འདྲེན་བཀོད་པ་ཀླུ་སྨྱོན།
–དོགས་སེལ་རྨོངས་སྤྲུགས། དགེ་སློབ་གཉིས་འཕེལ།
ཞོགས་པའི་དུས་ཚོད་བརྒྱད་དང་ཕྱེད་ཀའི་སྟེང་དུ། དགའ་སྤྲོའི་ཐལ་སྒྲ་ཞིག་གི་དགའ་བསུའི་ཁྲོད་དུ། མཁན་པོ་བསོད་དར་རྒྱས་མཆོག་ཧྭ་ཀྲུང་དགེ་འོས་སློབ་ཆེན་གྱི་མཚན་ཉིད་རིག་པའི་སློབ་དཔྱོད་ཁང་དུ་ཕེབས་བྱུང་། དེའི་རྒྱུ་མཚན་ནི། ཟླ་དྲུག་པའི་ཚེས་བཅུ་ཉིན་གྱི་དགོང་མོར་གནང་བའི་དུས་རབས་གསར་བ་ལ་མཁོ་བ་ནི་བསམ་པའི་སློབ་གསོ་ཡིན། ཞེས་པའི་འཆད་ཁྲིད་ངོ་མཚར་ཅན་གྱིས་སློབ་གྲོགས་ཚང་མ་ལ་བག་ཆགས་བཟང་པོ་བཞག་པས། ཡང་བསྐྱར་མཁན་པོ་མཆོག་གི་འཆད་ཁྲིད་ལ་ཉན་རྒྱུའི་འདུན་པ་ཆེ་རུ་སོང་ནས་དེ་རིང་སྔ་དྲོའི་བྱེད་སྒོ་འདི་ཚུགས་པ་ཡིན། ཐེངས་འདིའི་བྱེད་སྒོ་གཙོ་བོ་ནི་ཧྭ་ཀྲུང་དགེ་འོས་སློབ་ཆེན་གྱི་རབ་འབྱམས་པ་དང་འབུམ་རམས་པ། ཞིབ་འཇུག་སློབ་མ་རྣམས་དང་མཉམ་དུ་བསམ་བློ་བརྗེ་རེས་བྱ་རྒྱུ་དེ་ཡིན།
སློབ་དཔོན་ཀའོ་ཤིན་མིན་གྱི་ཤིས་ཚིག ནང་བསྟན་ཆོས་གཞུང་དུ། མི་ཡི་ལུས་རྟེན་ཐོབ་དཀའ་ཞིང་། ། དམ་པའི་ཆོས་ནི་ཐོས་པར་དཀའ། བཤེས་གཉེན་འཕྲད་པ་དེ་བས་དཀའ། ། ཞེས་པའི་ཚིག་དུམ་ཞིག་ཡོད་པ་རེད།
མི་ལུས་ཐོབ་དཀའ་བ་ནི། དེ་རིང་འདིར་ཁྱེད་རྣམ་པ་ཞིབ་འཇུག་པ་དང་འབུམ་རམས་པ་རྣམས་མི་ལུས་ལོན་པ་མ་ཟད་རིག་གནས་ཅན་དུ་གྱུར་ནས་ཡོད་པ་འདི། རང་གིས་ཚེ་སྔོན་མར་བསྒྲུབ་པའི་རྒྱུས་དེ་ལྟར་བྱུང་བ་མ་གཏོགས་ལས་སླ་མོ་ཞིག་གཏན་ནས་མིན།
ཆོས་ཐོས་དཀའ་བ་ནི། མི་མང་པོ་ཞིག་གིས་དམ་པའི་ཆོས་ཐོས་པར་འདོད་ཀྱང་ལས་ངན་པའི་སྟོབས་ཀྱིས་གོ་སྐབས་ཤོར་འགྲོ་བ་ཡིན་པས། དེ་རིང་ང་ཚོས་འདིར་ཆོས་ཐོས་ཐུབ་པ་ནི་སྤྲོ་འོས་པའི་གནས་སུ་གྱུར་ཡོད། ཆེས་གལ་ཆེ་བ་ནི་དགེ་བའི་བཤེས་གཉེན་དང་འཕྲད་དཀའ་བ། ཞེས་པ་འདི་ཡིན་ལ་དོན་དམ་དུའང་ཤིན་ཏུ་འཕྲད་དཀའ། ངས་རྒྱུས་ལོན་བྱུང་བ་ལྟར་ན་མཁན་པོ་བསོད་དར་རྒྱས་མཆོག་ནི་དགེ་བའི་བཤེས་གཉེན་ཡིན་པར་མ་ཟད། ཡང་དག་པའི་དགེ་བའི་བཤེས་གཉེན་མཚན་ཉིད་པ་ཞིག་ཡིན་འདུག ནང་བསྟན་གྱི་རིག་གཞུང་སྨྲ་བ་དང་མདོ་སྔགས་གཉིས་ལ་མཁྱེན་རྒྱ་ཡངས་ཤིང་ཉམས་རྟོགས་ཀྱང་ཤིན་ཏུ་མཐོ་བ་རེད། ད་དུང་བརྗོད་རིན་ཡོད་པ་ཞིག་ནི། མཁན་པོ་མཆོག་གིས་རྒྱ་བོད་ཆོས་ལུགས་བགྲོ་གླེང་གི་ཐད་ལ་མཛད་རྗེས་རླབས་ཆེན་བཞག་ཡོད་པ་ཡིན་པས། ང་རང་ངོས་ནས་འདི་ལྟ་བུའི་མཁན་པོ་དང་ཉེ་བར་བཅར་ཏེ་སློབ་སྦྱོང་གི་གོ་སྐབས་བྱུང་བར་ཞེ་ཐག་པ་ནས་སྤྲོ་བ་འཕེལ་སོང་།
ཁ་སང་དགོང་མོར་མཁན་པོ་མཆོག་གི་འཆད་ཁྲིད་ལ་ཉན་ན། ཁོང་གིས་ནང་བསྟན་གྱི་འགྲོ་ལུགས་ལྟར་སྒྲུབ་ཀྱིན་ཡོད་པ་ཤེས་ཐུབ་ཅིང་། ནང་བསྟན་དུ་གནས་ལྔ་རིག་པ་ལ་སྦྱོང་དགོས་ཚུལ་བསྟན་ཡོད་ལ་འདིའི་ཕྱོགས་ནས་ལག་ལེན་ཧ་ཅང་བཟང་པོར་འདུག ནང་བསྟན་རིག་པ་མ་ཟད་འཇིག་རྟེན་གྱི་ཤེས་བྱའི་ཡོན་ཚད་ཀྱང་མཐོན་པོ་འདུག་སྟེ། དཔེར་ན། ལོ་སུའུ་དང་ཐང་དབྱིན་པུ་སོགས་ཀྱི་བསམ་བློ་ནི་ངེད་ཅག་གི་ཆེད་ལས་དང་འབྲེལ་ཡོད་ཀྱང་ཡིན་པ་རེད།
ཆེད་ལས་ཀྱི་ཐད་ནས་ཀྱང་ང་ཚོའི་བགྲོ་གླེང་བྱ་ཆོག་སྟེ། དཔེར་ན་ང་ཚོའི་བསྒྲུབ་རྒྱུའི་གནད་གཙོ་བོ་ནི་སེམས་ཁམས་མཚན་ཉིད་རིག་པ་ཡིན་ལ། སངས་རྒྱས་ཆོས་ལུགས་དང་ཁྱད་པར་དུ་བོད་བརྒྱུད་ནང་བསྟན་དུ་སེམས་ཁམས་ཀྱི་མཚན་ཉིད་རིག་པའི་སྐོར་གྱི་མ་ལག་ཆ་ཚང་པོར་ཡོད་པས། ང་ཚོ་ལ་རྗེས་སུ་ནང་བསྟན་གྱི་སེམས་ཁམས་མཚན་ཉིད་རིག་པར་ཞིབ་འཇུག་བྱ་རྒྱུའི་གྲ་སྒྲིག་གི་སྒྲུབ་གཞི་ཡོད་ཅིང་། ཁྱད་པར་དུ་བོད་བརྒྱུད་ནང་བསྟན་གྱི་སེམས་ཁམས་མཚན་ཉིད་རིག་པ་ནི། འཇིག་རྟེན་གྱི་སེམས་ཁམས་མཚན་ཉིད་རིག་པའི་འཕེལ་རྒྱས་ཀྱི་གོ་སྐབས་ཤིག་ཡིན་པ་རེད། དེ་རིང་མཁན་པོ་ངོ་ཤེས་པ་བྱུང་བའི་རྐྱེན་གྱིས། ང་ཚོས་རྗེས་སུ་འདིའི་ཐད་ཀྱི་བྱ་བ་ལ་ལས་སྟེགས་དང་གོ་སྐབས་བཟང་པོ་ཞིག་བསྐྲུན་ཡོད་པས་སེམས་སྤྲོ་བས་ཁེངས་སོང་།
ད་ངས་མང་པོ་མི་བཤད་ལ་དུས་ཚོད་མཁན་པོ་ལ་འཇོག་དགོས་པ་རེད། དང་ཐོག་མཁན་པོས་གཙོ་བཤད་གསུང་བཤད་ཅིག་གནང་རྒྱུ་དང་། དེ་ནས་སློབ་གྲོགས་རྣམས་ཀྱི་རེ་བ་ལྟར་བོད་བརྒྱུད་ནང་བསྟན་ངོ་སྤྲོད་ཅིག་གནང་རོགས། གལ་ཏེ་ཆོག་ན་བོད་བརྒྱུད་ནང་བསྟན་གྱི་སེམས་ཁམས་མཚན་ཉིད་རིག་པའི་སྐོར་གྱི་བསམ་བློ་དང་གྲུབ་མཐའ་མི་འདྲ་བ་དག་གི་རྨང་གཞིའི་ཤེས་བྱ་དག་ཅུང་རྒྱས་པར་གསུང་རྒྱུའི་རེ་བ་ཆེ། དེ་ལས་གཞན་ང་ཚོས་ཀྱང་བོད་བརྒྱུད་ནང་བསྟན་དང་རྒྱ་བརྒྱུད་ནང་བསྟན་གྱི་འབྲེལ་བ་ཤེས་འདོད་ཆེ་བས། འཆད་ཁྲིད་ཀྱི་རྗེས་སུ་སློབ་གྲོགས་དག་གིས་རང་མོས་ཀྱིས་དྲི་བ་འདོན་ཆོག་ལ། དེ་རིང་སྔ་དྲོའི་ལེ་ཚན་འདི་གཉིས་ཡིན།
འོག་ཏུ་ཚང་མས་མཁན་པོ་མཆོག་གིས་འཆད་ཁྲིད་གནང་བར་དགའ་བསུ་བྱེད་རོགས།
དེ་རིང་འདི་ནས་ཧྭ་ཀྲུང་དགེ་འོས་སློབ་ཆེན་གྱི་དགེ་རྒན་དང་། ཞིབ་འཇུག་སློབ་མ། རབ་འབྱམས་པ་དག་དང་མཉམ་དུ་བསམ་བློ་བརྗེ་རེས་བྱ་རྒྱུའི་གོ་སྐབས་ཐོབ་པར་དགའ་སྤྲོ་ཆེན་པོ་སྐྱེས་བྱུང་། དེ་རིང་འདི་ནས་འཆད་ཁྲིད་ཀྱི་གྲ་སྒྲིག་ཅང་མེད་པས་ཅི་ཙམ་དྲན་ན་དེ་ཙམ་ཞིག་བཤད།
གཅིག ཤེས་ཡོན་པས་མི་ཀུན་གྱི་བདེ་སྐྱིད་ལ་དོ་ཁུར་བྱེད་དགོས།
ཐོག་མར་འདི་ནས་བཤད་འདོད་པ་ཞིག་ནི། ཤེས་ཡོན་པ་ཞིག་ཡིན་པ་ནས་བཟུང་དགེ་སློབ་སུ་ཡིན་ཡང་རང་གི་ཆེད་ལས་དང་ལས་ཀ ཁྱིམ་ཚང་། བདེ་སྐྱིད་སོགས་ལ་གཙོ་བོར་བྱེད་དགོས་པ་མ་ཟད། མིག་རྒྱང་རིང་པོས་མི་ཚང་མར་འདང་རྒྱག་རྒྱུ་གལ་ཆེན་པོ་རེད། གལ་ཏེ་རང་གིས་སྤྱི་ཚོགས་དང་དོན་སྙིང་ཡོད་པའི་བྱ་གཞག་དག་ལ་མཐོང་ཆེན་དང་སེམས་ཁུར་བྱེད་པ་སྟེ། དཔེར་ན་ཁོར་ཡུག་སྲུང་སྐྱོབ་དང་ནུས་ཁུངས་གྲོན་ཆུང་། ཉམ་ཐག་གི་འགྲོ་བ་རྣམས་ལ་བྱམས་སྐྱོང་བྱས་ན་རང་གི་བྱ་བ་རྣམས་ཀྱང་ངང་ངམ་ཤུགས་ཀྱིས་ལེགས་འགྲུབ་འབྱུང་བ་ཡིན། མི་འགའ་རེས་རང་ཉིད་ནི་མི་ཕལ་བ་ཞིག་ཡིན་པས། མིའི་རིགས་ཀྱི་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་གནད་དོན་ལ་འབྲེལ་བ་མེད་སྙམ་ཡང་སྲིད་མོད། འོན་ཀྱང་དོན་དམ་པར་རང་གིས་གནད་དོན་ཆེན་པོར་དོ་ཁུར་བྱས་ན། བྱ་བ་སྒྲུབ་པའི་མིག་རྒྱང་རིང་ཞིང་འགྲུབ་ཚད་ཀྱི་གྲངས་ཀྱང་མཐོ་བ་རེད། དེ་ལས་ལྡོག་སྟེ་རང་གི་ཁེ་ཕན་ལས་མི་བསམ་ཞིང་། སྒེར་སེམས་འབའ་ཞིག་རྒྱུད་ལ་འཆང་ན་བྱ་བ་གང་ཞིག་བསྒྲུབས་ཀྱང་འགྲུབ་པའི་སྐལ་བ་ཉུང་བ་ཡིན། དེར་བརྟེན། མི་སུ་ཞིག་ཡིན་ཡང་སྤྱི་ཡོངས་ལ་འདང་རྒྱག་རྒྱུ་གལ་ཆེ་ཞིང་། འདི་ཐེག་ཆེན་བྱང་ཆུབ་ཀྱི་སེམས་ཟེར་བ་དང་ཕྱོགས་ཉེ་བ་རེད། འཇིག་རྟེན་གྱི་ངོས་ནས་བཤད་ན། རྒྱུན་གྱི་ལས་ཀའི་ཁྲོད་དང་འཚོ་བའི་ཁྲོད་དུ་མེད་མི་རུང་ཞིང་ལག་ལེན་དུ་བསྟར་དགོས་པ་ཡིན། དེ་ནི་དེ་རིང་གི་སྐད་ཆ་དང་པོ་དེ་ཡིན།
གཉིས། བོད་བརྒྱུད་ནང་བསྟན་གྱིས་སེམས་ཁམས་མཚན་ཉིད་རིག་པ་ལ་འདོན་སྤྲོད་བྱས་པའི་ཕན་ནུས།
བོད་བརྒྱུད་ནང་བསྟན་དུ་དུས་ཡུན་རིང་པོའི་ནང་དུ་གཏིང་ཟབ་པའི་རིག་གཞུང་མ་ལག་དང་། སྒོམ་སྒྲུབ་ཀྱི་ཉམས་མྱོང་སོགས་ཤིན་ཏུ་འཐུས་ཚང་ཞིང་བརྗོད་ཀྱིས་མི་ལང་བ་ཡོད་ལ། གལ་ཆེ་བ་ཞིག་ནི་བོད་བརྒྱུད་ནང་བསྟན་ལ་སེམས་ཁམས་མཚན་ཉིད་རིག་པའི་ཕུན་སུམ་ཚོགས་པའི་བརྒྱུད་པ་མང་པོ་ཡོད་པས། མཚན་ཉིད་རིག་པ་ལ་ཞིབ་འཇུག་བྱེད་པའི་མི་ཞིག་ལ་མཚོན་ན། རྒྱུས་ལོན་མེད་ཐབས་མེད་པ་ཞིག་ཏུ་གྱུར་ནས་ཡོད། རྒྱུས་ལོན་བྱེད་ཐབས་གཙོ་བོ་ནི། བོད་བརྒྱུད་ནང་བསྟན་གྱི་ཚད་མའི་རིག་པ་ལ་བརྟེན་དགོས་ཤིང་། གལ་ཏེ་ཚད་མ་ཀུན་བཏུས་དང་རྣམ་འགྲེལ། རིགས་གཏེར་སོགས་ལ་ཞིབ་འཇུག་བྱས་མྱོང་མཁན་ཞིག་ཡིན་ན། ཚད་མ་རིག་པའི་དགག་སྒྲུབ་བྱེད་སྟངས་ལ་བརྟེན་ཏེ། གནད་དོན་ལ་ཞིབ་དཔྱོད་བྱས་ན་རྒྱུས་ལོན་ཐུབ་པར་དགེ་མཚན་ཆེན་པོ་ཡོད། སྔོན་ཆད་ངས་ཀྱང་དགེ་འོས་སློབ་གྲྭ་འགྲིམ་པའི་སྐབས་སུ། ཁྱེད་ཚོ་ནང་བཞིན་སེམས་ཁམས་རིག་པ་བསླབ་རྒྱུར་དགའ་པོ་ཡོད་པས། དགེ་རྒན་གྱི་སློབ་ཁྲིད་བྱེད་རྒྱུ་ལས་གཞན། ཁོམ་སྐབས་དང་བསྟུན་ཏེ་ཤིན་ཧྭ་དཔེ་མཛོད་ཁང་རྣམས་སུ་སོང་ནས། སེམས་ཁམས་རིག་པའི་སྐོར་གྱི་དཔེ་ཆ་མང་པོ་ཉོས་ཏེ་སློབ་སྦྱོང་བྱས་ཤིང་། བརྒྱུད་རིམ་དེའི་ཁྲོད་དུ། དུས་རྒྱུན་སེམས་དོགས་པས་ཁེངས་ནས་མགོ་འཐོམས་པར་གྱུར་བ་ཡིན། དེ་ནས་ནང་བསྟན་གྱི་སེམས་ཙམ་པ་དང་དབུ་མ་སོགས་ལ་སློབ་སྦྱོང་བྱས་པ་ནས་བཟུང། མ་ཤེས་པ་དང་རྨོངས་པས་ཀུན་ནས་དཀྲིས་པའི་དོགས་པ་དང་ཐེ་ཚོམ་རྣམས་རྩད་ནས་སེལ་ཐུབ་བྱུང་། སྐབས་དེར་ནང་ཆོས་ཀྱི་སེམས་ཁམས་རིགས་གཞུང་ནི་སྐྱོན་འདོགས་ས་མེད་ཅིང་། ཁྱད་པར་དུ་ཚད་མའི་རིག་པ་དང་འབྲེལ་ནས་སློབ་སྦྱོང་བྱས་ན། རྒྱུ་མཚན་གང་གིས་ཀྱང་སུན་འབྱིན་མི་ནུས་པ་ཤེས་སོང་། རྗེས་སུ་དམ་ཆོས་བདུད་རྩིས་རང་ཉིད་ཀྱི་མ་རྟོགས་ལོག་རྟོག་གི་དྲི་མ་རྣམས་ཡོངས་སུ་སེལ་ཏེ། རིགས་གཞུང་ཞིབ་འཇུག་དང་ཉམས་ལེན་སྒོམ་སྒྲུབ་ལ་བརྟེན་ནས་ནང་ཆོས་ཀྱི་དད་པ་ཉིན་བཞིན་འཕེལ་གྱིན་ཡོད། དེར་བརྟེན་ཚང་མས་ཚོད་ལྟ་གྱིས་དང་ཕན་པ་ཡོད་ངེས་རེད། གོང་དུ་ངས་དགེ་རྒན་ཀའོ་ཤིན་མུན་དང་། ཁྱེད་རྣམ་པས་བསྒྱུར་བའི་དེང་རབས་ནུབ་ཕྱོགས་སེམས་ཁམས་མཚན་ཉིད་རིག་པའི་ལམ་སྟོན། ཞེས་པའི་དཔེ་ཆ་དེ་མཐོང་བྱུང་ལ་དགའ་སྤྲོའང་ཆེན་པོ་སྐྱེས་བྱུང་། རྒྱུ་མཚན་ནི་མི་རྣམས་ཀྱིས་སྒོར་མོ་དང་གོ་གནས་ཁོ་ནའི་ཆེད་དུ་འཚོ་མི་རུང་བར། བསམ་པའི་དཔལ་ཡོན་མཁོ་བས་ཡིན། མི་འགའ་རེས་རྒྱུ་དངོས་དང་གོ་གནས་ཁོ་ནའི་ཆེད་དུ་འཚོ་བ་ཡིན་ཡང་ཆོག་སྙམ་སྲིད། འོན་ཀྱང་ངས་ཐོབ་དཀའ་བའི་མི་ལུས་དེ་བདེན་དོན་དང་གནས་ལུགས་འཚོལ་བར་སྟོབས་ཤུགས་འབུལ་ཐུབ་ན། འཚོ་བར་དོན་སྙིང་ཡོད་པར་འདོད་ཀྱིན་ཡོད། སྔོན་ཆད་ང་རང་ཆོས་རྗེ་ཡིད་བཞིན་ནོར་བུ་དང་མཉམ་དུ། རྒྱལ་ཁབ་མང་པོར་འགྲོ་སྐབས་ཀྱང་། གནའ་དེང་གི་དཔེ་མཛོད་ཁང་དག་གི་ནང་དུ་དཔེ་ཆ་བཟང་པོ་དང་། ཤེས་ཡོན་པ་དག་གིས་རིག་པ་སློབ་འདོད་ཀྱི་ཆོད་སེམས་དག་མཐོང་ཚེ་དགའ་ཚོར་ཆེན་པོ་སྐྱེས་པ་ལས། ཡུལ་དེའི་འཛུགས་བསྐྲུན་དང་ཕྱིའི་རྒྱལ་ཁབ་ཀྱི་མྱོང་ཚོར་ལ་ཡིད་སྨོན་བྱས་མ་མྱོང་། ད་དུང་ཡང་དེ་ལྟར་ཡིན། རང་གི་མི་ཚེ་གང་པོར་ཡོན་ཏན་སྦྱོང་བར་སྤྲོ་སེམས་ཆེ་བའི་ཡིད་ཆེས་ཡོད། རྒྱུ་མཚན་དེས་དབང་གིས་དེང་སྐབས་ཀྱི་སློབ་སྦྱོང་པ་མང་པོ་ཞིག་གིས་བདེན་དོན་འཚོལ་སྙེགས་བྱེད་ཀྱིན་ཡོད་ལ། འདིའི་ཕྱོགས་ནས་རང་ཅག་གི་དམིགས་ཡུལ་གཅིག་ཡིན་པས། དགའ་ཚོར་ཆེན་པོ་སྐྱེས་བྱུང་། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ལ་དགེ་ལུགས་པ་དང་རྙིང་མ་པ། ས་སྐྱ་བ། བཀའ་བརྒྱུད་པ། ཇོ་ནང་པ་བཅས་ཡོད་ཅིང་། ཚང་མར་ལོ་རྒྱུས་ཀྱི་རིན་ཐང་ལྡན་ཞིང་ཐོས་བསམ་སྒོམ་གསུམ་གྱི་སློབ་སྦྱོང་མ་ལག་ཆ་ཚང་ལྡན་ཡོད། དེ་ལས་ཡིད་སྨོན་འཆོར་ས་གཙོ་བོ་ནི་དེ་དག་གི་སློབ་སྦྱོང་གི་མ་ལག་འདི་ཡིན་པས། ཚང་མར་ཁོམ་ལོང་ཡོད་ཚེ་རྒྱུས་ལོན་རེ་བྱ་རྒྱུ་གལ་ཆེན་པོ་རེད། ང་སློབ་གྲྭ་མང་པོ་ཞིག་ཏུ་འགྲོ་མྱོང་ཡང་། ཐོས་བསམ་བྱེད་སྟངས་དེ་ནང་བསྟན་སློབ་གླིང་དང་འདྲ་བ་གཅིག་ཀྱང་མཐོང་རྒྱུ་མི་འདུག བོད་ཡུལ་གྱི་སློབ་གཉེར་བ་འགའ་རེ་བརྩོན་འགྲུས་ཧ་ཅང་ཆེ་སྟེ། དགོང་མོར་ངལ་གསོ་བའི་དུས་ཚོད་ཐུང་ཞིང་། འཚོ་བའང་ཐབས་ཆག་བྱས་ནས་བསྡད་ཡོད་ལ། ཁོང་ཚོས་བདེན་དོན་འཐོབ་འདོད་ཀྱི་ཆེད་དུ་དཀའ་ངལ་གང་ལའང་མི་འཛེམ་པ་རེད། དེ་ལྟ་བུའི་སྦྱོང་བརྡར་ལ་བརྟེན་ནས་རྗེས་སུ་གྲུབ་འབྲས་ཀྱང་ཕུན་སུམ་ཚོགས་པ་ཐོབ་ཀྱིན་ཡོད། དེང་སྐབས་ཀྱི་སློབ་ཆེན་སློབ་མ་འགའ་རེ་ལ་སློབ་སྦྱོང་གི་ཆ་རྐྱེན་འཛོམས་ཀྱང་། ཁོར་ཡུག་ཐམས་ཅད་རྣམ་གཡེང་གི་རྒྱུས་ཁེངས་ཏེ་ཡོད་པས། རང་ཉིད་བསླུ་བྲིད་ཀྱི་དབང་དུ་སོང་ནས་རང་གི་ཤེས་རབ་ཀྱི་རྩལ་སྔོག་འདོན་བྱེད་མི་ཐུབ་པ་རེད། དེར་བརྟེན། འདིར་བཞུགས་ཀྱི་སློབ་གྲོགས་རྣམས་ཀྱིས་མིའི་སེམས་ལ་བསླུ་བྲིད་ཐེབས་བྱེད་ཀྱི་བྱ་དངོས་ཚང་མ་འཕྲལ་དུ་སྤང་དགོས་པ་མ་གཏོགས། བདེ་བ་ཆུང་ངུ་ཞིག་ལ་ཞེན་ན་བདེ་བ་ཆེན་པོ་དེ་འཆོར་སྲིད་ཅིང་རང་གི་སྦྱོང་ཚན་ལ་བློ་རྩེ་གཅིག་ཏུ་གཏད་ཐུབ་དཀའ་བ་ཡིན། ཁྱེད་རྣམ་པ་མང་པོ་ཞིག་གིས་ཡིག་བསྒྱུར་བྱེད་ཀྱིན་ཡོད་ཅེས་ཐོས་བྱུང་། ཡིག་བསྒྱུར་བྱེད་པ་ལ་སེམས་རྣལ་དུ་ཕབས་ཏེ་འགན་ལེན་དང་། ཁག་ཐེག་ཐུབ་པའི་དག་ཚད་ཐོན་དགོས་མ་གཏོགས་དགོད་གཏམ་མང་པོ་སློང་འོང་གི་རེད། སྔོན་ཞིག་ལ་ངས་སློབ་ཆེན་ཁག་ལ་བཤད་པའི་འཆད་ཁྲིད་དག་སློབ་གཉེར་བ་ཞིག་གིས་བོད་ཡིག་ཏུ་བསྒྱུར་བ་རེད། ཁོང་གིས་བསྒྱུར་བའི་མ་ཟིན་དེ་ངའི་ལག་ཏུ་ཐོན་སྐབས། མོ་གཤམ་གྱི་བུ་ཞེས་པ་དེ་རྡོ་ཡི་བུ་མོའི་བུ་ཞེས་པར་བསྒྱུར་འདུག མ་གཞི་མོ་གཤམ་ཞེས་པ་ནི་ཕྲུ་གུ་བཙའ་བའི་ནུས་པ་མེད་པའི་མོའི་རིགས་ལ་ཟེར་ཞིང་། དེར་བུ་སྐྱེས་མི་སྲིད་པས་མོ་གཤམ་གྱི་བུ། ཞེས་ནང་ཆོས་སུ་མི་སྲིད་པའི་དོན་མཚོན་བྱེད་དུ་བཀོལ་རྒྱུའི་དཔེར་བརྗོད་ཅིག་རེད། མོ་གཤམ་གྱི་བུ་ཞེས་པ་རྡོ་ཡི་བུ་མོའི་བུ་ཞེས་བསྒྱུར་ཡང་རྡོ་ཡི་བུ་མོར་བུ་སྐྱེས་མི་སྲིད་པས་དོན་གྱི་ཆ་ནས་འགྲིག་ནའང་ཐང་། འོན་ཀྱང་རྩ་བའི་ནང་དོན་དང་བར་ཁྱད་ཆེན་པོ་ཡོད། སྐབས་དེར་ངས་དེར་བལྟས་ཏེ་གད་མོ་དབང་མེད་དུ་ཤོར་སོང་། འདི་ལྟ་བུའི་རྣམ་པ་ནི་སྔོན་ཆད་ཀྱི་ལེགས་སྦྱར་གྱི་སྐད་བོད་སྐད་དུ་བསྒྱུར་སྐབས་ཀྱང་ཤིན་ཏུ་མང་པོ་ཡོད་པས། ཡིག་བསྒྱུར་གྱི་སྐབས་སུ་རྩ་བའི་ནང་དོན་དང་མི་འགལ་བར་བྱ་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། འདི་ལྟ་བུའི་ཡིག་བསྒྱུར་གྱི་ལས་ཀ་ལ། མིག་སྔར་མི་རྣམས་ཀྱིས་བརྩི་མཐོང་ཆེན་པོ་མི་བྱེད་ཀྱང་། དུས་རབས་རྗེས་མའི་སྐབས་སུ་མིའི་རིགས་ལ་ཤུགས་རྐྱེན་བཟང་པོ་ཐེབས་སྲིད། ལོ་རྒྱུས་སྟེང་གི་རླབས་ཆེན་གྱི་མི་སྣ་དག་གི་བསྒྱུར་རྩོམ་དང་བརྩམས་ཆོས་དག་ལའང་། མི་དེ་མི་ཡུལ་འདིར་གནས་སྐབས་གཞན་པ་རྣམས་ཀྱིས་ཕྲག་དོག་དང་ཆེད་དུ་དམའ་འབེབས་དང་མཐོང་ཆུང་བྱས་མོད། འོན་ཀྱང་ཁོང་ཚོའི་སེམས་བསྐྱེད་རྣམ་དག་ཡིན་པས། ག་ལེར་ཀུན་ཀྱིས་ཁས་ལེན་ཞིང་སྤྱི་ཚོགས་ལ་སྔ་ཕྱི་གང་རུང་དུ་ཕན་ཐོགས་ཡོད་པ་ཡིན་ལ། གལ་ཏེ་ཕན་མ་ཐོགས་ཀྱང་གནོད་སྐྱེལ་བའི་རྒྱུ་རུ་མི་འགྱུར་བ་རེད། དེང་གི་དུས་སྐབས་འདིར། བློ་སེམས་རྩེ་གཅིག་གིས་ཤེས་བྱ་དང་ཡོན་ཏན་ལ་སྦྱངས་མཁན་ཧ་ཅང་ཉུང་ཉུང་ཡིན་ལ། མི་རྣམས་ཀྱི་ངག་ན་ཡོད་པའི་སྙན་ཚིག་རྣམས་ཀྱང་གནའ་བོའི་ཐང་རྒྱལ་རབས་དང་སུང་རྒྱལ་རབས་སྐབས་ཀྱི་གསུང་ཚིག་ཙམ་ལས། དེང་རབས་གསར་རྩོམ་གྱི་སྙན་རྩོམ་གྱི་རིགས་ནི་ཉིན་མོའི་སྐར་མ་བཞིན་དུ་གྱུར་འདུག དེའི་རྒྱུ་མཚན་ནི་དངོས་པོའི་དཔལ་ཡོན་ཕུན་སུམ་ཚོགས་པས་མིའི་སེམས་བསླུ་བྲིད་ཀྱིས་ཁྱེར་ཏེ་རྩོམ་རིག་དང་བདེན་དོན་གྱི་ཤེས་བྱ་སོགས་ལ་བློ་གཅིག་ཏུ་གཏོད་པའི་སྐབས་ཉུང་བས་ཡིན་རྒྱུ་རེད། ནང་ཆོས་སུ་མི་ཕལ་བའི་སེམས་ཕྱི་ལ་འཕྲོས་ན། རང་གིས་རང་ལའང་བདག་བྱེད་མི་ཐུབ་པར་འགྱུར་ཞེས་གསུངས་ཡོད།
གསུམ། མིག་སྔའི་སློབ་གསོ་ལས་སྐྱེས་པའི་སུན་སྣང་།
ཅུང་ཞིག་གིས་ཚང་མར་དྲི་བ་གང་འདྲ་ཡོད་ན། སྦ་གསང་མེད་པར་དྲང་མོར་ཤོད་དང་ཕན་ཚུན་བསམ་བློ་བརྗེ་རེས་བྱ་ཆོག་པ་རེད། ང་ལའང་ནམ་རྒྱུན་དྲི་བ་འདི་ལྟ་བུ་རེ་ཡོད་དེ། ཀུན་སྤྱོད་དང་ཡོན་ཏན་གཉིས་ཕྱོགས་ཡོངས་འཕེལ་རྒྱས་སུ་ཕྱིན་པ་ལ་གནའ་མི་ཚོས་སྤྱོད་ཡོན་གཉིས་ལྡན་ཞེས་བཤད་ཀྱིན་ཡོད། དེར་སྤྱོད་པ་སྔོན་དང་ཤེས་ཡོན་རྒྱབ་ཏུ་ཡོད་ལ་ཀུན་སྤྱོད་ཡོད་པ་ནས་གཟོད་ཤེས་ཡོན་བཤད་སར་འགྲོ་བ་ཡིན་ཞེས་ཟེར། འོན་ཀྱང་འདི་ང་རང་གི་མཐོང་རྒྱ་ཆུང་པས་ཡིན་ཡང་སྲིད་ཀྱང་ནམ་རྒྱུན་ངའི་བསམ་ཚུལ་ལ། དེང་སང་གི་སློབ་གྲྭ་རྣམས་ཀྱིས་སྐར་མ་དང་ཤེས་ཡོན་རྐྱང་བ་གཙོ་བོ་བྱེད་པ་ལས། མིའི་སེམས་ཁམས་དང་སྤྱོད་ལམ་གྱི་ཕྱོགས་ལ་མཐོང་ཆེན་གང་ཡང་བྱེད་ཀྱིན་མི་འདུག གལ་ཏེ་བསམ་བློ་དང་ཀུན་སྤྱོད་མུ་མཐུད་སྣང་མེད་དུ་བྱས་ན་དུས་རབས་འདིར་གནོད་པ་ཡོད་དམ་ཁེ་ཕན་ཡོད་སྲིད། ཁྱེད་རྣམ་པ་དགེ་འོས་སློབ་ཆེན་ནི་དགེ་རྒན་གསོ་སྐྱོང་བྱེད་སའི་འབྱུང་གནས་ཡིན་པས། རྗེས་ཕྱོགས་སློབ་མར་སློབ་གསོ་གཏོང་སྐབས་ཤེས་བྱའི་རྣམ་གྲངས་རྐྱང་པ་གཙོ་བོ་བྱ་རྒྱུ་ཡིན་ནམ་སློབ་མའི་མི་གཞི་ལེགས་པོ་གཙོ་བོར་འཛིན་རྒྱུ་ཡིན། ངས་སྔོན་ཆད་ཀྱང་དན་གྲངས་ཞིག་མཐོང་མྱོང་ཞིང་། དེར་སློབ་མ་རྣམས་ཀྱིས་སློབ་གྲྭ་ནས་བསླབ་པའི་ཤེས་བྱ་དག རྗེས་སུ་བྱ་བའི་ལས་གནས་སུ་བཀོལ་སྤྱོད་ཡང་དག་ཐུབ་པའི་ཤེས་བྱ་བརྒྱ་ཆའི་བཅོ་ལྔ་ཙམ་ཡིན་ལ། བརྒྱ་ཆ་བརྒྱད་ཅུ་གྱ་ལྔ་དེ་ལས་ཀ་དང་འབྲེལ་མེད་ཡིན་ཞེས་བཀོད་འདུག དན་གྲངས་འདིས་གནད་དོན་གང་ཞིག་གསལ་བཤད་བྱས་ཡོད་དམ། གནའ་དུས་སུ་བྱིས་པ་ཚོས། ཆུང་དུས་ནས་ཡི་གེ་གསུམ་པའི་མདོ་དང་སློབ་མའི་བསླབ་བྱ་སྦྱངས་ནས། མི་སྤྱོད་པ་བཟང་པོ་བྱ་རྒྱུའི་གནས་ལུགས་ཤེས་སུ་འཇུག་མོད། འོན་ཀྱང་དེང་སྐབས་ཀྱི་སློབ་ཆུང་སློབ་མ་རྣམས་ཀྱི་སློབ་དེབ་ནང་དུ་སྲོག་ཆགས་ཀྱི་གཏམ་རྒྱུད་ཙམ་ལས་སློབ་རྒྱུ་མེད་པ་ཡིན། འོ་ན་འདི་ལྟ་བུའི་སྲོག་ཆགས་ཀྱི་གཏམ་རྒྱུད་བསླབས་ན་མི་ཚེ་ལ་དོན་སྙིང་གང་འདྲ་ཡོད། རྒྱ་ནག་གི་གནའ་རབས་རིག་གནས་དག་ཧ་ཅང་བཟང་པོ་ཡིན་པ་རེད། སློབ་མའི་བསླབ་བྱ་གཅིག་ལ་མཚོན་ན་ཡང་། དེང་སྐབས་བོད་ཡིག་ཏུ་བསྒྱུར་ཡོད་ལ་བོད་ཡུལ་གྱི་བྱིས་པ་མང་པོར་ཕན་ཐོགས་ཀྱིན་ཡོད་པར་མ་ཟད། མཚོ་སྔོན་ཕྱོགས་ཀྱི་སློབ་གྲྭ་མང་པོར། བོད་ཡིག་གི་སློབ་མའི་བསླབ་བྱ་ཁྱབ་གདལ་དུ་འགྲོ་བཞིན་འདུག མ་གཞི་རུའུ་ལུགས་རིག་གནས་ཀྱི་ཁྲོད་དུ་བྱིས་པའི་བློ་སྒོ་འབྱེད་པའི་ལེགས་བཤད་མང་ཡང་ད་ལྟ་ཚང་མ་ཤུལ་མེད་དུ་དོར་ཟིན་པ་རེད། དཔྱིད་དཔལ་དུས་ཆེན་གྱི་མཉམ་སྤྲོ་དགོང་ཚོགས་ཀྱི་བྱིས་པའི་གླུ་དབྱངས་ཀྱང་། བྱིས་པ་སྐོར་ཞིག་གིས་གླགས་ཡུས་བཤད་ཞོར་དུ། ང་པོང་དང་ང་གཅེས་དང་ཞེས་ལེན་གྱིན་ཡོད་པ་རེད། འདི་རྣམས་ཀྱིས་སེམས་ཁམས་བདེ་ཐང་དང་མ་འོངས་པའི་མི་ཚེ་ལ་ཕན་ནུས་གང་ཡོད་དམ། བྱིས་དུས་སུ་བསླབ་པའི་ཤེས་བྱ་ནི། མི་ཚེ་གང་པོར་བརྗེད་རྒྱུ་མེད་པར་སེམས་སུ་འཇགས་ཐུབ་ཀྱང་། གལ་ཏེ་བྱིས་དུས་སུ་བློར་འཛིན་རྒྱུ་དང་འཕྲད་ཐུག་གི་དོན་རྣམས་ཕ་མར་སྲི་ཞུ་དང་། མི་གཞན་ལ་རོགས་སྐྱོང་སོགས་དང་འབྲེལ་བ་མེད་ཅིང་དངོས་ཡོད་འཚོ་བ་དང་ཡང་རྒྱབ་འགལ་དུ་སོང་ནས་ཡོད་ན། ཁོང་ཚོའི་མ་འོངས་པ་དེ་གང་འདྲ་ཞིག་ཏུ་འགྱུར་སྲིད་དམ། དེར་བརྟེན། ཀུན་སྤྱོད་ཀྱི་སློབ་གསོ་དེ་གང་ནས་མགོ་འཛུགས་དགོས་པར་ནམ་རྒྱུན་བསམ་བློ་གཏོང་གིན་ཡོད་ལ། འདིའི་སྐོར་ལ་དགེ་རྒན་རྣམས་ལ་ལྟ་ཚུལ་གང་འདྲ་ཡོད་ན་ད་ལྟ་ང་ཚོས་བགྲོ་གླེང་བྱ་རྒྱུ་ཡིན་པ་ལས། ངས་འདི་ནས་ཉོག་གཏམ་མང་སོང་ན་བདེ་རྒྱུ་མ་རེད། དེ་ལས་ཚང་མས་ཕན་ཚུན་བསམ་བློ་བརྗེ་རེས་བྱེད་དང་མ་མཐའ་ཡང་དུས་ཚོད་འགྲོ་སླ་བ་རེད། ༼དགོད་སྒྲ། ༽
