ས་འཛིན་དཀར་པོས།
ཏཱ་ལའི་བླ་མར་དད་པ་གཙང་མདོག་འགས།།
ལྷ་འདྲེ་བར་ལ་དད་པས་ནང་དམེ་འཁྲུགས།།
དབུ་མའི་ལམ་ལ་རེ་བ་གཙང་མདོག་འགས།།
དམར་པོ་ཏང་གི་ཀུན་སྤྱོད་ནང་ལོག་བསྟན།།
ཤི་བོའི་ཁ་ཆེམས་ཡིད་ལ་ཡོད་མདོག་འགས།།
མེས་པོའི་ལོ་རྒྱུས་ནུབ་པའི་ཐབས་ལ་འབད།།
དབུ་ལམ་བོད་ལ་ཕན་པ་ཟེར་མདོག་འགས།།
རང་བཙན་དཔའ་རྒོད་ཚོ་ཡི་ཚེ་སྲོག་བཅོམ།།
ཏཱ་ལའི་བླ་མའི་བཀའ་ལ་རྩིས་མདོག་འགས།།
ཉམ་ཆུང་མི་བུའི་རང་དབང་སྨྲ་བརྗོད་འགོག།
ཆོལ་ཁ་གསུམ་ལ་ཞེན་པ་ཡོད་མདོག་འགས།།
བོད་མི་མཐུན་ལམ་མེད་པའི་ས་ཡིག་བསྡུས།།
བླ་མའི་བཀའ་ལྟར་ཞི་བ་ཡོད་མདོག་འགས།།
དམར་ཤོག་རིང་ལུགས་སྤྱོད་པ་ནང་ལ་སྤེལ།།
བོད་ཀྱི་བདེ་དོན་ཞིག་ལ་རྩོད་མདོག་འགས།།
རང་བཙན་དཔའ་རྒོད་ཚོ་ལ་ཏང་ལས་དགྲ།།
དེ་རིང་ཁ་སང་དམངས་གཙོ་ཡོད་མདོག་འགས།།
འབངས་མིའི་སྨྲ་བརྗོད་རང་དབང་ཡེ་ནས་འགོག།
གང་ཞིག་ཆོས་ལུགས་དད་པ་ཡོད་མདོག་འགས།།
གང་ཟག་འགའ་ལ་འཚེ་བའི་རིང་ལུགས་འཁྲབ།།
ཆོས་ལ་དད་མེད་མོས་པ་ཡངས་མདོག་འགས།།
དད་ལོག་སྤྱོད་པས་རང་དབང་ཚེ་སྲོག་བཅོམ།།
བླ་མར་ལྷད་མེད་དད་པ་གཙང་མདོག་འགས།།
དབུ་མའི་ལམ་ནང་ཏང་གི་རིང་ལུགས་བསྲེས།།
དུས་རབས་གསར་པའི་ལྟ་བ་ཡོད་མདོག་འགས།།
དུས་རྙིང་ཀླད་པའི་རིང་ལུགས་སྒེར་གཅོད་སྤེལ།།
དུས་ལ་བབས་པའི་ལམ་ཞིག་ཡོད་མདོག་འགས།།
དུས་ཀུན་ཏང་ལ་དགའ་བའི་རིང་ལུགས་བཟུང་།།
15-3-2017
ཡག་པོ་བྲིས་འདུག