིས་པའི་ངག་གཏམ་ཡིན་རུང་སྨན་བཟང་དུ་རྟེན་འོས།།
བརྒྱ་བཤད་སྟོང་གི་མཐའ་མའི་མར་ལོ་ཞིག་མེད་ཚེ།།
ཆེན་པོའི་ཚོགས་གཏམ་ཡིན་རུང་འདོར་བྱ་རང་ཡིན་ཨང་།།
རྟོགས་དཀའི་གནད་ལས་འཕྲོས་པའི་དགག་བཞག་གི་ཕུང་པོར།།
རྒད་མོས་སྐྱོ་མ་ལྡག་པའི་བྱེད་ལུགས་དེ་ཐབས་རྡུགས།།
གོ་བར་སླ་བའི་ཐད་ནས་སྤྲོ་འདོད་ཀྱི་རྔམ་ཤུགས།།
བཏགས་ཁྱི་ཐང་ལ་ཡན་པའི་འདུར་གཤིས་དེ་རྫབ་ཅན།།
དཔྱད་བྱའི་གནས་ལ་གནད་ཀྱི་དམ་པ་ཞིག་གལ་ཆེ།།
སྒྲུབ་ངག་རྒྱུད་ལ་སྐྱོན་གསུམ་བྲལ་བ་ཞིག་མཁོ་ཆེ།།
སྙིགས་རོ་སྡུད་ཀྱིན་ཉིང་དགོས་བསྐྱུར་བ་ལ་གོམས་ཚེ།།
འུ་ཚོའི་སེམས་ལ་ངེས་ཤེས་ཡ་མེད་ཅིག་སྐྱེ་དཀའ།།
དོན་གྱི་གནད་གཞི་དུ་མ་འཕྲེད་ཀ་རུ་བསླངས་ཤིང་།།
རིག་པའི་བརྡར་ཤ་གཅོད་པའི་རྒལ་བརྟག་ལ་འཇུག་ཚེ།།
རྩུབ་མོའི་རྣམ་པའི་ངག་ཚིག་ཕྲན་ཙམ་རེ་འབྱུང་བ།།
སྔོན་དུས་འཕགས་བོད་མཁས་པའི་ཁྲོད་ན་ཡང་བཞུཊ་སྐད།།
འདི་ཉིད་ས་ཆུ་རྩོད་པའི་ནང་དམེ་དང་མི་འདྲ།།
དེ་ཉིད་དགའ་རོཊ་འཕྲོཊ་པའི་འཁོན་འཛིང་དང་མི་མཚུངས།།
ལག་པ་བྲང་ཁར་ཞོགས་ལ་ཐུགས་བསམ་རེ་མཛོད་དང་།།
ཡ་ཆུང་སྙིང་གི་འཚང་རླུང་ནུས་མེད་དུ་ཡལ་འགྲོ།།