སློབ་དཔོན་ཀའོ་ཤིན་མིན་གྱི་མཇུག་སྡོམ། མཁན་པོ་མཆོག་འོ་བརྒྱལ་ཆེན་པོ་རེད། ཁ་ཉིན་གསེར་རྟ་ནས་ལམ་ལ་ཆས་ཏེ་གནམ་གྲུ་མེད་པས་དུས་ཚོད་བཅུ་ལྷག་གི་རིང་ལ་རླངས་འཁོར་དུ་བཞུགས་ཏེ་ཁྲི་འདུར་སླེབས་ཤིང་། དེ་ནས་ཀྲི་ཅང་དུ་ཕེབས། ཁ་སང་ཀྲི་ཅང་སློབ་ཆེན་ནས་ཝུ་ཧན་དུ་ཕེབས་པ་རེད། དེ་རིང་ཕྱི་དྲོར་ཀོང་ཀྲིའུ་གྲོང་ཁྱེར་གྱི་ཀྲུང་ཧྲན་སློབ་ཆེན་དུ་བྱོན་དགོས་པས་གཉིད་ཆག་ཟས་བརྗེད་ཀྱིས་ཆོས་སྤེལ་གྱིན་ཡོད་པ་ཡིན་པས། འདི་ལྟ་བུའི་བསམ་བློ་དང་སྙིང་སྟོབས་ལ་འུ་ཚོས་སློབ་སྦྱོང་བྱས་ན་འགྲིག དེ་རིང་ང་ཚོའི་འཆར་གཞིའི་དུས་ཚོད་ཧ་ཅང་རིང་མི་རུང་བས། ཆུ་ཚོད་གཉིས་བཀོད་བསྒྲིག་བྱས་ཡོད་པས་ཚང་མས་དུས་ཚོད་ལ་བལྟ་རྒྱུ་མ་བརྗེད་རོགས། དུས་ཚོད་བཅུ་དང་ཕྱེད་ཀྱི་སྟེང་དུས་ལྟར་མཇུག་རྫོགས་ཐུབ་དགོས། དེ་ནི་རྣམ་པ་ཚོར་ཞུ་རྒྱུའི་དང་པོ་ཡིན། གཉིས་པ་ནི། ཚང་མས་གཏམ་བཤད་སྐབས་སེམས་ལྷོད་ཡངས་བྱས་ཏེ་ཤོད་དང་ཆོག་པ་རེད། མཁན་པོ་མཆོག་གུ་ཤིན་ཏུ་ཡངས་པོ་ཡིན་པས། མདང་དགོང་གི་དྲི་བ་ལྟ་བུ་བཏོན་ཡང་ཐུགས་ལ་གནོད་མི་སྲིད། ངས་འདང་བརྒྱབ་ན་དེ་རིང་མདང་དགོང་ལྟ་བུའི་དྲི་བ་ཡོད་རྒྱུ་མ་རེད། འོན་ཀྱང་ཚང་མས་ངེས་པར་དུ་བག་མི་འཁུམ་པར་སྤོབས་པ་ཆེར་བསྐྱེད་བྱ་རོགས། མཁན་པོ་མཆོག་འདིར་ཕེབས་པ་ནི། ཕྱོགས་གཅིག་ནས་ནང་ཆོས་སྤེལ་རྒྱུའི་ཆེད་ཡིན་ལ། ཕྱོགས་གཞན་ཞིག་ནས་བསམ་འཆར་མི་འདྲ་བར་མཉན་དུ་ཡོང་བའང་རེད། རྒྱུ་མཚན་ཡང་ནང་བསྟན་ནི་བདེན་དོན་ཞིག་ཡིན་ལ། བདེན་དོན་དོགས་སློང་དང་སྐྱོན་བརྗོད་བྱེད་པར་མི་སྐྲག་པས་ཡིན། རང་གི་རྒྱུས་ལོན་པ་དེ་ནང་ཆོས་དང་མ་མཐུན་ཡང་ལྷུག་བརྗོད་བྱ་ཆོག་ལ། རྩོད་པའི་ལམ་ནས་བདེན་དོན་རྙེད་ཐུབ་པས་ཚང་མས་གུ་ཡངས་པོ་བྱ་རྒྱུའི་རེ་བ་ཡོད། གཤམ་དུ་མགོ་རྩོམ་རྒྱུ་ཡིན།
࿄༡༽ དྲི་བ། ཁྱེད་ཀྱིས་གལ་ཏེ་མི་ཞིག་གི་ཞེ་སྡང་དེ་མེད་པར་བྱ་དགོས་ན། ཆེས་ཐབས་བཟང་ཤོས་ནི། དེའི་ངོ་བོ་བཙལ་དགོས་ལ་དེ་ལྟར་བཙལ་ཚེ་ཞེ་སྡང་དེ་རང་གི་འཁྲུལ་སྣང་ཞིག་ཡིན་པ་ཤེས་ཐུབ་ཅེས་གསུངས་བྱུང་། དེ་ན་བོད་བརྒྱུད་ནང་བསྟན་དུ་ཞེ་སྡང་ལ་བརྟག་དཔྱད་ཇི་ལྟར་བྱ་དགོས། ࿉ ལན། ཞེ་སྡང་གི་སེམས་ལ་དཔྱད་པའི་སྐོར་བོད་བརྒྱུད་ནང་བསྟན་གྱི་བློ་སྦྱོང་འགའ་རེར་མན་ངག་ཟབ་མོ་ཡོད་པ་རེད། རང་ལ་ཞེ་སྡང་གི་སེམས་སྐྱེ་བའི་སྐབས་སུ་འཕྲལ་དུ། སེམས་བྱུང་དེ་གང་ནས་འོངས་ཤིང་གང་དུ་འགྲོ་བར་བརྟག་དགོས་ལ། དེ་ཕྱི་དགྲ་བོའི་སྟེང་ནས་བྱུང་ངམ་རང་གི་ལུས་སྟེང་ནས་བྱུང་། དེ་ལུས་པོའི་ཕྱི་ནས་བྱུང་ངམ་བར་ནས་བྱུང་ངམ་ནང་ནས་བྱུང་བ་ཡིན། དེ་ལྟར་ནང་ནས་ཕྱི་དང་ཕྱི་ནས་ནང་དུ་བརྟག་ཀྱང་དེའི་འབྱུང་ཁུངས་གཏན་ནས་རྙེད་མི་ཐུབ། སྐབས་དེར་ཞེ་སྡང་གི་སེམས་ནི། རང་གི་འཁྲུལ་སྣང་ཙམ་ལས་གཞན་མེད་པ་གསལ་བོར་རྟོགས་ཐུབ་ལ། འདི་ལ་གཏན་ཚིགས་སོགས་ཀྱི་རིག་པ་གང་ཡང་མི་དགོས་པར་ཆོས་ཅུང་ཟད་ཉམས་སུ་ལེན་མཁན་གྱི་གང་ཟག་དག་གིས། བརྟག་དཔྱད་ལ་བརྟེན་ནས་ཤེས་ཐུབ་པ་རེད། དེ་ལྟར་བྱས་མཐར་ཞེ་སྡང་དེ་རང་བཞིན་གྱིས་སྔགས་སུ་བཤད་པའི་ཡེ་ཤེས་ལྔའི་ཡ་གྱལ་མེ་ལོང་ཡེ་ཤེས་སུ་འགྱུར་བ་ཡིན་ནོ། ། དེར་བརྟེན། ང་ཚོའི་རྒྱུད་ལ་ཞེ་སྡང་དྲག་པོ་སྐྱེས་སྐབས། རབ་ན་དེའི་ངོ་བོ་བརྟག་པ་དང་ཡང་ན་ཐད་ཀར་བཞག་ནས་སྒོམ་དགོས། དེ་ལྟར་བྱས་ན་ཞེ་སྡང་གི་ངོ་བོ་ནི་ནམ་མཁའ་ལྟར། ཅི་ཡང་རྙེད་དུ་མེད་པའི་ཁུངས་མེད་ཀྱི་ཞེན་འཛིན་ཞིག་ཡིན་པ་ཤེས་རྟོགས་བྱུང་ཐུབ། གལ་ཏེ་ཞེ་སྡང་གི་སེམས་ཀྱི་ངོ་བོ་ཉིད་རྟོགས་ཐུབ་ན་ནི་ལྐུགས་པས་བུ་རམ་གྱི་རོ་མྱང་བ་ལྟར། བརྗོད་མི་ཤེས་པ་ཞིག་ཡིན་ཡང་རང་གི་སེམས་ངོར་དེ་ཡི་རང་བཞིན་གསལ་ཆ་འགག་པ་མེད་པ་ཞིག་མྱོང་ཐུབ། འདི་ནི་རྒྱ་ནག་གི་བསམ་གཏན་པ་དག་གི་སེམས་ཉིད་འོད་གསལ་བར་རྟོགས་ཞེས་པ་དེ་ཡིན། ཞེ་སྡང་གི་སེམས་མེད་པར་བྱེད་པའི་ཐབས་ལ་གསང་སྔགས་སུ་གདམས་ངག་ཁྱད་པར་བ་མང་པོ་ཡོད་ཅིང་། མི་སུ་ཞིག་གིས་བསྒྲུབས་ཀྱང་འཕྲལ་དུ་སྡུག་བསྔལ་ཤེས་རབ་ཀྱི་རང་བཞིན་དུ་འགྱུར་བ་ཡིན། གསང་སྔགས་ལ་སློབ་སྦྱོང་བྱེད་ཀྱིན་པའི་ཆོས་པ་ལ་ལར་སྔོན་ཆད་ཞེ་སྡང་གི་སེམས་དྲག་པོ་ཡོད་ཀྱང་། འདི་ལྟ་བུའི་མན་ངག་དག་བསླབ་རྗེས། གཤིས་རྒྱུད་ཀྱི་ཕྱོགས་ལ་གནམ་ས་ལྟར་འགྱུར་བ་དཔྱིས་ཕྱིན་པ་སོང་འདུག་པའི་རྒྱུ་མཚན་ཡང་འདི་ཡིན།
࿄༢༽ དྲི་བ། ཁྱེད་ཀྱིས་པེ་ཅིང་སློབ་ཆེན་དུ་འཆད་ཁྲིད་གནང་སྐབས། སངས་རྒྱས་ཆོས་ལུགས་རྒྱ་ནག་དང་། བོད་ཡུལ་དུ་བརྒྱུད་རྗེས་ལོ་ཉིས་སྟོང་ལྔ་བརྒྱ་ལྷག་ལ་འཕེལ་རྒྱས་བྱུང་ཡོད་ཅིང་། སངས་རྒྱས་ཀྱི་གསུང་དྲི་མ་མེད་པ་ནི་བོད་བརྒྱུད་ནང་བསྟན་དུ་ཆ་ཚང་བར་ཡོད་ཅེས་གསུངས་སོང་། ཁྱེད་ཀྱི་སྐད་ཆ་དེའི་ནང་དོན་ཕལ་ཆེར་རྒྱ་བརྒྱུད་ནང་བསྟན་གྱི་བསམ་བློ་འགའ་རེ་ཉམས་ཟིན། ཞེས་པའི་དོན་ཡིན་རྒྱུ་རེད། དེས་ན་ཁྱེད་ཀྱིས་བལྟས་ན་ཕྱོགས་གང་དག་ཉམས་ཡོད་ལ་དེ་བོད་བརྒྱུད་ནང་བསྟན་དང་མི་འདྲ་བའི་རྩ་བའི་ཁྱད་པར་གང་ཡིན་ནམ། ࿉ ལན། ངས་བོད་བརྒྱུད་ནང་བསྟན་གྱི་ཁྱད་ཆོས་བཤད་པ་ལས་རྒྱ་བརྒྱུད་ནང་བསྟན་ལ་ཉམས་པའི་སྐྱོན་འདུག་ཟེར་གྱིན་མེད། བོད་བརྒྱུད་ནང་བསྟན་གྱི་ཁྱད་ཆོས་དེ་གང་ཞེ་ན། དེ་ནི་སངས་རྒྱས་ཞལ་བཞུགས་པའི་སྐབས་ཀྱི་དུས་རབས་ནས་ད་ལྟའི་དུས་རབས་བར་དུ། ཆ་ཚང་ཞིང་གཙང་དག་གི་བརྒྱུད་པའི་རྒྱུན་བཟུང་ནས་ཡོད་ཅིང་། ཆོས་གང་ཞིག་གཞན་ལ་སྟོན་དགོས་ཚེ་ངེས་པར་དུ་བླ་མ་གོང་མའི་ལུང་ཐོབ་ཡོད་དགོས་པ་འདི་ཡིན། དཔེར་བཞག་ན། བྱང་ཆུབ་ལམ་རིམ་གྱི་མཛད་པ་པོ་རྗེ་ཙོང་ཁ་པ་ཡིན་ཞིང་། སྙིང་ཐིག་སྔོན་འགྲོའི་ཁྲིད་ཡིག་མཛད་པ་པོ་དཔལ་སྤྲུལ་རིན་པོ་ཆེ་ཡིན་པ་རེད། གལ་ཏེ་གཞུང་འདི་གཉིས་གཞན་ལ་འཆད་དགོས་ན་ངེས་པར་དུ་རིམ་པར་བརྒྱུད་པའི་ལུང་དེ་དགོས་པ་ཡིན། སངས་རྒྱས་ཀྱི་བཀའ་བསྟན་འགྱུར་གྱི་ལུང་རྒྱུན་བོད་ཡུལ་དུ་ཆད་མྱོང་མེད་པ་རེད། འདི་ལྟ་བུའི་ལུང་གི་བརྒྱུད་པ་ཡོད་པས་སློབ་མ་རྗེས་རབས་པ་རྣམས་ལ་ཆོས་བཤད་ན། རྒྱུ་རྐྱེན་ཁྱད་པར་བ་མེད་པར་བླ་མའི་དགོངས་པ་འཁྱོག་བཤད་མི་བྱེད་པའི་དགོས་པ་ཡོད། འདི་ལྟ་བུའི་ཐབས་ལམ་ལ་བརྟེན་ནས་སངས་རྒྱས་ཀྱི་ཆོ་ག་དང་བརྒྱུད་པ་དག ལོ་ཉིས་སྟོང་ལྔ་བརྒྱ་ལྷག་འདས་ཀྱང་བོད་ཡུལ་དུ་བརྒྱུད་པ་འདི་དག ཆ་ཚང་ཞིང་ཚད་ལྡན་གྱིས་སྒོ་ནས་གནས་ཡོད་པ་ཡིན། འདི་ལ་ནུབ་ཕྱོགས་ཡོ་རོབ་གླིང་དང་མེ་གླིང་སོགས་རྒྱལ་ཁབ་དག་གིས་བསྔགས་བརྗོད་བྱེད་ཀྱིན་ཡོད་པ་རེད། དེ་ལས་གཞན། བོད་ཀྱི་བཀའ་བསྟན་འགྱུར་ཡང་ཤིན་ཏུ་འཐུས་ཚང་བར་བསྒྱུར་ཡོད་དེ། ལོ་རྒྱུས་ཀྱི་སྟེང་ནས་བལྟས་ན་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ཀྱི་སྒྲ་བསྒྱུར་གླིང་དུ་ཤེས་རབ་ཁྱད་དུ་འཕགས་པའི་ལོ་ཙཱ་བ་སུམ་བརྒྱ་ལྷག་ཡོད་ལ། ཁོང་ཚོའི་ཚིག་སྦྱོར་དང་། ནང་བསྟན་གཞུང་ལུགས་ཀྱི་རྟོགས་པ་སོགས་མི་ཕལ་བ་ཞིག་དང་རྩ་བ་ནས་བསྡུར་ཐབས་མེད་པ་ཡིན། རྒྱ་འགྱུར་གྱི་བཤེས་སྤྲིངས་དང་འོད་མདོ་གཉིས་བོད་ཡིག་དང་བསྡུར་ནས་བལྟས་ཚེ། བོད་ཀྱི་ཡིག་བསྒྱུར་རྣམ་དཔྱོད་དེ་ཤིན་ཏུ་ཚད་མཐོན་པོ་ཡིན་པས། བསྒྱུར་བའི་གཞུང་ཡང་ཚད་ལྡན་དུ་འདུག་པ་ཤེས་ཐུབ། བོད་ཡུལ་གྱི་བཀའ་བསྟན་འགྱུར་ལ་ད་དུང་ཁྱད་ཆོས་ཤིག་ཡོད་པ་ནི། ཚིག་སྦྱོར་ཤིན་ཏུ་ཡང་ཞིང་གོ་བདེ་བ་འདི་ཡིན། དེང་སྐབས་ཀྱི་དུས་རབས་ཉེར་གཅིག་པ་འདིར། རྒྱ་ཡུལ་གྱི་མི་མང་ཆེ་བས་གནའ་རབས་ཀྱི་ཡི་གེ་མི་ཤེས་ཤིང་། དེའི་ཁར་འཚོ་བའི་འཕེལ་རྒྱས་མགྱོགས་པས། བཀའ་བསྟན་འགྱུར་གྱི་གཞུང་དག་ཀློག་འདོན་བྱ་རྒྱུའི་དུས་ཚོད་དང་སེམས་ཤུགས་མེད་པ་ཡིན། དེ་ལ་ཅུང་མོས་འདུན་ཡོད་པའི་མི་རྣམས་ཀྱིས་ཀྱང་། བརྩོན་པས་བལྟས་ཀྱང་མཐར་དོན་མི་གོ་ནས་རྒྱུན་མཐུད་མི་ཐུབ་པར་མཚམས་འཇོག་བྱེད་ཅིང་། གཞུང་ཚང་མ་མ་ཟད་གཞུང་གཅིག་ཡིན་ཡང་ཚིག་སྦྱོར་མཁྲེགས་ཤིང་གོ་དཀའ་བས་ཀློག་མི་མོས་པར་གྱུར་ཡོད། བོད་ཡུལ་གྱི་བཀའ་བསྟན་འགྱུར་གྱི་དཔེ་ཆ་ཀློག་པར་དེ་འདྲའི་དཀའ་ངལ་མེད་པ་རེད། དེར་བརྟེན་ཕྱོགས་མང་པོ་ཞིག་ནས་བལྟས་ཀྱང་། བོད་བརྒྱུད་ནང་བསྟན་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་ལ། དེའི་རྒྱུ་མཚན་གྱིས་དེང་སང་ཕྱི་རྒྱལ་གྱི་མི་མང་པོ་ཞིག་གིས་ཡིད་ཆེས་དང་ལེན་བྱེད་ཀྱིན་ཡོད་པ་འདི་ཡང་། རྨོངས་རྟུལ་གྱི་བདམ་གསེས་ཤིག་མིན་ནོ། །
