དོལ་སྨྱོན།
ཁ་རྩང་བདག་ལ་ནད་ཅིག་ཕོག་སོང་སྨྲས་ན་ངོ་ཚ་ཉོ་བྱེད་རེད།།
ཉིན་ཤས་བར་དུ་བཙན་གྱིས་བསྡད་ཡིན་ད་དུང་སྔར་ལས་ཇེ་སྡུག་རེད།།
ད་ནི་ཅི་བྱེད་འདི་བྱེད་མེད་པར་སྨན་ཁང་ཕྱོགས་སུ་ཤར་གྱིས་བསྐྱོད།།
ཁྲེལ་དང་ངོ་ཚའི་གདོང་པགས་དེ་ཡང་ཟུར་གྱི་གད་སྙིགས་ནང་དུ་གཡུགས།།
སྨན་པས་ནད་ཀྱི་ནད་ངོ་མ་ཆོད་ཁྲག་དང་གཅིན་ལ་བརྟག་དཔྱད་བྱས།།
འཁོར་ལོ་ཅན་གྱི་ཉལ་ཁྲིའི་སྟེང་དུ་ང་རང་ཛ་དྲག་ཚུལ་དུ་བསྙལ།།
ཉི་མ་གཉིས་དང་ཕྱེད་ཀའི་རིང་ལ་གནམ་ཆུ་བར་ཆད་མེད་པར་བླུགས།།
འོན་ཀྱང་བདག་གི་ནད་ངན་དེ་ནི་སྔར་ལས་ཇེ་ན་ཇེ་སྡུག་རེད།།
སྨན་པ་འདི་ཚོར་བྱ་ཐབས་ཟད་དམ་ད་ནི་ནང་ལ་ལོག་རྒྱུགས་ཟེར།།
སྨན་སྣ་འདི་ཚོ་ཆད་ལྷག་མེད་པར་མ་རྫོགས་བར་དུ་འཐུངས་ཤིག་ཟེར།།
སྨན་ཤོག་འདི་ཚོ་བོར་རླག་མེད་པར་བདག་པོ་ཡག་པོ་རྒྱོབས་ཤིག་ཟེར།།
ད་དུང་ནད་ལ་དྲག་སྐྱེད་མེད་ན་སླར་ཡང་འདི་རུ་ཤོག་ཅིག་ཟེར།།
ད་ནི་ཅི་ཞིག་བྱས་ན་ཡག་གམ་བདག་ཡིད་སོམ་ཉིའི་དྲ་བར་ཚུད།།
ལག་པ་གཉིས་པོ་ཕྱན་དུ་བཅུག་ནས་བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་།།
རྒྱུ་རྐྱེན་ན་ལུགས་གང་ལ་བལྟས་ནའང་ཡག་རྟགས་གཏན་ནས་མི་འདུག་པས།།
ལྷ་དང་བླ་མར་གསོལ་བ་བཏབ་ནས་དྲག་སྐྱེད་ཡོང་བའི་སྐྱབས་འཇུག་ཞུས།།
བྱ་ཡི་ལོ་ལ་བྱ་ནད་ཕོག་པ་ལྟས་ངན་མིན་ན་གང་ཞིག་རེད།།
ལྟས་ངན་བརྒྱད་ཅུ་གྱ་གཅིག་དེ་ལ་ཟློག་པ་བརྒྱད་ཅུ་གྱ་དགུ་བརྒྱབ།།
རག་ཤའི་འཕྲེང་བ་ཤུགས་ཀྱིས་འཕུར་བཞིན་ཀི་ལི་ཀི་ལའི་དྲག་སྔགས་བཟླས།།
ཡུང་བ་དཀར་ནག་ཁྲ་གསུམ་བསྲེགས་པའི་དུ་བས་ཁང་ཆུང་གང་བར་བྱས།།
མདང་གསུམ་ཉལ་བའི་རྨི་ལམ་ནང་ན་ཆོས་སྐྱོང་སྲུང་མ་འཁྲུགས་འདུག་ཟེར།།
བླ་སྤྲུལ་དག་ལ་བཀུར་བ་བཏབ་པའི་རྣམ་སྨིན་འབྲས་བུ་འཁོར་འདུག་ཟེར།།
སྔོན་ཆད་རྒྱབ་སྐྱུར་ཕྱིན་ཆད་སྤང་བླང་བྱེད་པའི་དུས་ལ་བབས་འདུག་ཟེར།།
ད་དུང་ངན་པ་ལང་ཤོར་བྱས་ན་ལྟད་མོ་རྗེས་ནས་མཐོང་ཡོང་ཟེར།།
ད་ནངས་ཞོགས་པ་གཉིད་ལས་སད་དུས་སྙིང་གི་འཕར་སྒྲ་ཇེ་ཆེ་རེད།།
ལུས་ཀྱི་སྟོད་སྨད་བར་གསུམ་ཚང་མ་རྔུལ་ཆུས་བརླན་ནས་རློན་པ་རེད།།
མདང་གསུམ་རྨིས་པའི་རྨི་ལམ་དེ་ཡང་དྲན་པའི་ངོགས་ན་འཁྲིགས་སེ་རེད།།
ངོ་མ་ཡིན་ནམ་རྣམ་རྟོག་རེད་དམ་སེམས་ཀྱི་དོགས་པ་ཇེ་མང་རེད།།
དལ་བ་དལ་བུར་ཁྲོམ་ལ་ཕྱིན་ནས་ཨ་རག་དམ་བི་ཁ་ཤས་ཉོས།།
སྤོ་ཏ་ལ་ཡི་གཟིམས་སྤོས་དེ་ལ་མེ་ཞིག་སྒྲོན་ནས་དུ་བ་བདུགས།།
འབྲས་རྡོག་འགའ་ཞིག་གནམ་ལ་གཏོར་ཞིང་སེ་གོལ་རེ་ཡང་ཤུགས་ཀྱིས་གཏོགས།།
མིག་གཅིག་མ་དང་མིག་སྟོང་སོགས་ལ་སྡོང་གྲོགས་དགོས་པའི་སྐྱབས་འཇུག་ཞུས།།
དཀར་སེར་དམར་ལྗང་སྲུང་མདུད་ཡོད་ཚད་སྐེ་དང་དཔུང་པར་འདོགས་རྐྱང་བྱས།།
སྨན་གྲུབ་ཕྱག་ནས་གང་ཡོད་ཐམས་ཅད་ཐེ་ཚོམ་མེད་པར་ཟ་རྐྱང་བྱས།།
ཚ་སྦྱོར་གྲང་སྦྱོར་མང་སྦྱོར་གང་ཡོད་ཆུ་ལ་སྦངས་ནས་འཐུང་རྐྱང་བྱས།།
སྐྱབས་འགྲོ་གསོལ་འདེབས་གང་ཤེས་ཐམས་ཅད་ཡིད་གཉིས་མེད་པར་འདོན་རྐྱང་བྱས།།
ད་ནི་སྲིད་གསུམ་དགྲ་རུ་ལངས་ཀྱང་ང་རང་སྣང་དག་ཁྱོན་ནས་མེད།།
བྱ་ཡི་ལོ་ལ་བྱ་བཞིན་འཕུར་དགོས་ང་རང་གྲ་སྒྲིག་ཨང་གསར་ཡིན།།
རྣམ་རྟོག་ལངས་པའི་ནད་ངན་དེ་འདྲ་སུ་ལའང་ན་བར་མ་གྱུར་ཅིག།
རྒྱུ་འབྲས་མེད་པའི་ནད་ངན་དེ་འདྲས་སུ་ལའང་གནོད་པར་མ་གྱུར་ཅིག།
17-03-2017
དོལ་སྨྱོན་བདེན་གཏམ་སྨྲ་བ་གློ་བུར་ནད་ཀྱིས་ཟིན།
ད་ལྟའི་གཞན་ཕན་སེམས་དང་སྔོན་མའི་ལས་ཤུགས་ཀྱིས།
ཡ་ངའི་ནད་ལས་དྲག་པར་གྱུར་ཅིག་ཡིད་སྨོན་ཞུ།
གཞན་ལ་ཕན་པའི་་སེམས་བསྐྱེད་མཛད་པར་རྗེས་ཡི་རང་།།
༄༅། དོལ་སྨྱོན་ལགས་ནས་བྲིས་པའི་ནད་གཏམ་སེམས་ལ་ཤར་ཚད་ལག་ནས་བྲིས།
ཁྱེད་ཀྱིས་གང་བྲིས་མདོར་བསྡུས་སྙིང་པོ་འབྱུང་བ་བཞི་ཡིས་གཡོགས་དངོས་རེད།
ངེས་པ་མེད་པར་མི་རྟག་འཆི་བ་ཁྱེད་ཀྱི་ཉལ་ཁྲིའི་འགྲམ་དུ་འབྱོར།
འཆི་བ་མི་རྟག་འགྲམ་དུ་བསླེབས་དུས་སྨན་གཏུགས་ལྷ་བླའི་ཕན་པ་མེད།
ྱ
བྱ་ཡི་ལོ་ལ་བྱ་བཞིན་འཕུར་དགོས་ང་རང་གྲ་སྒྲིག་ཨང་གསར་ཡིན།།
ལ་དྭགས་པའི་སྐད་དུ། ཡུལ་དབེན་པར་གནའ་བོའི་སྒྲ་གདངས་ལུས་ཡོད་པས། གྲལ་སྒྲིག ཟེར་རོ། གྲ་ཞེས་པ་བོད་མཁས་པས་བྲིས་པའི་དཔེ་ཆ་ཞིག་ན། གཟིགས་ན། ང་ལ་གསུང་གྲོགས་མཛོད་། གྲ། ཞེས་པ་དུད་འགྲོའི་སྤུ་མདངས་་ཀྱི་དོན་ལ་བྲིས་སོ།