࿄༣༽ དྲི་བ། ང་ནི་མར་ཁེ་སི་རིང་ལུགས་མཚན་ཉིད་རིག་པའི་ཆེད་སྦྱོང་གི་ཞིབ་འཇུག་སློབ་མ་ཞིག་ཡིན་ཞིང་། ང་གནམ་བདག་གི་ཆོས་ལུགས་ལ་དད་པའི་ཁྱིམ་ཚང་ཞིག་ནས་སྐྱེས་ཤིང་འཚར་ལོངས་བྱུང་བ་ཞིག་ཀྱང་ཡིན། ཡེ་ཤུའི་ཆོས་ལུགས་པ་ཡིན་པས་མ་འོངས་པའི་འཇིག་རྟེན་ཡོད་པར་ཡིད་ཆེས་ཡོད། འོན་ཀྱང་ངས་བསམ་ན། དེ་ནི་འཇིག་རྟེན་ལྷས་བྱས་པ་ཡིན་པར་ཡིད་ཆེས་པ་ཙམ་གྱིས་ཆོག་སྙམ། ཁ་སང་ཁྱེད་ཀྱིས་འཆད་ཁྲིད་སྐབས་སུ་སྐྱེ་བ་སྔ་ཕྱི་ཡོད་པར་ཡིད་ཆེས་བརྟན་པོ་ཡོད་རབས་གསུངས་སོང་། འོ་ན་ཁྱེད་སྤྱིར་བཏང་འཇིག་རྟེན་གྱིས་མ་དམིགས་པ་ཞིག་ལ་དེ་འདྲའི་ཡིད་ཆེས་བརྟན་པོ་ཡོད་པའི་རྒྱུ་མཚན་ཅི་ཡིན་ནམ། ࿉ ལན། རང་ཉིད་ལ་སྐྱེ་བ་སྔ་ཕྱི་ཡོད་པར་འདོད་པ་ནི་རྒྱུ་མཚན་མེད་པ་ཞིག་མ་ཡིན་ཏེ། གལ་ཏེ་རྒྱུ་མཚན་གང་ཡང་མེད་པར་ཡིད་ཆེས་པ་ཡིན་ན་དེ་ནི་རྨོངས་དད་ཡིན་ཞིང་། དེ་འདྲའི་ཡིད་ཆེས་ལ་ང་ཚོས་རེ་སྙེག་བྱེད་པའི་དགོས་པ་མེད། འོན་ཀྱང་སྐྱེ་བ་སྔ་ཕྱི་ཡོད་པར་ཡིད་ཆེས་པ་འདི་བདེན་དོན་ཡིན་པས་སྣང་མེད་དུ་བྱས་པ་ཡིན་ན། དེ་ནི་ཚན་རིག་དང་མི་མཐུན་པའི་སློབ་གཉེར་གྱི་རྣམ་འགྱུར་འཛིན་སྟངས་ཤིག་རེད། གལ་ཏེ་སྐྱེ་བ་སྔ་ཕྱི་ཡོད་པ་ཤེས་པར་འདོད་ན། ནང་བསྟན་དུ་ཕུན་སུམ་ཚོགས་པའི་སྒྲུབ་བྱེད་མང་ཡང་། དེ་ཚོགས་ཐུན་གཅིག་གཉིས་ཤིག་གིས་བཤད་མི་ཚར་བ་ཡིན། གནད་འདི་ལ་སློབ་དཔོན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་ཚད་གྲུབ་ལེའུ་ལ་སློབ་སྦྱོང་དགོས་ཤིང་། དེར་སྒྲུབ་བྱེད་མང་པོ་བཀོད་དེ་སྐྱེ་བ་སྔ་ཕྱི་ཡོད་པར་བསྒྲུབས་ཡོད་པ་ཡིན། སྐྱེ་བ་སྔ་ཕྱི་དེ་ང་ཚོས་མིག་གིས་མི་མཐོང་ལ་སེམས་ལའང་འཆར་མི་ཐུབ་པ་ཞིག་ཡིན་མོད། སྟོན་པ་ཤཱཀྱ་ཐུབ་པའི་ལུང་དང་རྗེས་དཔག་ལ་བརྟེན་ན་ད་གཟོད་གྲུབ་ཐུབ་པ་ཡིན། ༡ སྟོན་པའི་ལུང་ལ་བསྟེན་ནས་ཇི་ལྟར་གྲུབ་ཅེ་ན། དང་ཐོག་སྟོན་པ་ཤཱཀྱ་ཐུབ་པ་དེ་ཚད་མའི་སྐྱེས་བུ་ཡིན་པ་གོ་དགོས་ཤིང་། ཁོང་གིས་སྐུ་ཚེ་དགུང་ལོ་བཞི་བཅུ་ལྷག་གི་རིང་ལ་བསྟན་པའི་ཆོས་རྣམས། བདེན་དོན་དང་མ་འབྲེལ་བ་གཅིག་ཀྱང་མེད་ཅིང་། རིག་པ་གང་གིས་ཀྱང་ཚར་གཅོད་མ་ཐུབ་པར་གནས་ཡོད་པ་ལ་ཡིད་ཆེས་དགོས། དེ་ལྟར་རྫུན་ནམ་ཡང་སྨྲ་མི་སྲིད་པས་སྟོན་པ་མི་བསླུ་བ་ཡིན་པ་ཤེས་ཚེ། ཁོང་གི་གསུངས་པ་ནི་སྐྱེ་བ་སྔ་ཕྱི་ཡོད་པར་སྒྲུབ་པའི་རྒྱབ་རྟེན་གཙོ་བོ་ཡིན། ༢ རྗེས་དཔག་གིས་ཇི་ལྟར་གྲུབ་ཅེ་ན། ང་ཚོའི་ད་ལྟའི་སེམས་འདི་ཉེར་ལེན་རྒྱུ་གཞན་ལ་མ་ལྟོས་པར། སེམས་རང་གི་རྒྱུ་སྔ་མ་ཁོ་ནས་སྐྱེ་བ་ཡིན་པར་རིགས་པས་དཔོག དེའི་སྐོར་ལ་ཆ་ཚང་བའི་གཏན་ཚིགས་ཀྱི་རིགས་ལམ་ཡོད་དེ། འདི་ལྟ་བུའི་རིགས་ལམ་ལ་བརྟེན་ནས་མི་སུ་ཡིན་ཡང་སྐྱེ་བ་སྔ་ཕྱི་ཡོད་པར་གོ་ཐུབ། ཡེ་ཤུའི་ཆོས་ལུགས་སམ། སངས་རྒྱས་ཆོས་ལུགས་གང་ཡིན་ཡང་སྐྱེ་བ་སྔ་ཕྱི་ཁས་ལེན་པ་ནི་གཅིག་མཚུངས་རེད། ཡེ་ཤུའི་ཆོས་ལུགས་ལ་དད་པའི་ཅི་ལི་ནེ་དང་ཉིའུ་ཏོན་གཉིས་ཀྱིས་ཀྱང་སྐྱེ་བ་སྔ་ཕྱི་ཡོད་པར་འདོད་དེ། དམྱལ་བར་ལྟུང་བར་སྐྲག་ཅིང་ལྷ་ཡུལ་དུ་སྐྱེ་བར་སྨོན་ཡོད་པ་ཡིན། ཁོང་ཚོས་ཁས་ལེན་པ་ལ་ལྟོས་ན་འདི་ལ་ཕལ་ཆེར་ཡེ་ཤུའི་ཆོས་ལུགས་སུ། དེའི་སྐོར་ལ་རིགས་གཞུང་གི་མ་ལག་ཆ་ཚང་ཡོད་རྒྱུ་རེད་མ་གཏོགས། ཚན་རིག་པ་འདི་དག་རྨོངས་སེམས་ཀྱིས་ཡིད་ཆེས་མི་སྲིད།
࿄༤༽ དྲི་བ། མི་གཞན་ལ་རོགས་རམ་བྱས་ཏེ་བྱ་བ་བཟང་པོ་བསྒྲུབ་རྒྱུའི་ཐད་ལ། ཡེ་ཤུའི་ཆོས་པ་ཞིག་གི་ངོས་ནས། ཆོས་ལུགས་ཀྱི་དགེ་བ་སྒྲུབ་སྟངས་སྐབས་རེར་སེམས་རྩེ་གཅིག་མིན་པར་ཁེ་ཕན་གང་ཞིག་འགྲུབ་ཆེད་དེ། དཔེར་ན་དམྱལ་བར་མི་ལྷུང་བར་ལྷ་ཡུལ་དུ་སྐྱེས་པར་འདོད་པ་ལྟ་བུ་ཡིན། འོན་ཀྱང་དགེ་རྒན་ཀོའོ་ཤིན་མིན་གྱིས་ང་ཚོས་མི་གཞན་ལ་རོགས་རམ་བྱེད་སྐབས་རང་གི་སེམས་བདེ་ཞིང་སྐྱིད་པར་འགྱུར་བ་ཡིན་ཞེས་གསུངས་བྱུང་། ངས་བསམ་ན་རིགས་གཉིས་པ་དེ་ཅུང་ཡང་དག་ཞིག་ཡིན་པར་འདོད། དེས་ན་ང་ཚོས་ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ་བསམ་པ་རྣམ་དག་གི་བྱ་བ་བཟང་པོ་བསྒྲུབས་ཏེ། འཚོ་བའི་ཁྲོད་ནས་རང་ཉིད་ཀྱི་དད་པ་བསྐྱེད་ཐབས་ཇི་ལྟར་བྱེད་དགོས། མཇུག་ཏུ་བཤད་འདོད་པ་ནི། མཁན་པོ་ཁྱེད་ཀྱིས་འཆད་ཁྲིད་གནང་བས་སེམས་ཧ་ཅང་ཞི་འཇམ་དུ་གྱུར་སོང་། ང་ཁྱོད་ལ་ཧ་ཅང་དགའ་དད་བྱུང་། ཐུགས་རྗེ་ཆེ། ࿉ ལན། ཐེག་ཆེན་ནང་བསྟན་གྱི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་སེམས་ཅན་ལ་ཕན་པ་སྒྲུབ་རྒྱུ་གཙོ་བོར་བྱ་དགོས། མི་ལ་ལས་རང་ཉིད་སངས་རྒྱས་པ་གཙོ་བོར་འཛིན་པ་ལས་གཞན་ལ་ཁ་ཡ་མི་བྱེད་པ་ནི་ཚུལ་མཐུན་ཞིག་མིན། སེམས་ཅན་ལ་ཕན་པ་སྒྲུབ་པ་ད་གཟོད་བྱང་ཆུབ་ཀྱི་སེམས་ཀྱི་ནང་དོན་དངོས་མཚོན་པ་ཡིན། དེང་སྐབས་ཡེ་ཤུའི་ཆོས་ལུགས་ཀྱིས་ས་ཕྱོགས་སོ་སོར་དགེ་ལས་ཀྱི་བྱ་བ་མང་པོ་སྒྲུབ་ཀྱིན་པ་ཁེ་ཕན་ནམ་དམིགས་ཡུལ་གང་ཞིག་འགྲུབ་ཆེད་ཡིན་སྲིད་མོད། འོན་ཀྱང་འགའ་རེ་ནི་དགེ་སྒྲུབ་མ་ཐི་ལེ་སཱ་ལྟ་བུ་སེམས་ཅན་དག་ལ་སྙིང་རྗེ་ཆེན་པོ་ཡོད་པ་རེད། ཆོས་ལུགས་གང་ཞིག་ཡིན་ཡང་འཆམ་མཐུན་མཉམ་གནས་དང་ཕན་ཚུན་རྒྱུས་ལོན་བྱེད་དགོས་ཤིང་། གཞན་ཕན་གྱི་བསམ་བློའི་ཉིང་བཅུད་མི་སྒེར་དང་ཆོས་ལུགས་གང་ཞིག་ཏུ་ཡོད་ན་ང་ཚོས་དང་ལེན་བྱ་འོས། ནམ་རྒྱུན་ང་ལ་འདི་ལྟ་བུའི་ཚོར་འདུ་ཞིག་སྐྱེས་ཀྱིན་ཡོད། རང་གིས་ཉིན་གང་བོར་དཀའ་བ་ཇི་ལྟར་མཐོང་ཡང་། བྱ་བ་དེས་མི་འགའ་རེར་ཕན་ཐོགས་ཡོད་ན་སེམས་ལ་དགའ་བདེ་ཡི་ཚོར་བ་སྐྱེས་ཀྱིན་ཡོད་ཅིང་། གལ་ཏེ་ཉིན་གང་བོར་ངལ་རྩོལ་བྱས་པ་རང་གི་མཚན་སྙན་གྲགས་དང་ཐོབ་ཐང་ཁོ་ནའི་ཆེད་ཡིན་ན། ཐེག་ཆེན་ཆོས་པ་མ་ཟད་ནང་པ་བ་ཞིག་ཡིན་ཡང་ཟེར་ས་མི་འགྲོ་བ་ཡིན། ཉིན་རྒྱུན་རང་གི་ཁེ་ཕན་ཁོ་ནའི་ཆེད་དུ་འབད་བརྩོན་བྱེད་པ་ནི་དུད་འགྲོ་དང་ཁྱད་པར་མེད་དེ། དུད་འགྲོས་ཀྱང་རང་གི་ལྟོ་བའི་ཕྱིར་ཉིན་རྒྱུན་དུ་དཀའ་ངལ་མྱོང་བཞིན་ཡོད་པ་རེད། དེར་བརྟེན། རང་ཉིད་ཆོས་ལུགས་གང་ཞིག་ལ་སྐྱབས་སུ་སོང་ཡང་། དམིགས་ཡུལ་ལམ་ཕུགས་འདུན་དེ་སེམས་ཅན་གཞན་པར་ཕན་གདགས་རྒྱུ་ཤིན་ཏུ་གལ་ཆེ་བ་ཡིན།
࿄༥༽ དྲི་བ། ང་ནི་ཧྭ་ཀྲུང་དགེ་འོས་སློབ་ཆེན་མཚན་ཉིད་ཚན་ཁག་གི་ཞིབ་འཇུག་སློབ་མ་ཞིག་ཡིན། ནུབ་ཕྱོགས་སུ་མཚན་ཉིད་རིག་པ་བ་ཕེའུ་ལང་ཟེར་བ་ཞིག་ཡོད་ཅིང་། ཁོང་ནི་བསམ་འཆར་གང་ཡང་མི་འདོན་པར་སེམས་ཁམས་ཞི་འཇགས་ཀྱི་རྣམ་པ་སྲུང་འཛིན་བྱེད་པའི་བཏང་སྙོམས་རིང་ལུགས་པ་ཞིག་ཡིན། དེང་གི་སྤྱི་ཚོགས་ནི་ཤིན་ཏུ་རྙོག་འཛིང་དང་སྣ་མང་ཅན་ཞིག་ཡིན་པས། ང་ཚོ་དེང་རབས་ཞིབ་འཇུག་སློབ་མ་དང་རབ་འབྱམས་པ་དག་གིས་ཇི་ལྟར་བྱས་ན་ད་གདོད་རྣམ་རྟོག་སྣ་ཚོགས་པ་སྤངས་ཏེ། སེམས་རྒྱུད་ཞི་འཇགས་ཀྱི་རྣམ་པ་ཞིག་རྒྱུན་འཛིན་བྱེད་ཐུབ་བམ། ࿉ ལན། སྐབས་རེར་གནད་དོན་མང་པོར་ལྟ་ཚུལ་མི་འདོན་པར་ཁ་རོག་གེར་འདུག་པ་ཡང་། བསམ་བློའི་འཁོར་ཕྱོགས་ཤིག་གམ་ཐབས་ལམ་ཕུལ་བྱུང་ཞིག་ཡིན་པ་རེད། ནང་བསྟན་གྱི་བསམ་གཏན་དང་གསང་སྔགས་སློབ་པའི་མི་རྣམས་ཚད་ངེས་ཅན་ཞིག་ལ་སླེབས་ཚེ། ཆོས་ཐམས་ཅད་གཞི་མེད་བདེན་པར་མ་གྲུབ་པ་ཞིག་ཡིན་པ་རྟོགས་ཐུབ་སྟེ། དེའི་སྐོར་ནང་བསྟན་གྱི་དོན་དམ་བདེན་པའི་སྐབས་སུ་སྨྲ་བསམ་བརྗོད་མེད་ཅེས་བཤད་ཡོད་ཅིང་། ཀུན་རྫོབ་ཏུ་སྒྱུ་མ་དང་རྨི་ལམ་ལྟ་བུའི་རྣམ་པར་ཡོད་ཀྱང་དོན་གྱི་ངོ་བོ་མེད་པ་ཡིན། སྐབས་དེར་བསམ་འཆར་མང་པོ་བཏོན་ཡང་དགོས་པ་ཆེན་པོ་མེད། དེར་བརྟེན་ནུབ་ཕྱོགས་མཚན་ཉིད་རིག་པའི་བསམ་བློ་འགའ་རེར་ཡང་ནང་དོན་ཟབ་མོ་རེ་ཡོད་རྒྱུ་རེད། ཁྱེད་ཚོ་ཞིབ་འཇུག་སློབ་མ་དང་། རབ་འབྱམས་པ་དག་རྗེས་སུ་ས་ཕྱོགས་གང་དུ་སོང་ནའང་འཚོ་བའི་ཁྲོད་ཀྱི་གནད་དོན་འདྲ་མིན་དང་འཕྲད་སྐབས་བཏང་སྙོམས་སུ་འཛིན་དགོས་ན་ཐོག་མར་སྦྱོང་བརྡར་ཞིག་དགོས་པ་རེད། གོ་ཐོས་ལྟར་ན་འདི་ནས་དབྱར་སྒར་བཏབ་སྟེ་བསམ་གཏན་སྒོམ་གྱིན་ཡོད་ཅེས་ཟེར། གསང་སྔགས་ཀྱི་ནང་དུའང་། རྟོག་ངན་སྤོངས་ཐབས་ཀྱི་སེམས་རྣལ་དུ་གནས་ཐུབ་པའི་སྐོར་གྱི་མན་ངག་ཁྱད་དུ་འཕགས་པ་མང་པོ་ཡོད་ཅིང་། ངས་ཅུང་སྔོན་དུ་ནང་བསྟན་སློབ་གླིང་གི་ཤེས་ཡོན་པ་དག་ལ། བསམ་གཏན་བསྒོམ་པ་ལ་བརྟེན་ནས་སེམས་ཉིད་ངལ་གསོ་ཐུབ་ཆེད་བསམ་གཏན་ངལ་གསོ་ཞེས་པའི་གཞུང་དེ་བཤད་པ་ཡིན། འཚང་ཁ་ཤིག་ཤིག་གི་གྲོང་ཁྱེར་གྱི་ནང་དུ། ཉིན་རྒྱུན་དུ་བྲེལ་འཚུབ་ཀྱིས་སེམས་ལྷོད་དུ་འབབ་ཁོམ་མེད་པས། ཉིན་བདུན་ནམ་བཅུ་བཞི་ཙམ་གྱི་དུས་ཚོད་བེད་སྤྱད་དེ་དབེན་གནས་སུ་སོང་སྟེ། བསམ་གཏན་བསྒོམ་ཐུབ་ན་སེམས་རྣལ་དུ་ཕབ་པའི་དགོས་པ་ཆེན་པོ་ཡོད་པ་རེད། དེང་རབས་ཀྱི་སེམས་ཁམས་རིག་པ་པ་དག་གིས་ཀྱང་མི་ཞིག་གི་ལུས་པོའི་བདེ་ཐང་དེ། སེམས་དང་འབྲེལ་བ་ཆེན་པོ་ཡོད་ཅེས་ཟེར་གྱིན་འདུག་ལ། གལ་ཏེ་བསམ་གཏན་རྒྱུན་དུ་བསྒོམ་པ་ཡིན་ན་སྔ་མོ་ཡར་ལངས་སྐབས་དང་། དགོང་མོ་ཉལ་བའི་སྐབས་སེམས་ཁམས་ཞི་ལྷོད་ཡིན་པས་བདེ་ཐང་ལ་ཕན་ཐོགས་ཆེན་པོ་ཡོད། ཁྱད་པར་དུ་ཁྱེད་ཚོ་མ་འོངས་པར་འཚོ་བའི་ཁྲོད་དུ་གནོན་ཤུགས་དང་། སྡུག་བསྔལ་སྣ་ཚོགས་ལ་འཕྲད་སྲིད་པས། གལ་ཏེ་འདི་དག་ལ་མགོ་འཁོར་སོང་ན་སྒོར་མོ་དང་གོ་གནས་ཇི་ལྟར་མཐོ་ཡང་ཚེ་གང་པོར་བདེ་སྐྱིད་ཡོང་མི་ཐུབ། འོན་ཀྱང་རང་ལ་བསམ་གཏན་གྱི་ཡོན་ཏན་ལྡན་ན་ཕྱིའི་ཡུལ་ལ་འགྱུར་བ་ཇི་འདྲ་ཕྱིན་ཡང་ནང་གི་སེམས་ཞི་ལྷོད་དང་བག་ཕེབས་ཡིན་པ་རེད། དེའི་རྐྱེན་གྱིས་ཁྱེད་ཚོ་ཤེས་ཡོན་པ་དག་གིས། རང་རྒྱུད་ལ་འདིའི་ཐད་ཀྱི་གོམས་གཤིས་ལེགས་པོ་འཇགས་ཐུབ་ཅིང་། འཚོ་བའི་ཁྲོད་ནམ་རྒྱུན་བསམ་གཏན་བསྒོམ་ན་རང་གི་མི་ཚེ་དང་། སེམས་ཁམས་བདེ་ཐང་། ལུས་པོ་བདེ་ཐང་ཚང་མར་ཕན་ཐོགས་ཆེན་པོ་ཡོད་པ་རེད།
࿄༦༽ དྲི་བ། སངས་རྒྱས་ཆོས་ལུགས་དང་ཡེ་ཤུའི་ཆོས་ལུགས། ཁ་ཆེ་སོགས་ཆོས་ལུགས་གང་ཞིག་ཡིན་ཡང་། ཚང་མ་ཕྱིའི་རྒྱལ་ཁབ་ནས་རང་རྒྱལ་དུ་དར་བ་ཤ་སྟག་རེད། རང་དབང་དང་དམངས་གཙོ་འདྲ་མཉམ་སོགས་དེང་རབས་རིག་གནས་ཀྱང་དེ་བཞིན་རེད། ཀྲུང་གོ་རང་ཉིད་ཀྱི་རིག་གནས་རྣམས་ཕལ་ཆེར་ཉམས་རྒུད་དུ་འགྲོ་བ་ལས། འཇིག་རྟེན་ཡོངས་ཀྱི་ཁ་ཕྱོགས་ལ་མཛུབ་སྟོན་ཐུབ་མེད་པ་རེད། མཁན་པོ་མཆོག་ལ་གནད་དོན་འདི་ལ་ལྟ་ཚུལ་གང་འདྲ་ཡོད་དམ། ࿉ ལན། ཀྲུང་གོའི་རིག་གནས་ཀྱང་ཕྱིའི་རྒྱལ་ཁབ་ཏུ་དེ་འདྲའི་དགའ་བསུ་མེད་པ་ཞིག་མིན་ཞིང་། དཔེར་ན་ཁུང་མོང་བསམ་བློ་ཡི་རུའུ་ལུགས་གྲུབ་མཐའ་དེ་ལྷོ་ཁོ་རེ་ཡ་དང་། སིང་ག་ཕོར། ཁེ་ན་ཏ་སོགས་རྒྱལ་ཁབ་མང་པོ་ཞིག་ཏུ་སྦྱོང་འདོད་ཆེ་ཞིང་ཉམས་སུ་ལེན་གྱིན་ཡོད། འོན་ཀྱང་ཀྲུང་གོ་རུ་ད་ལྟ་འདི་དག་ཤིན་ཏུ་ཉུང་བའི་ཚད་ཅིག་ཏུ་སླེབས་ནས་འདུག རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ལྟ་བུར་མཚོན་ན། རྒྱལ་ཁབ་གཞན་དག་ལ་བརྒྱུད་རྗེས། རྒྱ་གར་དུ་སངས་རྒྱས་ཆོས་ལུགས་ཉམས་སོང་བ་རེད། ༡༩༩༠ལོར་ང་རྒྱ་གར་དུ་འགྲོ་སྐབས་ཀྱང་། སྐབས་དེའི་དགོན་པ་མང་ཆེ་བ་ལོ་རབས་ལྔ་བཅུ་པའི་སྐབས་སུ། འཕགས་ཡུལ་དུ་ཕེབས་པའི་བོད་ཀྱི་སྐྱེས་བུ་དམ་པ་རྣམས་ཀྱིས་བཏབ་པ་ཡིན་ཞིང་། ནང་བསྟན་ཡང་ཁོང་ཚོའི་སྟོབས་ཤུགས་ལ་བརྟེན་ཏེ་སླར་ཡང་གསར་དུ་དར་རྒྱས་སུ་སོང་བ་ཡིན་འདུག དེ་ནང་བཞིན། ཀྲུང་གོ་ཡང་ཕྱི་ནས་འོངས་པའི་བསམ་བློ་དང་ལེན་བྱེད་པར་དགའ་བ་ལས། རང་ཉིད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྣང་མེད་དུ་དོར་ཟིན་པ་རེད། རྒྱུ་མཚན་ནི་རིག་གསར་གྱི་སྐབས་སུ། ལིན་དགག་ཁུང་དགག་ཅེས་པའི་ཁ་འབོད་ཀྱི་འོག་ཏུ་རུའུ་ལུགས་ཀྱི་བསམ་བློ་ཚང་མ་རྩ་མེད་བྱས་ཟིན་པ་རེད། སློབ་མའི་བསླབ་བྱ་ལྟ་བུར་མཚོན་ན་ཡང་། དེང་སྐབས་རྒྱ་ཡུལ་དུ་མཐོང་ཆུང་དང་སྣང་མེད་དུ་བཞག་འདུག མི་རིགས་གཞན་པ་དང་རྒྱལ་ཁབ་གཞན་པ་དག་གིས་དེ་ལས་ལྡོག་སྟེ། རིག་གནས་འདི་དག་ལ་དར་སྤེལ་དང་གཙིགས་ཆེན་བྱེད་ཀྱིན་ཡོད་པ་རེད། མི་ཚང་མའི་བསམ་བློ་དང་། ཁམས་དབང་མོས་པ་མི་འདྲ་བས་ངས་ཕྱི་ནས་སླེབས་པའི་རིག་གནས་དང་ལེན་བྱ་མི་རུང་ཟེར་གྱིན་མེད། འོན་ཀྱང་དང་ལེན་བྱེད་སྐབས་རང་ཉིད་ལ་སྔར་ཡོད་ཀྱི་སྲོལ་རྒྱུན་བཟང་པོ་མཐའ་དག དོར་མི་རིགས་ཞེས་ཟེར་གྱིན་ཡོད།
࿄༧༽ དྲི་བ། སློབ་དཔོན་ཝང་ཏུ་ཤིན་ལགས་ཀྱི་དྲི་བ། ཐོག་མར་རང་ཉིད་མི་ཚེའི་ལམ་ཡང་དག་པ་ཞིག་ཏུ་ཁྲིད་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུ་བ་ཡིན། ང་ལ་དྲི་བ་ཞིག་ཡོད་པ་ནི། མི་ཞིག་གིས་གལ་ཏེ་ས་ཏྭ་འབུམ་ཐེར་བཞི་དང་། བོད་ཡིག་གི་འོད་དཔག་མེད་ཀྱི་མཚན་ས་ཡ་གཅིག ཡང་ན་རྒྱ་སྐད་ཀྱི་འོད་དཔག་མེད་ལ་ཕྱག་འཚལ་ལོ། ཞེས་པའི་འོད་མཚན་ས་ཡ་དྲུག་འདོན་ཐུབ་ཚེ་ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེ་ཐུབ་པར་གསུངས་ཀྱང་། ངས་ཕལ་ཆེ་བ་འགྲོ་འོང་དང་རླངས་འཁོར་ནང་། དྲྭ་ཐོག་ནས་ཡིག་ཆ་རྩོམ་སྒྲིག་བྱེད་སྐབས་གསོག་པ་ཡིན། དེ་ལྟར་བྱས་ན་ཚུལ་དང་མཐུན་ནམ། ཡང་ན་ངེས་པར་དུ་རྩེ་གཅིག་ཏུ་མཚམས་ལ་བསྡད་ནས་གསོག་དགོས་པ་ཡིན། ࿉ ལན། ང་ཚོས་ནམ་རྒྱུན་འགྲོ་འོང་དང་རླངས་འཁོར་དུ་སྡོད་སྐབས་ས་ཏྭ་དང་འོད་མཚན་འདི་དག་བཏོན་ན་བློ་སེམས་རྩེ་གཅིག་ཡིན་པའི་ངེས་པ་མེད་མོད། འོན་ཀྱང་གྲངས་ཀ་གསོག་ཐུབ་རྒྱུའང་གལ་ཆེན་པོ་རེད། ཆད་པ་སོགས་ཁ་གསབ་པའི་ཆེད་དུ་གྲངས་ཀ་ཚང་རྗེས་ད་དུང་ཅུང་མང་པོ་རེ་གསོག་ཐུབ་ན་རབ་ཡིན། ང་ཚོ་བོད་ཡུལ་དུ་གཟུངས་སྔགས་བཟླ་སྐབས་སེམས་རྣལ་དུ་གནས་མ་ཐུབ་ན་དེའི་བར་སྟོང་གསབ་ཆེད་ཚད་ལོངས་རྗེས་ཀྱང་ཁྲི་ཚོ་འགའ་རེ་གསོག་པའི་སྲོལ་ཡོད་འདུག
࿄༨༽ དྲི་བ། མཁན་པོ་ཚང་ཚད་རྡུལ་ནུས་ཤུགས་རིག་པ་ལ་སྤྲོ་སྣང་ཆེན་པོ་ཡོད་པ་ཤེས་སོང་། ལོ་འགའ་ཞིག་གི་སྔོན་ལ་ངས་ཚད་རྡུལ་ནུས་ཤུགས་རིག་པ་ཞེས་པའི་གཞུང་ཞིག་བརྩམས་པ་ཡིན་ལ། ཉེ་ཆར་བྱང་ཆུབ་ཚན་ཆུང་ལ་ཁྱེད་ཀྱིས་དབུ་མ་གསུང་གིན་འདུག ང་རང་ལ་འདི་ལྟ་བུའི་བསམ་ཚུལ་ཞིག་སྐྱེས་བྱུང་། མཁན་པོའི་དབུ་མ་ལ་ལན་གཅིག་ཉན་རྗེས། རང་གི་ཚད་རྡུལ་ནུས་ཤུགས་རིག་པའི་དཔེ་ཆའི་མཇུག་ཏུ་ཚད་རྡུལ་ནུས་ཤུགས་རིག་པ་དང་། ནང་ཆོས་ཀྱི་འབྲེལ་བ་ཞེས་པའི་ལས་ཚན་ཞིག་ཁ་སྣོན་དགོས་སྙམ་བྱུང་། ལས་དང་པོ་བ་ངས་བྲིས་པ་དེ་ཆོས་དང་མཐུན་མིན་མི་ཤེས་པས། གལ་ཏེ་ངས་དངོས་སུ་བྲི་རྒྱུ་སོང་ན་མཁན་པོ་མཆོག་གིས་ནོར་བའི་རིགས་དག་ལ་ཞིབ་བཤེར་དང་། བཅོས་བསྒྱུར་རེ་གནང་བའི་ཁོམ་པ་ཡོད་དམ། ࿉ ལན། གོ་ཐོས་ལྟར་ན་སློབ་དཔོན་ཝང་ཏི་ཤུན་ཁྱེད་སློབ་གསོའི་ལས་དོན་འདི་ལ་ཕྱག་ལས་གནང་ནས་ལོ་བཞི་བཅུ་ལྷག་སོང་ཞིང་། འབད་བརྩོན་ལྷོད་མེད་ཀྱིས་སློབ་གསོའི་ལས་ཀ་རྣམ་དག་བསྒྲུབས་པས། ཡིད་སྨོན་འཆོར་ས་ཞིག་ཏུ་གྱུར་ཡོད་ཅེས་ཟེར། ཉེ་ཆར་ང་ཚོའི་རྫོང་མཁར་དུ་སློབ་གསོའི་ཚོགས་འདུ་ཞིག་སྤེལ་བ་རེད། སྐབས་དེར། རྫོང་ཧྲིལ་བོར་ལོ་སུམ་ཅུ་སོ་ལྔའི་རིང་ལ་སློབ་ཁྲིད་བྱས་པའི་དགེ་རྒན་གཅིག་ལས་མི་འདུག ཁྱེད་ལྟ་བུའི་སློབ་གསོའི་ཉམས་མྱོང་དང་སྦྱོང་བརྡར་མཐར་ཕྱིན་པ་ཞིག་ཐོབ་རྒྱུ་དེ་ལས་སླ་མོ་ཞིག་མ་རེད། གལ་ཏེ་ཁྱེད་ཀྱིས་དེ་སྔོན་བསླབ་པའི་ཚད་རྡུལ་ནུས་ཤུགས་རིག་པ་དང་། དབུ་མའི་དགོངས་པ་དག་མཉམ་དུ་ཞིབ་བསྡུར་གྱི་དཔེ་ཆ་རྩོམ་ཐུབ་ན་དེ་དགོས་གལ་ཆེ་བ་ཞིག་རེད། ང་ལ་མཚོན་ན་ཚད་རྡུལ་ནུས་ཤུགས་རིག་པ་དེ་ཆེད་ལས་མིན་ཡང་། དེ་དག་གི་གཞུང་ལ་བལྟ་རྒྱུའི་འདུན་པ་ཆེན་པོ་ཡོད་པས། དེའི་སྐོར་གྱི་དཔེ་ཆ་ཆེས་མང་པོར་བལྟས་མྱོང་། དཔེ་ཆ་འདི་དག་དབུ་མའི་ཕྲ་རྡུལ་དབྱེ་ཞིབ་བྱེད་སྟངས་ཀྱི་རིགས་ལམ་དང་ཤིན་ཏུ་མཐུན་པོ་འདུག གལ་ཏེ་ཁྱེད་ཀྱིས་འདིའི་སྐོར་གྱི་དཔེ་ཆ་འབྲི་ཐུབ་ན་ཚང་མ་ལ་ཞིབ་ཚགས་ཀྱིས་ལྟ་མ་ཐུབ་ཀྱང་རིག་པ་བསྒྲིམས་ཏེ་ལྟ་ངེས་ཡིན། ངས་ནམ་རྒྱུན་ཚན་རིག་ལས་གཉེར་བ་དག་ལ་བསྟོད་བསྔགས་བྱེད་ཀྱིན་ཡོད། གལ་ཏེ་ང་ཚོས་ཕན་ཚུན་མཉམ་འབྲེལ་ཡོང་ཐུབ་ན། མི་ཚེ་ཐུང་ངུ་འདིའི་རིང་ལ་མིའི་རིགས་ལ་ཕན་ཐོགས་པའི་བྱ་བ་རེ་བསྒྲུབས་ཏེ། ཕྱི་རབས་པ་དག་ལ་ཕན་པ་སྒྲུབ་རྒྱུ་འདི་ཡང་རང་ཅག་གིས་མཉམ་ལས་དང་། མཉམ་བརྩོན་བྱ་དགོས་པའི་ཁ་ཕྱོགས་ཤིག་ཡིན་པ་རེད།
࿄༩༽ དྲི་བ། ང་ནི་ཧྭ་ཀྲུང་དགེ་འོས་སློབ་ཆེན་གྱི་སེམས་ཁམས་དང་ཚོར་ཤེས་ཞིབ་འཇུག་ལྟེ་གནས་ཀྱི་རབ་འབྱམས་པ་ཞིག་ཡིན། སེམས་ཁམས་མཚན་ཉིད་རིག་པ་ནི། དབྱེ་ཞིབ་བྱེད་པའི་ཐབས་ལམ་ལ་བརྟེན་པའི་མཚན་ཉིད་རིག་པའི་ཡན་ལག་ཅིག་རེད། ཐབས་ལམ་འདི་ལྟ་བུ་ལ་ནང་ཆོས་ཀྱིས་ངོས་ནས་བལྟས་ན་རྟོག་པའི་ཤེས་རབ་ཅིག་ཡིན་རྒྱུ་རེད། འོན་ཀྱང་ངས་རྟོག་མེད་ཀྱི་ཤེས་རབ་ཅིག་གོ་མྱོང་བས། ཤེས་རབ་རིགས་འདི་གཉིས་ལ་ཁྱེད་ཀྱིས་བལྟས་ན་འབྲེལ་བ་གང་འདྲ་ཡོད་དམ། ࿉ ལན། ང་ཚོ་ནང་པ་བ་དག་གིས་ཆོས་ཉམས་ལེན་བྱེད་སྐབས་རྟོག་པ་དང་རྟོག་མེད་ཅེས་རྣམ་པ་གཉིས་ཡོད་པ་རེད། དཔེར་ན་བསམ་གཏན་བསྒོམ་སྐབས་རང་གི་སེམས་དོན་དམ་དུ་ཡོད་མེད་བརྟག་དགོས་ཤིང་། སེམས་ལ་གཟུགས་ཡོད་དམ། རྣམ་པ་ཡོད་དམ། དེའི་རྩ་བ་གང་ཡིན་ནམ། དེ་དག་ལ་རྟོག་པས་དབྱེ་ཞིབ་བྱས་པ་ལ་དཔྱད་སྒོམ་ཟེར་ཞིང་། ཐབས་ལམ་འདི་ལ་བརྟེན་ཏེ་བྱིས་པ་མལ་དུ་ཉལ་བ་ལྟར་སེམས་ཞི་ལྷོད་དུ་འབབ་པ་ཡིན་ལ། མཐའ་མར་རྟོག་མེད་ཀྱི་ཚད་ལ་སླེབས་སྐབས་འཇོག་སྒོམ་ཟེར་བ་ཡིན། འདི་ལྟ་བུའི་རྣམ་པ་ནི་མལ་དུ་གཉིད་པ་དང་གཏན་ནས་མི་འདྲ་བ་རེད། ང་ཚོས་བདེན་དོན་གང་ཞིག་འཚོལ་ཡང་ཐོག་མར་རྟོག་པའི་སེམས་ཀྱིས་བརྡར་ཤ་གཅོད་པར་དགོས་པ་ཡོད་པ་རེད། དེ་ལྟར་མིན་པར་ཐོག་མ་ཉིད་ནས་ཐད་ཀར་རྟོག་མེད་ཀྱིས་ངང་དུ་བཞག་ན་ཉེན་ཁ་ཆེ་བ་ཡིན། རྒྱུ་མཚན་ཡང་བཟང་ངན་ལ་དབྱེ་འབྱེད་དང་། བདམ་གསེས་མེད་པར་འཇུག་ན་བདེན་རྫུན་གྱི་དབྱེ་བ་འབྱེད་དཀའ་བ་ཡིན། དེར་བརྟེན། ཆོས་བསྒོམ་སྒྲུབ་ཀྱི་སྐབས་སུ། རབ་ན་ཐོག་མར་དཔྱད་སྒོམ་དང་དེ་ནས་འཇོག་སྒོམ་བྱེད་དགོས། ད་ལྟ་དཔྱད་པའི་ཚེ་སེམས་དེ་རྣམ་རྟོག་སྣ་ཚོགས་པ་ཅན་འདི་ཡང་མེད་ཐབས་མེད་པ་ཞིག་ཡིན་ཏེ། ཆེས་མཐོ་བའི་ཚད་ལ་སླེབས་སྐབས་ད་གཟོད་སྤངས་ཆོག་གི་རེད། དཔེར་ན་ཆུ་བརྒལ་བར་གྲུ་ཤན་ལ་མ་བརྟེན་ཐབས་མེད་ཀྱང་། འགྲམ་ངོགས་སུ་སླེབས་རྗེས་ད་དུང་གྲུ་ཤན་བཀོལ་སྤྱོད་མི་དགོས་པ་བཞིན་རེད།
࿄༡༠༽ དྲི་བ། ཟབ་མདོ་ཡི་ནང་དུ། གཟུགས་སྟོང་པ་ཉིད་དང་། སྟོང་པ་ཉིད་ནི་གཟུགས་སོ་ཞེས་པ་ལ་འགྲེལ་ལུགས་མི་འདྲ་བ་གཉིས་ཐོས་མྱོང་ལ། གཅིག་ནི་ཉིད་ནི་ཞེས་པ་དེ་འབྲེལ་ཚིག་ཅིག་ཏུ་ངོས་འཛིན་དགོས་ཤིང་། དོན་ནི་གཟུགས་སྟོང་པ་ཉིད་ཡིན་ལ་སྟོང་པ་ཉིད་གཟུགས་ཡིན་ཞེས་པའི་དོན་ཡིན། འགྲེལ་ལུགས་གཞན་ཞིག་ནི་ཉིད་དང་ནི་ཞེས་པ་སོ་སོར་བྲལ་ཏེ། ཉིད་ཅེས་པ་བྱ་ཚིག་དང་དོན་ཁ་མི་འབྲལ་བའི་དོན་ཡིན་ཞིང་། ནི་ཞེས་པ་ཚབ་ཚིག་ཅིག་སྟེ་དོན་ནི་གཟུགས་སྟོང་པ་དང་ཁ་མི་འབྲལ་ཞིང་སྟོང་པ་གཟུགས་དང་མི་འབྲལ་ཞེས་པའི་དོན་ཡིན། ཁྱེད་ལ་སྐད་ཆ་འདིར་དགོངས་ཚུལ་གང་འདྲ་ཡོད། ࿉ ལན། ཉིད་ནི་ཞེས་པ་དེ་བོད་ཡིག་ཏུ་ངེས་བཟུང་གི་སྒྲ་ཞིག་ཡིན་ལ། གཟུགས་སྟོང་པ་དང་སྟོང་པ་གཟུགས་ཡིན་པར་བཤད་དགོས་པའི་རྒྱུ་མཚན་ནི། གཟུགས་ཀྱི་ངོ་བོར་ཞིབ་ཏུ་བརྟག་ན་སྟོང་ཉིད་ལས་གཞན་གང་ཡང་མེད་པ་ཡིན་ཞིང་། སྟོང་པ་ཉིད་ལས་ཀྱང་གཟུགས་ཐམས་ཅད་སྣང་བས་ཡིན། ང་ཚོས་ད་ལྟ་མཐོང་རྒྱུ་ཡོད་པའི་གཟུགས་དེ་དག་གི་ངོ་བོ་ནི། ཆུ་ནང་དུ་ཟླ་བའི་གཟུགས་བརྙན་ཤར་བ་བཞིན་དུ་དོན་ངོ་མར་མེད་པ་རེད། ཆུ་ནང་གི་ཟླ་བ་འཕྲལ་དུ་སྟོང་ཉིད་ཡིན་པར་སྣང་ལ་སྟོང་ཉིད་ཀྱི་ངང་ནས་ཀྱང་སྣང་ཆོག་གི་རེད། དེར་མཚོན་ན་ཡོད་པ་དང་མེད་པ་མིང་མི་འདྲ་བ་ཙམ་ཡིན། ཆོས་ཉམས་ལེན་གྱི་ཚད་མཐོན་པོར་སླེབས་ཚེ་སྣང་བ་ཉིད་ནི་སྟོང་པ་དང་། སྟོང་པ་ཉིད་ནི་སྣང་བ་ཡིན་པར་ཁྱད་པར་ཅུང་ཙམ་ཡང་མེད། དེ་དག་སྔོན་ཆད་ཁ་བྲལ་ནས་ཡོད་ཅིང་རང་གིས་ཤེས་ཚོར་བྱུང་ཚེ་གཞི་ནས་གཅིག་ཏུ་འདྲེས་པ་ཞིག་མིན་པར། ཐོག་མ་ཉིད་ནས་དེ་ལྟར་ཡིན་པ་རེད། ང་ཚོ་སེམས་ཅན་རྣམས་མ་རིག་པས་བསྒྲིབས་པས་ཆོས་རྣམས་ཀྱི་མཐར་ཐུག་གི་ངོ་བོ་ཤེས་མི་ཐུབ་པ་ཡིན། རང་ཉིད་ཀྱི་སེམས་ལ་བརྟག་ནའང་འདི་ལྟར་རེད། སེམས་ཉིད་སྣང་བའི་སྐབས་སུ་དེའི་ངོ་བོ་སྟོང་པ་ཡིན་ཞིང་། ངོ་བོ་སྟོང་པ་ཡིན་པས་འཆར་སྣང་འདྲ་མིན་སྐྱེས་པ་ཡིན་པ་ལས། སྟོང་པ་མིན་ན་འཆར་སྣང་འདི་དག་སྐྱེ་མི་སྲིད། འདི་དབུ་མ་དང་ཤེར་ཕྱིན་གྱི་ཁོངས་སུ་གཏོགས་ཤིང་། ཉམས་ལེན་ཡུན་བསྲིང་ན་རིམ་བཞིན་གནད་ཚང་མ་ཤེས་ཐུབ་པ་ཡིན།
࿄༡༡༽ དྲི་བ། སྤྱིར་བཏང་མི་རྣམས་ནང་ཆོས་སུ་འཇུག་པར་ཐབས་ལམ་གཉིས་ཡོད་དེ། གཅིག་ནི་དང་པོ་ཆོས་ལ་དད་ཅིང་དེ་ནས་རྒྱུས་ལོན་སོགས་བྱེད་པ་ཡིན་ཞིང་། ཅིག་ཤོས་ནི་ཐོག་མར་རྒྱུས་ལོན་དང་དེ་ནས་དད་པ་ཡིན། ང་རང་ངོས་ནས་བཤད་ན། ཆུང་དུས་ནས་ནང་ཆོས་ཀྱི་བསྟན་བཅོས་འགའ་རེར་བལྟས་མྱོང་ལ། དཔེར་ན། ཧུའུ་ནན་ཀའོ་ཧྲན་རི་བོ་ཧྲོ་ལིན་སོགས་ལ་རྒྱུས་ཅུང་ཡོད་ཅིང་ད་ལྟ་སྤྲོ་སེམས་ཀྱང་མི་དམན་པ་ཡོད། ཁྱེད་ཀྱིས་འདི་གཉིས་ལ་ལྟ་སྟངས་ཅི་འདྲ་བཟུང་ཡོད་དམ། ࿉ ལན། ངས་བསམ་ན་ཐབས་ལམ་འདི་གཉིས་ཡང་དག་པ་རེད། ཆོས་ཀྱི་གསུང་རབ་འགའ་རེར་ཡང་། ལམ་དུ་འཇུག་ཚུལ་ལ་ཤེས་རབ་དང་དད་པ་གཉིས་ཡོད་ཅེས་གསུངས་ཡོད། དད་པ་ལ་བརྟེན་ཏེ་ཆོས་སྒོར་འཇུག་པར། དང་ཐོག་རྨོངས་དད་ཀྱི་ཆ་ཅུང་རེ་ཡོད་སྲིད་ཀྱང་ག་ལེར་བསྟན་དོན་གཏིང་ཟབ་མོ་རྟོགས་རྗེས། རང་ཉིད་ཀྱི་མི་འདང་ས་མཐོང་ནས་ཡང་དག་གི་ཁ་ཕྱོགས་རྙེད་པར་འགྱུར་བ་ཡིན། ད་དུང་རིགས་གཅིག་ནི་ཐབས་ལམ་སྣ་ཚོགས་ཀྱིས་རྒྱུས་ལོན་བྱས་པ་བརྒྱུད་དེ། ནང་ཆོས་ཀྱི་སྒོར་འཇུག་པ་སྟེ་རིགས་གཉིས་པོ་འགྲིག་པ་རེད། གལ་ཏེ་རང་གི་དད་པ་དང་ཤེས་རབ་ཀྱིས་མ་འདང་ན་ལོག་ལྟའང་སྐྱེ་སྲིད་པ་རེད།
࿄༡༢༽ དྲི་བ། ང་ཧུའུ་ནན་གྱི་མི་ཞིག་ཡིན་པའི་ཆ་ནས། ཀའོ་ཧྲན་རི་བོ་ཧྲོ་ལིན་གྱིས་ང་ཚོ་ཧུའུ་ནན་མ་ཟད། ཀྲུང་གོ་སྤྱི་ཡོངས་ཀྱི་རིག་གནས་ཀྱི་མཚོན་རྟགས་ཤིག་ཏུ་གྱུར་ཡོད། ལོ་འགའ་ཤས་ཀྱི་སྔོན་དུ། ཧྲོ་ལིན་དགོན་པའི་དགོན་བདག་ཧྲི་ཡུང་ཤུན་གྱིས་ཧྲོ་ལིན་དགོན་པ་དེ་ཚོང་ལས་ཅན་ཞིག་ཏུ་བསྒྱུར་ནས། སྤྱི་ཚོགས་ཡུལ་གྲུ་མང་པོར་འུར་ཟིང་བསླངས་པ་རེད། ཁྱེད་ཀྱིས་གནད་དོན་འདིར་ལྟ་སྟངས་གང་འདྲ་བཟུང་ཡོད། ࿉ ལན། ཧྲོ་ལིན་དགོན་པའི་གནས་ཚུལ་ལ་དྲྭ་ཐོག་དང་གསར་འགྱུར་སོགས་སུ། ཡུལ་ཕྱོགས་མི་འདྲ་བའི་མི་སྣ་མང་པོས་དཔྱད་བརྗོད་སྣ་ཚོགས་པ་བྱེད་ཀྱིན་འདུག སྔོན་ཆད་མི་མང་པོས་ཧྲོ་ལིན་དགོན་པ་དང་ནུབ་ཕྱོགས་སུ་བསྐྱོད་པའི་གཏམ་རྒྱུད་སོགས་བརྒྱུད་དེ་ནང་ཆོས་ལ་རྒྱུས་ལོན་བྱས་པ་རེད། ཐབས་ལམ་འདི་མི་བཟང་རྒྱུ་མེད་ཀྱང་། སངས་རྒྱས་ཆོས་ལུགས་དེ་ལྷ་སྒྲུང་ཞིག་དང་གསོད་རྡུང་འཕྲོག་བཅོམ་གྱི་རྣམ་པ་ཞིག་ཏུ་བསྒྱུར་ན་ཤུགས་རྐྱེན་ངན་པ་ཐེབས་སྲིད། ཁྱད་པར་དུ་ནང་ཆོས་ཕྱོགས་ཀྱི་གློག་བརྙན་གྱི་བྱུང་རིམ་དག མང་ཆེ་བ་ནང་ཆོས་ལ་རྒྱུས་མངའ་མེད་པའི་མི་རྣམས་ཀྱིས། རྣམ་རྟོག་གིས་རྫུན་བཟོ་བྱས་པ་རྐྱང་རྐྱང་ཡིན་པ་རེད། ང་ཡང་སྐད་གྲགས་ཆེ་བའི་གློག་བརྙན་རྩོམ་སྒྲིག་འཁྲབ་ཁྲིད་པ་མང་པོ་དང་འཕྲད་མྱོང་ཞིང་། དེ་དག་ལ་ཁྱེད་ཚོས་ནང་ཆོས་ཕྱོགས་ཀྱི་གློག་བརྙན་འཁྲབ་སྟོན་བྱས་ན། ཕྱོགས་གཅིག་ནས་དགེ་བ་ཡོད་ཀྱང་ཕྱོགས་གཞན་ཞིག་ནས་མི་མང་པོ་ཞིག་གི་སེམས་ལ་བག་ཆགས་ངན་པ་འཇོག་སྲིད་ཅེས་བཤད་མྱོང་། རྒྱུ་མཚན་ཡང་གློག་བརྙན་ཟློས་གར་མང་པོ་ཞིག་གི་ཁྲོད་ཀྱི་རབ་བྱུང་པ་མང་ཤོས། ཐོག་མར་གར་འགྲོ་འདིར་འགྲོ་མེད་པར་རེ་ཐག་ཆད་ཅིང་། ཡིད་ཕམ་པའི་རྗེས་སུ་རབ་ཏུ་བྱུང་བ་ཡིན་པར་འཁྲབ་ཡོད་པའི་ཤུགས་རྐྱེན་གྱིས། དེང་སྐབས་མི་རྣམས་ཀྱི་རབ་བྱུང་བ་རེ་མཐོང་སྐབས། སྔར་དཀའ་ངལ་མང་པོ་མྱང་པས་སྒྱིད་ལུག་ནས་འཇིག་རྟེན་མ་འཁྱོངས་པར་དགོན་པའི་ནང་དུ་གབ་ནས་བསྡད་པའི་མི་རུ་ངོས་འཛིན་གྱིན་ཡོད། ཀྲུང་གོའི་མི་མང་ཆེ་བས་འདི་ལྟར་ངོས་འཛིན་ཀྱང་། འདི་ལ་ནུབ་ཕྱོགས་པ་ཚོས་འཕྲིན་སྦྱོར་གྱིས་འུད་སྒྲོག་མ་བྱས་པས་དེ་འདྲའི་སེམས་བྱུང་མེད་པ་རེད། དེར་བརྟེན། དེང་སང་གི་སངས་རྒྱས་ཆོས་ལུགས་ལ་གོ་ལོག་སྐྱེས་པ་ཚང་མ་ཕལ་ཆེར་གློག་བརྙན་ལས་བྱུང་གིན་ཡོད་འདུག ཁྱེད་ཀྱིས་བཤད་པའི་ཧྲོ་ལིན་དགོན་པ། ཚོང་ལས་ཅན་དུ་བསྒྱུར་བ་ཆོས་ཕྱོགས་ནས་བཤད་ན། ཐེ་ཤི་བླ་མས་འཇིག་རྟེན་གྱི་ཆོས་ལུགས་དར་སྤེལ་བྱས་པ་ལྟ་བུའི་ཕན་ཐོགས་ཆེན་པོ་ཡོད་ནའང་ཐང་། འོན་ཀྱང་འཇིག་རྟེན་གྱི་ཆོས་ལུགས་དེ་འཇིག་རྟེན་ཅན་དུ་བསྒྱུར་ཆེས་ན། སྔར་ཡོད་ཀྱི་གཞུང་ལུགས་ཀྱི་དགོངས་པ་དང་འགལ་བར་གྱུར་ནས། མཐར་རྩ་བ་ནས་ཚོང་ལས་ཀྱི་རྣམ་གྲངས་སུ་ལོག་འགྲོ་བས། དེ་ནི་ཚོང་ལས་ཡིན་པ་ལས་ནང་ཆོས་མ་རེད། དཔེར་བཞག་ན་སྤོས་རྐང་གཅིག་ལ། སྒོར་སྟོང་གཅིག་གམ་ཁྲི་གཅིག་གིས་བཙོང་པ་ལྟ་བུའི་གསར་གཏོད་ཀྱི་རིགས་སུ་འགྲོ་ཞིང་། སེམས་ཅན་ལ་ཕན་པ་ཡོད་མེད་ཀྱང་ཧ་ཅང་བཤད་དཀའ་མོ་ཡིན་པས། ཚང་མས་རང་གི་བློ་རིག་གིས་ཞིབ་དཔྱད་བྱ་དགོས་པ་རེད། སྤྱིའི་ཆ་ནས་བཤད་ན། ནང་ཆོས་དར་སྤེལ་བྱེད་པར་ངེས་པར་དུ་དད་ལྡན་མང་ཚོགས་ཀྱི་དད་པ་ལ་སྲུང་སྐྱོབ་བྱེད་དགོས་ཤིང་། ནང་པ་སངས་རྒྱས་པ་ཞིག་ཡིན་ཚེ་དཔལ་འབྱོར་གྱི་བརྩོན་པ་མང་པོ་བྱེད་པའི་དགོས་པ་མེད། དེང་སྐབས་དད་ལྡན་མང་ཚོགས་ལ་མཁོ་བ་ནི་ནང་ཆོས་ཀྱི་ཤེས་རབ་ཡིན་པ་རེད། མི་མང་པོ་ཞིག་ནང་ཆོས་ལ་དད་པ་ཆེ་ཞིང་། སློབ་སྦྱོང་གི་འདུན་པ་ཡོད་ཀྱང་ལམ་ཡང་དག་ཅིག་མི་རྙེད་ཅིང་དགེ་བའི་བཤེས་གཉེན་གྱི་མཛུབ་སྟོན་མེད་པ་ནི་ཡིད་ཕམ་པ་ཞིག་ཏུ་གྱུར་ཡོད། དད་པ་དང་ཡིད་ཆེས་ནི་མི་ཚང་མར་མེད་དུ་མི་རུང་ཞིང་། ང་ཚོས་ཤེས་གསལ་ལྟར། ལོ་རེའི་ལོ་སར་དང་དུས་སྟོན་སྐབས་སུ། དགོན་པའི་ནང་དུ་མི་ཁྲི་སྟོང་མང་པོ་འབྱོར་ཡང་། དེ་ལས་མང་ཆེ་བ་ནི་རང་ལ་ཚེ་འདིའི་བདེ་བ་འབྱུང་ཕྱིར་ལས་བདེན་དོན་དང་ཐར་བ་དོན་དུ་གཉེར་མཁན་ཧ་ཅང་ཉུང་ཉུང་རེད། དེར་བརྟེན། ད་ལྟ་དགོས་ངེས་པ་ནི་ཡང་དག་པའི་ནང་ཆོས་དེ་ཡིན་པ་ལས། ཚོང་ལས་ཀྱི་བྱ་སྤྱོད་ཀྱིས་ཆོས་སྤེལ་བར་དོན་སྙིང་ཡོད་ཀྱང་སྲིད་ལ་མེད་ཀྱང་སྲིད། ང་སྒེར་གྱི་ངོས་ནས་བཤད་ན། མི་གཞན་པར་བཟང་ངན་གྱི་གདེང་འཇོག་བྱ་རྒྱུར་དགའ་བོ་མེད་ལ། མི་འགའ་རེའི་བྱ་སྤྱོད་ངན་པ་མཐོང་ཡང་དགོས་པ་ཆེན་པོ་མེད་ན་ཅང་ཟེར་གྱིན་མེད། རྒྱུ་མཚན་ཡང་ང་དང་ང་འདྲ་བ་མ་གཏོགས་གང་ཟག་གི་ཚོད་གང་ཟག་གིས་མི་ཟིན། ཞེས་སངས་རྒྱས་ཀྱིས་གསུངས་ཡོད་པས་ཡིན། འོན་ཀྱང་སངས་རྒྱས་ཆོས་ལུགས་སྤྱི་ཡོངས་ཀྱི་ཆ་ནས་བལྟས་ན། གལ་ཏེ་ཚོང་ལས་ཅན་དང་འཇིག་རྟེན་ཅན་དུ་འགྱུར་ཚད་ཆེ་ན་དཀའ་རྙོག་མང་པོ་སློང་ཡོང་བ་རེད། དེང་སྐབས་ལྟ་བུར་མཚོན་ན། སངས་རྒྱས་ཆོས་ལུགས་པ་ལ་ཆེས་མེད་དུ་མི་རུང་བ་ནི་བྱམས་བརྩེ་དང་ཤེས་རབ་གཉིས་ཡིན་ལ། འདི་གཉིས་སངས་རྒྱས་ཆོས་ལུགས་ཀྱི་བསམ་བློའི་ནང་བཅུད་ཀྱང་ཡིན་པ་རེད། དེ་ལྟ་བུའི་ནང་ཆོས་ས་གནས་གང་ཞིག་ཏུ་སྤེལ་བར་རྗེས་སུ་ཡི་རངས་དང་རེ་བ་བྱེད་ཀྱིན་ཡོད། དེ་ལས་སྤྱོད་ལམ་དང་བྱེད་ཕྱོགས་གཞན་ཡིན་ཡང་སེམས་ཅན་ལ་ཕན་ཐོགས་བྱེད་ཅིག་ཡིན་ན་དགའ་བསུ་བྱེད་ཀྱིན་ཡོད་ལ། གལ་ཏེ་སེམས་ཅན་ལ་ཕན་ཐོགས་མེད་པར་མ་ཟད། ལྡོག་སྟེ་སེམས་ཅན་ལ་གནོད་དུ་སོང་ན་བརྟག་དཔྱད་བྱ་དགོས་པ་རེད།
࿄༡༤༽ དྲི་བ། ང་མཚན་ཉིད་ཚན་ཁག་གི་རབ་འབྱམས་པ་ཞིག་ཡིན། ཐེག་དམན་དུ་མི་གཞན་ལ་གནོད་པ་མ་བྱེད་ཅེས་བཤད་ཡོད་ལ། ཐེག་ཆེན་དུ་མི་གཞན་ལ་གནོད་མི་བྱེད་པ་དང་མཉམ་དུ་མི་གཞན་ལ་རོགས་ཅི་ཐུབ་བྱ་དགོས་ཚུལ་བཤད་ཡོད། ངས་སློབ་གྲྭའི་ནང་ནས་མཐོང་རྒྱུ་ལ་བཟོ་སྐྲུན་རིག་པའི་དགེ་རྒན་ལ་ལས་སྐབས་རེར་ལེ་ཚན་རེ་བཀོད་སྒྲིག་བྱས་ཏེ། འོང་འབབ་སྒོར་མོ་ས་ཡ་ལྷག་རྙེད་ཐུབ་པ་རེད་ལ། ཁོང་ཚོས་སྒོར་མོ་ལག་ཏུ་ལོན་རྗེས་རྒྱལ་ཡོངས་ཀྱི་ས་ཆ་མང་པོར་ཁང་པ་དང་ཚོང་ཁང་ཉོ་བཞིན་ཡོད་པ་རེད། ངས་ཁོང་ཚོར་ནང་ཆོས་ལ་སློབ་པར་བསྐུལ་ཞིང་། གལ་ཏེ་ཁང་པ་དེ་འདྲའི་མང་པོ་ཞིག་ཉོས་ན་མི་ཚེ་མང་པོར་བེད་སྤྱོད་བྱེད་ཐུབ་ཀྱིན་མེད་པས་ཅི་བྱ། དེ་ལས་སྒོར་མོ་ཁ་ཤས་ཀྱིས་མི་གཞན་ལ་རོགས་རམ་དང་དགེ་ལས་ཀྱི་བྱ་བ་བསྒྲུབས་ན་བཟང་ཞེས་བཤད་ཀྱང་། ཁོང་ཚོས་མི་གཞན་ལ་གནོད་མ་བསྐྱལ་ན་དེས་འགྲིག་གི་རེད། སྒོར་མོ་བཀོལ་ཏེ་དགེ་ལས་བསྒྲུབས་ཀྱང་མི་གཞན་པ་དག་གིས་དྲིན་དུ་ཤེས་པའི་ངེས་པ་མེད་ཅེས་ཟེར། དེས་ན་ངས་ཁོང་ཚོར་ཇི་ལྟར་ཆོས་བཤད་དེ་ལེགས་ལམ་དུ་ཁྲིད་དགོས། ࿉ ལན། མི་ཕྱུག་པོ་རྣམས་ཀྱིས་དགེ་ལས་བསྒྲུབ་མི་འདོད་པ་ནི་ཐེག་དམན་གྱི་ཆོས་ཡང་དག་ཉམས་སུ་བླངས་ཡོད་པ་མིན་པར། དེ་ཁ་གཡར་ས་ཞིག་ཡིན་ནའང་ཐང་། ཐེག་དམན་གྱི་གཞུང་ལུང་རྣམ་འབྱེད་དང་མདོ་སྡེ་ལུང་རིང་པོ་སོགས་གཞུང་གང་ཡིན་ཡང་མི་གཞན་ལ་གནོད་པ་མི་བྱེད་པར་མ་ཟད། རང་ཉིད་དབུལ་རྐྱང་གི་འཚོ་བར་རོལ་དགོས་ཤིང་། འདོད་ཡོན་ལྔའི་ཆགས་ཞེན་སྤོང་ཅི་ཐུབ་བྱ་དགོས་པར་བསྟན་ཡོད། དེང་སང་གི་མི་ལ་ལ་རྨོངས་པའི་དབང་དུ་སོང་ནས། སྒོར་མོ་མོད་དུས་ཕྱོགས་སོ་སོ་ནས་ཁང་པ་ཉོ་ཞིང་། འདོད་པ་ལ་ཚིམས་རྒྱུ་མེད་པ་ཤེས་ཀྱིན་མི་འདུག གལ་ཏེ་རང་གིས་ཁང་པ་གཅིག་ཉོས་ཀྱང་ཡིད་མི་ཚིམས་པར་ད་དུང་ཉོ་མོས་ཤིང་། ཀྲུང་གོའི་གྲོང་ཁྱེར་སོ་སོ་ནས་ཉོས་ཟིན་རྗེས། ད་དུང་ཁེ་ན་ཏ་དང་ཨ་རི་སོགས་ནས་ཉོ་འདོད་པ་རེད། ཉེ་ཆར་ང་ཅན་ཆའོ་སློབ་ཆེན་གྱི་དགེ་རྒན་ཞིག་དང་འཕྲད་བྱུང་། ཁོ་མོས་བཤད་རྒྱུར་དབྱིན་ཇི་རུ་མི་ཞིག་ཡོད་ཅིང་། ཁོ་མོར་ཨ་སྒོར་དུང་ཕྱུར་ཁ་ཤས་ཡོད་ལ་བུ་རྒྱུད་གཅིག་ཀྱང་མེད། མི་ཚེ་གང་པོར་དགའ་ཕྱོགས་ཁང་པ་ཉོ་རྒྱུ་དེ་ཡིན་པས། ཁང་པའི་འགྲོ་གྲོན་རྐྱང་པར། ལོ་རེར་ཨ་སྒོར་ས་ཡ་འགའ་ཡིན་ཡང་ད་དུང་མུ་མཐུད་དུ་ཉོ་བཞིན་ཡོད་པ་རེད། ངས་ཁོ་མོ་ཧ་ཅང་སྙིང་རྗེ་བར་བསམ་ཡང་གོ་བརྡ་སྤྲོད་ཐབས་མི་འདུག་ཅེས་ཟེར། དེར་བརྟེན་འཇིག་རྟེན་ཐོག་གི་མི་ལ་ལར་གནས་ལུགས་བཤད་སར་འགྲོ་ཡང་འགའ་རེར་ཇི་ལྟར་བཤད་ཀྱང་ཕན་པ་མེད་ན། ཁོང་ཚོས་རང་ཉིད་ཀྱིས་བདམས་གསེས་བྱས་པའི་ལམ་དེ་ཧ་ཅང་ཡང་དག་ཞིག་ཡིན་པར་བལྟས་བས་ཡིན།
࿄༡༥༽ དྲི་བ། མ་རིག་པའི་རྒྱུ་དེ་གང་ལས་བྱུང་བ་ཡིན། གནད་དོན་འདི་ཧ་གོ་ན་ང་ཚོས་ཆོས་ལེགས་པོ་བསྒྲུབ་ཐུབ་རྒྱུ་རེད། ࿉ ལན། ངས་ཁ་སང་ཡང་ཅུང་ཟད་ཅིག་བཤད་ཟིན་ཏེ། མ་རིག་པ་ཞེས་པ་ནི་ནམ་མཁའི་སྤྲིན་དང་འདྲ་ཞིང་། དང་ཐོག་གློ་བུར་དུ་བྱུང་ཞིང་དེའི་རྒྱུ་ནི་རྨོངས་པ་ཡིན་པ་རེད། རྨོངས་པ་དེ་ང་ཚོ་ཐོག་མེད་ནས་འཁོར་བ་འདིར་སྐྱེས་པའི་རྒྱུ་གཙོ་བོ་ཡིན་ཡང་དེ་བདེ་གཤེགས་སྙིང་པོའི་ངོ་བོར་གྲུབ་མེད་ཅིང་། དཔེར་ན་ནམ་མཁའ་ལ་སྤྲིན་པ་ལྡང་སྐབས་སྤྲིན་དེ་ནམ་མཁའི་ངོ་བོ་མིན་པ་བཞིན་ཡིན། གསང་སྔགས་ཀྱི་རྒྱུད་སྡེ་ལ་ལར། མ་རིག་པ་དེ་ལྕགས་ལ་ཆགས་པའི་གཡའ་ལ་དཔེར་བཞག་ཡོད་ཅིང་། གཡའ་དེ་ལྕགས་ཀྱི་ངོ་བོ་མིན་པར་དྲོད་དང་རླན་གཉིས་མཉམ་དུ་ལྕགས་དང་འཕྲད་དེ་གློ་བུར་དུ་བྱུང་བ་ཞིག་ལས་ལྕགས་ལྟར་སྲ་མཁྲེགས་ཀྱི་ངོ་བོ་མེད་པ་ནང་བཞིན། མ་རིག་པ་དང་བདེར་གཤེགས་སྙིང་པོའི་འབྲེལ་བ་ཡང་དེ་ལྟར་ཡིན་པ་རེད།
࿄༡༦༽ དྲི་བ། ཁྱེད་ཀྱིས་བལྟས་ན་སྒོམ་སྒྲུབ་པ་རབ་དེ་གང་འདྲ་ཞིག་ཡིན་ཞིང་། དེ་ལ་ཚད་གཞི་ཡོད་དམ། ࿉ ལན། སྒོམ་སྒྲུབ་ཀྱི་ཚད་ལ་རིམ་པ་མི་འདྲ་བ་མང་པོ་ཡོད་དེ། བསམ་གཏན་དང་བྱང་ཆུབ་ཀྱི་སེམས་བསྒོམ་པར། རང་རང་སོ་སོར་ཚད་མཐོ་དམན་མང་པོ་ཡོད་པ་རེད། ང་ཚོས་བསྒྲུབ་པའི་ཆོས་ཚང་མར་ཚད་གཞི་མི་འདྲ་བ་ཡོད་དེ། དཔེར་ན་སློབ་ཆེན་ལ་སློབ་ཆེན་གྱི་ཚད་གཞི་དང་། སློབ་འབྲིང་ལ་སློབ་འབྲིང་གི་ཚད་གཞི་ཡོད་པ་བཞིན་རེད། བསྒོམ་བསྒྲུབ་ཅེས་པ་ནི་སྒྲ་ཡངས་པོའི་ཐ་སྙད་ཅིག་ཡིན་ཞིང་། བསྒོམ་སྒྲུབ་མི་འདྲ་བར་ཚད་གཞི་ཡང་མི་འདྲ་བ་ཡོད་ངེས་ཡིན།
࿄༡༧༽ དྲི་བ། ང་ནི་ཧྭ་ཀྲུང་དགེ་འོས་སློབ་ཆེན་གྱི་མཚན་ཉིད་ཚན་ཁག་གི་སློབ་མ་ཞིག་ཡིན། ཁྱེད་ཀྱིས་གོང་གི་དྲིས་ལན་དེ་ཚོར་ཉན་རྗེས་བློ་སྒོ་གསར་བ་ཞིག་ཕྱེས་པའི་ཚོར་སྣང་བྱུང་། མདང་དགོང་གི་འཆད་ཁྲིད་སྐབས་སུའང་ང་ཚོ་དེང་རབས་ཀྱི་སློབ་མ་རྣམས་ཀྱིས། ཐོག་མར་ནང་བསྟན་གྱི་རྩ་བའི་རིགས་གཞུང་ནས་མགོ་བཙུགས་ཏེ་རང་གི་དད་པ་ཚད་ལྡན་དང་འཐུས་ཚང་ཅན་བྱ་དགོས་ཞེས་གསུངས་བྱུང་། ང་ལ་དྲི་བ་གཅིག་ཡོད་དེ། མའོ་ཀྲུ་ཞིས་མི་ཞིག་གིས་བྱ་བ་བཟང་པོ་གཅིག་སྒྲུབ་རྒྱུ་སླ་ཡང་ཚེ་གང་པོར་སྒྲུབ་རྒྱུ་དཀའ་ཞེས་བཤད་མྱོང་། ང་ཚོ་སློབ་མ་རྣམས་ཀྱིས་སློབ་གྲྭའི་ནང་དུ། དགེ་རྒན་གྱི་སློབ་གསོ་མྱང་བས་རང་བཞིན་གྱིས་དགེ་བའི་བྱ་བ་སྒྲུབ་པ་དང་ཡང་ན་དད་པ་ཞིག་རེ་སྙེག་བྱེད་སྲིད་མོད། འོན་ཀྱང་ང་ཚོ་སྤྱི་ཚོགས་ཀྱི་གསེབ་ཏུ་སླེབས་ནས་དོན་དངོས་ཀྱི་ཁེ་ཕན་དང་འཕྲད་སྐབས། རང་གི་དད་པ་རྒྱུན་འཛིན་དང་བརྟན་པོ་ཡོང་བ་ཧ་ཅང་དཀའ་བའི་གནས་སུ་གྱུར་ཡོད། དེས་ན་ང་ཚོས་ཇི་ལྟར་བྱས་ན་བཟང་། ࿉ ལན། ཁྱེད་ཀྱི་དྲི་བ་དེ་ཧ་ཅང་ཡག་པོ་རེད། དེང་སྐབས་སློབ་མ་དག་སློབ་གྲྭའི་དགེ་རྒན་བཟང་པོ་དག་དང་འཕྲད་དེ་སློབ་ཐོན་བྱུང་མ་ཐག སེམས་ཁམས་ཞི་ལྷོད་དང་ཕུགས་བསམ་ཆེན་པོ་བཅངས་ཏེ། རང་གིས་ངེས་པར་དུ་སྤྱི་ཚོགས་དང་རྒྱལ་ཁབ་ལ་སྐྱེས་འབུལ་བྱེད་པའི་འདུན་པ་ཤིན་ཏུ་ཆེ་ཡང་། སྤྱི་ཚོགས་སུ་སླེབས་ནས་ལོ་གཉིས་གསུམ་ལས་མ་འགོར་བར། ཁོར་ཡུག་གི་བྱ་དངོས་ལ་ལའི་བསླུ་བྲིད་ཀྱི་ནུས་པ་ཤིན་ཏུ་ཆེ་བས་སྔར་གྱི་བློ་སྟོབས་དང་། དཔའ་གདེང་མེད་པར་འགྱུར་བཞིན་ཡོད། ཤེར་ཕྱིན་ཆེན་མོར་འདི་འདྲའི་དཔེར་བརྗོད་ཅིག་ཡོད་དེ། ཆུ་ཚ་གཞོང་པ་གང་དགུན་ཁའི་གྲང་ངར་ཆེ་སྐབས་འཁྱགས་དར་ཞིག་གི་སྟེང་དུ་བླུག་ན། དང་ཐོག་དར་མང་པོ་འཕྲལ་དུ་ཞུ་བར་བྱེད་ཀྱང་། ཅུང་ཞིག་གིས་ཆུ་ཚ་རང་ཉིད་ཀྱང་དར་གྱི་ངོ་བོར་འགྱུར་འགྲོ་བ་ཡིན། དེས་ན་སློབ་ཆེན་སློབ་མ་རྣམས་ཀྱིས་ཚེ་གང་པོར་དགེ་ལས་སྒྲུབ་ཐུབ་མིན་དང་དགེ་སེམས་རྒྱུད་ལ་བསྟེན་ཐུབ་མིན་ལ། ཐོག་མ་ནས་སེམས་ཀྱི་གྲ་སྒྲིག་ཡོད་དགོས། གལ་ཏེ་དགེ་བའི་སེམས། རྒྱུད་ལ་ལེན་འདོད་ན་དུས་ཡུན་རིང་པོར་སློབ་སྦྱོང་བྱ་རྒྱུ་གལ་ཆེན་པོ་ཡིན་ཞིང་། དགེ་ལས་དང་བྱ་བ་བཟང་པོ་བསྒྲུབ་རྒྱུ་དེ་རིགས་གཞུང་སྟེང་དུ་མི་འཇོག་པར་ནང་སེམས་ཀྱིས། དེའི་གལ་ཆེན་རང་བཞིན་ཤེས་པར་བྱས་ཏེ། སྤྱི་ཚོགས་འདི་འདྲའི་རྙོག་འཛིང་ཆེ་ཡང་། ངས་གཙང་དག་གི་འཚོ་བ་རོལ་ཏེ་དོན་སྙིང་ལྡན་པའི་བྱ་བ་སྒྲུབ་སྙམ་པའི་ཆོད་སེམས་ཤིག་དགོས་པ་རེད། འདི་ལྟ་བུའི་མི་དེང་སྐབས་མང་པོ་ཞིག་ཡོད་པ་རེད། སློབ་དཔོན་ཀའོ་ཤིན་མུན་ལྟ་བུར་མཚོན་ན་དཔེ་ཆ་དེ་འདྲའི་མང་པོ་ཞིག་བརྩམས་ཤིང་། དུས་ཡུན་འདི་འདྲ་རིང་པོ་ཞིག་ལ་སློབ་གསོའི་ལས་ཀ་གཉེར་བ་སོགས་ཁྱད་དུ་འཕགས་པ་རེད། ངས་མི་ཞིག་མཐོང་མ་ཐག དེ་ལ་བསྔགས་བརྗོད་བྱེད་ཀྱིན་མེད་པར་ཁོང་གིས་སློབ་མ་གསོ་སྐྱོང་བྱེད་ཆེད། དགེ་རྒན་གྱི་ལས་གནས་སུ་ད་དུང་བསྡད་ཡོད་པ་དེ་ཤིན་ཏུ་རླབས་ཆེན་པོ་རང་འདུག་སྙམ་པ་ཡིན། དེང་སང་དགེ་རྒན་མི་ཉུང་བ་ཞིག་ནུས་པ་ཅུང་ཙམ་རེ་ཡོད་དུས་དེ་མ་ཐག་ཁང་པ་ཉོ་བ་དང་ཁེ་ལས་བསྒྲུབ་ཏེ། ཕྱིའི་བྱེད་སྒོ་འདྲ་མིན་ལ་ཞུགས་ནས་སེམས་སློབ་ཁྲིད་ཀྱི་སྟེང་དུ་ཁྱོན་ནས་གནས་ཐུབ་ཀྱིན་མེད། དེར་བརྟེན། ཁྱེད་རྣམ་པ་སློབ་གྲྭ་རུ་ཡོད་དུས། ང་སྤྱི་ཚོགས་སུ་ཞུགས་རྗེས་ལས་དོན་དང་རྒྱུ་དངོས་ཀྱི་རྒྱལ་ཁ་ཆེན་པོ་མ་ལོན་ཡང་། མིའི་རིགས་ལ་དོན་སྙིང་ཡོད་པའི་བྱ་བ་རེ་བསྒྲུབ་དགོས་སྙམ་པའི་ཆོད་སེམས་རེ་བསྐྱེད་རྒྱུའི་རེ་བ་ཆེན་པོ་ཡོད། དེ་ལྟར་བྱས་ཚེ་སེམས་ཀྱི་ནུས་པ་ཤིན་ཏུ་ཆེ་བས། སྤྱོད་ལམ་ངན་པ་མང་པོ་ཞིག་ལ་གཅུན་སྡོམ་གྱི་ནུས་པ་ཐོན་ངེས་རེད།
࿄༡༨༽ དྲི་བ། ང་ནི་སྲིད་ཁྲིམས་སློབ་གླིང་གི་ཞིབ་འཇུག་སློབ་མ་ཞིག་ཡིན། ཁྱེད་ཀྱིས་ཉིན་འདི་གཉིས་ཀྱི་རིང་ལ། འུ་ཚོར་དགེ་བའི་ཤེས་བྱ་གང་མང་ཞིག་ངོ་སྤྲད་གནང་བས་ཕན་པ་ཆེན་པོ་ཐོགས་སོང་། ང་ལ་དྲི་བ་གཅིག་ཡོད་དེ། མི་འགའ་རེས་དགེ་ལས་བསྒྲུབ་རྒྱུ་དེ། རང་ལ་མཚན་སྙན་ཐོབ་པའི་ཀུན་སློང་གིས་སྒྲུབ་ཀྱིན་ཡོད་པས། མི་མང་པོར་རོགས་སྐྱོར་བྱས་ནས་ཕན་པ་རྒྱ་ཆེན་ཐོབ་ཡོད། མི་ལ་ལ་ཞིག་གི་ཀུན་སློང་དེ་དགེ་བ་ཡིན་ཡང་། སེམས་བཟང་པོས་བྱ་བ་ངན་པ་སྒྲུབ་ཀྱིན་ཡོད། དེར་བརྟེན་དགེ་བའི་ཚད་གཞི་ལ་མཚོན་ན་ཀུན་སློང་དང་མཇུག་འབྲས་གཉིས་ལས་གང་གཙོ་ཆེ་བ་ཡིན། ࿉ ལན། ཀུན་སློང་དང་མཇུག་འབྲས་བསྡུར་ན་དགེ་བའི་ཀུན་སློང་དེ་གལ་ཆེན་པོ་རེད། ནང་ཆོས་སུའང་། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །ཞེས་གསུངས་ཤིང་དེའི་དོན་ནི་བསམ་པ་བཟང་ན་མདུན་ལམ་ཡང་འོད་སྟོང་དང་ལྡན་པར་འགྱུར་ཞིང་། བསམ་པ་ངན་ན་མདུན་ལམ་ཡང་ལེགས་པོ་མེད་ཅེས་པའི་དོན་ཡིན། ད་དུང་ཡོན་ཏན་མཛོད་དུ། བསམ་པ་དགེ་དང་མི་དགེ་བྱེ་བྲག་ལས། །དགེ་སྡིག་གཟུགས་བརྙན་ཆེ་ཆུང་རྗེས་མི་འགྲོ། །ཞེས་གསུངས་པ་བཞིན་དགེ་སྡིག་གི་ཁྱད་པར་དེ། ནང་སེམས་ཀྱི་ཀུན་སློང་གིས་དབྱེ་བ་ལས་ཕྱིའི་སྤྱོད་ལམ་གྱི་རྗེས་སུ་མི་འགྲོ་བ་ཡིན། དེང་སང་དགེ་ལས་སྒྲུབ་པའི་མི་ལ་ལ་ཞིག་གིས། རང་གི་ཆོས་ལུགས་ཀྱི་རིན་ཐང་གི་ལྟ་བ་རྒྱ་བསྐྱེད་ཆེད་དང་། རང་གི་མཚན་སྙན་གྲགས་རྒྱས་ཆེད་སོགས་ཀུན་སློང་འདྲ་མིན་བཟུང་ཡོད་ན། དེ་ནི་རྣམ་པ་དགེ་བ་ལས་སེམས་དགེ་བ་མིན། གལ་ཏེ་བསམ་པ་དགེ་ན། རང་གིས་བསྒྲུབས་པའི་དོན་རྣམས་ལེགས་འགྲུབ་མ་བྱུང་ཡང་དགེ་བ་བསམ་གྱིས་མི་ཁྱབ་པ་ཡོད་པར་ནང་ཆོས་སུ་གསུངས་ཡོད། དེར་བརྟེན་དགེ་སྡིག་གི་ཚད་གཞི་ནི། གཙོ་བོ་སེམས་ཐོག་ནས་དབྱེ་བ་ཡིན་ཏེ། གལ་ཏེ་རང་གི་སེམས་སུ་སྒེར་འཛིན་དང་། རང་འདོད་མེད་པར་སེམས་ཅན་ཚང་མར་ཕན་པའི་ལས་བསྒྲུབ་པ་ནི་དགེ་བ་ཆེ་ཤོས་དེ་ཡིན། མི་འགའ་རེས་དགེ་ལས་སྒྲུབ་པའི་གོ་རིམ་ཁྲོད་དུ། མི་གཞན་གྱིས་རྒྱུས་ལོན་མི་ཐུབ་པ་དང་འཕྲད་སྲིད་ཅིང་། ངས་རྒྱལ་སྤྱིའི་དགེ་ལས་བགྲོ་གླེང་སྐབས་སུའང་། དེང་སྐབས་ཀྱི་དགེ་ལས་ལ་ཁྲིམས་འཛུགས་ཡག་པོ་བྱེད་ཐུབ་མེད་པ་དང་། གནས་ཚུལ་ཕྱི་གསལ་ནང་གསལ་དང་། ཚང་མས་ཡིད་ཆེས་ཐོབ་གི་མེད་པའི་སྐྱོན་འདུག་ཅེས་བཤད་པ་ཡིན། འདི་ལྟ་བུའི་གནས་ཚུལ་འོག་ཏུ། མི་རྣམས་ཀྱིས་དམིགས་ཡུལ་དང་དགོས་པ་གང་ཞིག་འགྲུབ་ཆེད་ཡིན་པར་དོགས་ཏེ་ཡིད་མི་ཆེས་པར་ཁག་མེད་པ་རེད། འོན་ཀྱང་རང་གི་ཀུན་སློང་རྣམ་དག་ཡིན་ཞིང་མི་གཞན་ལ་རོགས་རམ་རྐྱང་རྐྱང་གི་ཆེད་ཡིན་ན་སྐྱོན་ཕྲན་བུ་རེ་ལ་སྐྱོན་འདོགས་པའི་དགོས་པ་མེད། གལ་ཏེ་དགེ་ལས་མེད་རྒྱུ་ན། བྱིས་པ་མང་པོ་ཞིག་གིས་རིག་གནས་སྦྱོང་རྒྱུའི་གོ་སྐབས་ཀྱང་མེད་པར་འགྱུར་བ་ཤེས་དགོས་ཤིང་། གལ་ཏེ་མི་ཚང་མའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ། བྱིས་པ་གཅིག་སློབ་གྲྭར་སྐྱེལ་བའམ་ནད་པ་གཅིག་ལས་སྐྱོབ་མ་ཐུབ་ཀྱང་དོན་སྙིང་ཆེན་པོ་རེད། དེའི་རྒྱུ་མཚན་གྱིས་མི་སྒེར་དང་ཚོགས་པ་གང་ཡིན་ཡང་བྱམས་བརྩེ་ཡི་སྟོབས་ཤུགས་དགོས་པ་རེད། རང་ཉིད་ལ་མཚོན་ནའང་མི་ཚེ་དོན་སྙིང་དང་ལྡན་པར་འགྱུར་བ་ཡིན།
࿄༡༩༽ དྲི་བ། ཁ་སང་ཁྱེད་དང་མཉམ་དུ་སྐད་ཆ་བཤད་རྒྱུར་དགའ་སྤྲོ་ཆེན་པོ་སྐྱེས་སོང་ལ། ཉིན་འདི་གཉིས་ཀྱི་རིང་ལ་འཆད་ཁྲིད་ལས་ཕན་པ་མི་དམན་པ་ཐོབ་བྱུང་། མདོ་མཛངས་བླུན་དུ་མི་རྟག་པའི་མཐའ་བཞི་སྟེ། འདུས་མཐའ་བྲལ་བ། བསགས་མཐའ་འཛད་པ། སྐྱེས་མཐའ་འཆི་བ། མཐོ་མཐའ་ལྷུང་བ་ཞེས་གསུངས་ཡོད། ལེགས་བཤད་འདིས་ང་ཚོའི་འཚོ་བའི་ཁྲོད་དུ་ནུས་པ་དང་ཤུགས་རྐྱེན་གང་འདྲ་ཡོད། ࿉ ལན། འདི་ལྟ་བུའི་གནས་ལུགས་ཤེས་རྒྱུ་གལ་ཆེན་པོ་རེད། ཕྱི་ཚུལ་ནས་བལྟས་ན་ཧ་ཅང་སླ་མོ་རེད། འོན་ཀྱང་སློབ་གྲྭའི་ནང་གི་དགེ་སློབ་ཚང་མས་འདིའི་ཟབ་དོན་དེ་ཡང་དག་པར་ཤེས་ན། མི་ཚེའི་ཁྲོད་དུ་དཀའ་སྡུག་གང་ལ་འཕྲད་ཀྱང་ཁ་གཏད་ཀྱི་སྙིང་སྟོབས་ཡོད་པ་རེད། དེང་སྐབས་ཀྱི་སྤྱི་ཚོགས་འདིར་ནམ་རྒྱུན་རང་སྲོག་གཅོད་ཀྱིན་ཡོད་ཅིང་། རང་སྲོག་གཅོད་པའི་རྒྱུ་མཚན་ཡང་གཤམ་གྱི་གནད་དོན་དག་ལས་མ་འདས་ཏེ། གཅིག འདུས་མཐའ་བྲལ་བའི་གནས་ལུགས་མ་ཤེས་པའི་རྐྱེན། ཁྱད་པར་དུ་བརྩེ་དུངས་ཐད་སྔོན་ལས་ཀྱི་འབྲེལ་བ་མེད་པར་གྱུར་ཚེ། དེ་རིང་གཉིས་ཀ་མཉམ་དུ་ཡོད་ཀྱང་སང་ཉིན་ཁ་ཐོར་དུ་སོང་ནས་བཟོད་ཐབས་མེད་པར་གྱུར་བས་ཡིན། གཉིས། མཐོ་མཐའ་ལྷུང་བའི་གནས་ལུགས་མ་ཤེས་པའི་རྐྱེན། སྔར་ཤིན་ཏུ་མཐོ་བའི་གོ་གནས་ཡོད་ཀྱང་ཕྱིས་མེད་པར་གྱུར་ཚེ། དེ་ཕྱིན་མུ་མཐུད་ནས་འཚོ་བར་དོན་སྙིང་མེད་པར་འདོད་ཀྱིན་ཡོད། གསུམ། སྐྱེས་མཐའ་འཆི་བའི་གནས་ལུགས་མ་ཤེས་པའི་རྐྱེན། རང་ཉིད་ཀྱི་གཉེན་ཉེ་ཤི་བར་གྱུར་པའམ། ཡང་ན་ངན་སྐྲན་གྱི་ནད་ཐེབས་ཏེ་འཆི་རྟགས་ཀྱི་བརྡ་ཡིག་འབྱོར་སྐབས་དེ་ལ་ཁ་གཏད་ཀྱི་སྙིང་སྟོབས་རྩ་བ་ནས་མེད་པར་གྱུར་པ། བཞི། བསགས་མཐའ་འཛད་པའི་གནས་ལུགས་མ་ཤེས་པའི་རྐྱེན། དཀའ་སྤྱད་ཀྱིས་གསོག་འཇོག་བྱས་པའི་རྒྱུ་ནོར་ཉིན་ཞིག་གློ་བུར་དུ་མེད་པར་གྱུར་ཚེ། སྡུག་བསྔལ་གྱིས་མནར་ཏེ་གསོན་འདོད་མེད་པར་གྱུར་བ་མང་དུ་འདུག དེས་ན་མི་རྟག་པའི་མཐའ་བཞིའི་གནས་ལུགས་ཡང་པར་དག་རྟོགས་ན། གོང་གི་སྡུག་བསྔལ་སྣ་ཚོགས་པ་ལས་སླ་མོས་ཐག་གཅོད་བྱེད་ཐུབ་པ་རེད། ཐེངས་ཤིག་ངས་བཙུགས་པའི་སློབ་ཆུང་གི་སློབ་མ་སུམ་ཅུ་ལྷག་སློབ་ཐོན་བྱུང་སྟེ། མ་ཡུམ་སློབ་གྲྭ་དང་ཁ་འབྲལ་མི་འདོད་པར་མིག་ཆུས་ཁེངས་ནས་འདུག སྐབས་དེར་ངས་ཆེད་དུ་སློབ་མ་དེ་དག་ལ་མི་རྟག་པའི་མཐའ་བཞིའི་གནས་ལུགས་བཤད་དེ། རྗེས་སོར་སེམས་ལ་འཇགས་དགོས་ཞེས་བཤད་པ་ཡིན། གལ་ཏེ་གནས་ལུགས་འདི་ཤེས་ཚེ་འཚོ་བ་དང་འཇིག་རྟེན་གང་ལ་ཁ་གཏད་ཀྱང་། མི་རྟག་པ་ཡིན་པར་གོ་ནས་རེ་སྙེག་ཆེན་པོ་མི་བྱེད་པ་ཡིན། དེ་ལྟར་མིན་ཚེ་དེང་གི་ཆར་ན་གཞོན་མང་པོ་ཞིག་གི་རེ་འདོད་མ་འགྲུབ་སྐབས་སྡུག་བསྔལ་གྱིས་མནར་ཞིང་། ཐ་ན་རང་སྲོག་ཀྱང་གཅོད་ཀྱིན་པ་འདི་ནི་ཤེས་མེད་ཀྱི་ངང་ཚུལ་ཡིན་ནོ།། མི་རྟག་པའི་མཐའ་བཞི་པོ་འདིའི་གོ་དོན། དཔལ་སྤྲུལ་རིན་པོ་ཆེའི་རྫོགས་པ་ཆེན་པོ་སྙིང་ཏིག་སྔོན་འགྲོའི་ཁྲིད་ཡིག་ཏུ་ཞིབ་པར་གསུངས་ཡོད་པས། ཚང་མས་ཞིབ་པར་རྒྱུས་ལོན་བྱ་འདོད་ན། ཁོམ་ལོངས་ཡོད་སྐབས་དཔེ་ལྟོས་རེ་གྱིས་དང་མི་ཚེ་དང་། སྒོམ་སྒྲུབ་གང་གི་ཐད་ནས་ཀྱང་ཕན་པ་ཡོད་དོ། །
࿄༢༠༽ དྲི་བ། ང་ནི་ཧྭ་ཀྲུང་དགེ་འོས་སློབ་ཆེན་གྱི་མཚན་ཉིད་ཚན་ཁག་གི་ཞིབ་འཇུག་སློབ་མ་ཞིག་ཡིན། སྟོང་ཉིད་རྟོགས་རྗེས་ལས་རྒྱུ་འབྲས་ཀྱི་རྣམ་སྨིན་མྱོང་མི་དགོས་པ་ཡིན་ནམ། དཀོན་མཆོག་བརྩེགས་པར་སངས་རྒྱས་ཀྱིས་ཟླ་གསུམ་གྱི་རིང་ལ་རྟ་ཆས་རུལ་བ་གསོལ་ཏེ་རྣམ་སྨིན་མྱོང་བར་གསུངས་པ་དེའི་གོ་དོན་ཅི་འདྲ་ཡིན། ࿉ ལན། སྤྱིར་སྟོང་ཉིད་རྟོགས་རྗེས་ལས་ཀྱི་རྣམ་སྨིན་མྱོང་མི་དགོས་ཀྱང་། དཀོན་མཆོག་བརྩེགས་པར། སྔོན་སློབ་པ་ལམ་གྱི་གནས་སྐབས་ན་ལས་བསགས་པའི་རྣམ་སྨིན་སངས་རྒྱས་ཀྱིས་མྱོང་བར་གསུངས་པ་ནི་སྣང་ཚུལ་ཙམ་ཞིག་ཡིན་པ་རེད། ནང་བསྟན་དུ་ངེས་དོན་དང་དྲང་དོན་གཉིས་ཕྱེ་རྒྱུ་ཡོད། ང་ཚོ་རྟོགས་པ་ཆེས་མཐོ་བའི་ཚད་ལ་སླེབས་སྐབས། མི་སྤྱིར་བཏང་བ་དང་འདྲ་བར་རྣམ་སྨིན་མྱོང་དགོས་མི་སྲིད། སངས་རྒྱས་ཀྱིས་དེ་ལྟར་མཛད་པའི་རྒྱུ་མཚན་ནི་སེམས་ཅན་དག་ལ་སངས་རྒྱས་ཀྱིས་ཀྱང་རྣམ་སྨིན་མྱོང་གིན་འདུག་ན། ང་ཚོ་མི་དཀྱུས་མ་དག་གིས་རྣམ་སྨིན་མྱོང་དགོས་པ་སྨྲོས་ཅི་དགོས་སྙམ་སྟེ། དགེ་སྡིག་གི་འདོར་ལེན་ཡང་དག་བྱེད་པའི་ཆེད་དུ་ཡིན། དེར་བརྟེན་སངས་རྒྱས་ཀྱིས་དེ་ལྟར་མཛད་པ་དྲང་དོན་ཡིན་ཡང་སེམས་ཅན་ལ་ཕན་འདོགས་པའི་དགོས་པ་ཆེན་པོ་ཡོད་པ་རེད། དཔེར་ན་དགེ་རྒན་ཞིག་གིས་རང་གི་སློབ་མ་ལམ་ལེགས་པོར་འཁྲིད་པའི་ཆེད་དུ། སློབ་མ་ཚོར། དངོས་ཡོད་འཚོ་བ་དང་མི་མཐུན་པའི་སྐོར་བཤད་ཅིང་རྗེས་སུ་མཐུན་པར་བྱས་ཀྱང་གནས་ལུགས་དང་མི་འགལ་བ་བཞིན། སངས་རྒྱས་ཀྱིས་ཐུན་མོང་སྣང་ཚུལ་ལ་རྣམ་སྨིན་མྱོང་བའི་ཚུལ་བསྟན་པ་ནི། ངེས་དོན་མཐར་ཐུག་ཅིག་མིན། དེ་གཞན་མགོ་སྐོར་བའི་རྫུན་ཟེར་བ་ཡང་མིན་པར། སེམས་ཅན་ལ་ཕན་ཐོགས་པའི་ཐབས་མཆོག་ཅིག་ཡིན་པ་རེད།
࿄༢༡༽ དྲི་བ། ང་ནི་ཧྭ་ཀྲུང་དགེ་འོས་སློབ་ཆེན་གྱི་མཚན་ཉིད་ཚན་ཁག་གི་རབ་འབྱམས་པ་ཞིག་ཡིན། ལས་རྒྱུ་འབྲས་ཀྱི་ལྟ་བས་ནང་ཆོས་སུ་གོ་གནས་གལ་ཆེན་བཟུང་ཡོད་ལ། སྲན་མ་བཏབ་ན་སྲན་མ་དང་ཀུ་བ་བཏབ་ན་ཀུ་བའི་འབྲས་བུ་འབྱུང་བ་བཞིན། རྒྱུ་ཡོད་ན་འབྲས་བུ་ཡོད་ཅིང་འབྲས་བུ་ཡོད་ན་རྒྱུ་ཡོད་པའི་རྒྱུ་འབྲས་ཀྱི་འཁོར་རྒྱུག་ཞིག་ཡིན་པ་རེད། དེས་ན་མི་ཞིག་གིས་ཚེ་སྔོན་མར་སྲོག་གཅོད་ཀྱི་ལས་བསགས་ན་ཚེ་ཕྱི་མར་ངེས་པར་དུ་རྣམ་སྨིན་དེ་འབྱུང་བ་ཡིན། གལ་ཏེ་མི་འདི་ལ་རྣམ་སྨིན་མ་འབྱུང་ན། རྒྱུ་འབྲས་ཀྱི་བསླུ་མེད་རང་བཞིན་མེད་པར་བྱས་པ་ཡིན་ལ། གལ་ཏེ་ལས་ཀྱི་རྣམ་པར་སྨིན་པ་ཡང་མི་དེས་གསོད་གྲི་བསྐྱུར་མ་ཐག་ཏུ་སངས་རྒྱས་པར་འགྱུར་བ་ཞེས་ཟེར་བ་ལྟར་མངོན་དུ་འགྱུར་མི་ཐུབ། འཕགས་པ་ས་ཡི་སྙིང་པོས། དམྱལ་བ་སྟོང་པར་མ་གྱུར་བར། །བདག་ཉིད་སངས་རྒྱས་མི་བྱའོ། །ཞེས་པའི་ཐུགས་བསྐྱེད་ལྟར་ནམ་ཡང་མངོན་འགྱུར་འོང་མི་ཐུབ་པ་འདྲ་སྙམ། ཁྱེད་ལ་ལྟ་སྟངས་གང་འདྲ་ཡོད། ࿉ ལན། དགེ་བ་ལས་བདེ་སྐྱིད་དང་མི་དགེ་བ་ལས་སྡུག་བསྔལ་འབྱུང་བའི་རྒྱུ་འབྲས་འདི་ང་དགེ་འོས་སློབ་གྲྭ་རུ་སློབ་སྦྱོང་བྱེད་སྐབས། ཧ་ཅང་བརྩི་སྲུང་བྱས་པ་ཡིན། སྐབས་དེར་དགེ་རྒན་ཞིག་གི་བསམ་བློ་དང་འགལ་ཟླར་སོང་ནས་ཉིན་རྒྱུན་དངོས་པོ་རྩོད་སྒྲུབ་ཀྱི་རིག་པའི་ལྟ་བ་ཡིས་ང་ལ་དགག་པ་མང་པོ་བརྒྱབ་སོང་། ངས་སྐབས་རེར་བསམ་གཟས་ཏེ་རྩོད་པ་བྱེད་ཅིང་། ཁོང་གིས་གསལ་བོ་བཤད་རྒྱུ་མ་རྙེད་ཚེ་ང་ལ་བཀའ་བཀྱོན་བྱེད་པ་རེད། རྗེས་སུ་ངེད་གཉིས་ཀྱང་མཐུན་པོ་བྱུང་སོང་ལ་ང་གྲྭ་བ་བྱས་རྗེས་ཁོང་གིས་ཀྱང་རྒྱུས་ལོན་གྱིན་འདུག དེང་སྐབས་ང་ཚོ་ཕན་ཚུན་འཕྲད་སྐབས་ཧ་ཅང་འགྲིག་པོ་ཡིན། སྲན་མའི་ས་བོན་ལས་སྲན་མ་དང་། ཀུ་བའི་ས་བོན་ལས་ཀུ་བ་འབྱུང་བ་ནི་རྒྱུ་འབྲས་ཀྱི་གནས་ལུགས་ཟབ་མོ་ཞིག་ཡིན་པ་རེད། གནས་ལུགས་འདིས་ང་ཚོར་ཚེ་སྔོན་མར་སྲོག་བཅད་པའི་རྣམ་སྨིན་དེ་ཚེ་ཕྱི་མར་མྱོང་དགོས་པ་ནི། རང་བྱས་རང་མྱོང་ལས་གོང་མ་ལྷ་དང་འཇིག་རྟེན་བྱེད་པ་པོས་བསྐྲུན་པ་མིན། རྒྱུ་འབྲས་དེ་ནི་རང་བྱུང་ཆོས་ཉིད་ཅིག་ཡིན་པ་སྟེ། དཔེར་ན་དུག་གི་ས་བོན་རྨོས་ན་འབྱུང་བའི་འབྲས་བུ་ངེས་པར་དུ་དུག་ཡིན་ལ། གལ་ཏེ་རྨོས་པའི་ས་བོན་བུར་ཤིང་ཡིན་ན་དེའི་འབྲས་བུ་ངེས་པར་བུར་ཤིང་ཡིན་པ་ནང་བཞིན། སྡིག་པ་བསགས་ན་སྡུག་བསྔལ་དང་དགེ་བ་བསྒྲུབས་ན་བདེ་སྐྱིད་འབྱུང་བ་འདི་ཡང་ཟློག་མེད་ཀྱི་ཆོས་ཉིད་ཅིག་ཡིན་པ་རེད། རྒྱུ་འབྲས་འཁོར་བའི་རྣམ་པ་ནི་རྒྱུ་བསགས་པའི་དེ་མ་ཐག་འབྲས་བུ་འབྱུང་ངེས་ཤིག་མིན་མོད། ཆོས་གཞུང་དུའང་ལས་བསགས་པའི་འབྲས་བུ་འབྱུང་བ་ལ་རྣམ་པ་གསུམ་ཡོད་དེ། དང་པོ་མཐོང་ཆོས་མྱོང་འགྱུར་གྱི་ལས་ནི་ཚེ་དེ་ལ་བྱས་པའི་ལས་སྟོབས་ལྡན་ཚེ་དེ་ཉིད་དུ་སྨིན་པ་རྣམས་དང་། གཉིས་པ་སྐྱེས་ནས་མྱོང་འགྱུར་གྱི་ལས་ནི་མཚམས་མེད་པའི་ལས་ལྟ་བུ་སྐྱེ་བ་ཕྱི་མ་ཁོ་ནར་སྨིན་ངེས་པ་ཡིན་ལ། གསུམ་པ་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ནི། དེ་ཕན་ཆད་མྱོང་བའི་ལས་རྣམས་ལ་ཟེར་བ་ཡིན། དེར་བརྟེན་ལས་འགའ་རེ་བསགས་རྗེས་བསྐལ་བ་མང་པོ་འགོར་རྗེས་རྣམ་པར་སྨིན་པའང་ཡོད། རྒྱུ་འབྲས་འཁོར་རྒྱུག་གི་ཕྲ་ཞིབ་ཀྱི་རྣམ་གཞག་དེ། སངས་རྒྱས་ཀྱི་ཤེས་རབ་ཀྱིས་རྟོགས་པ་ལས། ཉན་རང་དགྲ་བཅོམ་པས་ཀྱང་དེའི་གནས་ལུགས་ཞིབ་མོ་རྟོགས་ཐུབ་ཀྱིན་མེད་པས་ཤིན་ཏུ་ཟབ་མོ་རེད། འོན་ཀྱང་གང་ལྟར་ཡང་ང་ཚོས་མཐོང་རྒྱུ་ཡོད་པའི་མི་རྣམས་ཀྱི་བདེ་བ་དང་། སྡུག་བསྔལ་ལ་བརྟག་ནའང་ཚེ་སྔོན་མར་འབྲེལ་བ་ཡོད་པ་ཤེས་ཐུབ། མཚན་ཉིད་རིག་པའི་རིགས་འདེད་བྱེད་ཐབས་དང་སྦྱར་ན་རིགས་པས་ཡང་དག་པར་བསྒྲུབ་ཐུབ་པ་ཡིན། འོ་ན་སེམས་ཅན་རྣམས་ཀྱིས་སྡིག་པ་མང་པོ་བསགས་ཡོད་ན་ས་ཡི་སྙིང་པོའི་སྨོན་ལམ་མངོན་འགྱུར་འབྱུང་མི་ཐུབ་པར་འགྱུར་སྙམ་ན་སྐྱོན་མེད་དེ། ས་ཡི་སྙིང་པོས་སྨོན་ལམ་རྒྱ་ཆེན་པོ་ཞིག་བཏབ་ཀྱང་། དེ་དམྱལ་བའི་སེམས་ཅན་ཐམས་ཅད་སྟོང་ཚེ། གཟོད་འཚང་རྒྱ་བའི་གོ་སྐབས་ཡོད་པ་མིན་པར། སྨོན་ལམ་རླབས་ཆེ་བ་འདིས་གཙོ་བོ་ཁོང་གི་སྙིང་རྗེའི་སྟོབས་ཤིན་ཏུ་ཆེ་བ་མཚོན་པ་ཡིན། དཔེར་ན་དགེ་རྒན་ཞིག་གིས། སློབ་མ་ཐམས་ཅད་ལ་རིག་གནས་བསླབས་མ་ཚར་བར་ང་སློབ་གྲྭ་དང་ཁ་མི་འབྲལ་ཞེས་བཤད་པའི་དབང་དུ་བཏང་ན། དོན་དམ་པར་སློབ་མའི་གྲངས་འབོར་ལ་འཛད་རྒྱུ་མེད་པར་ཇེ་མང་ཡིན་ལ་དགེ་རྒན་ཡང་འཇིག་རྟེན་དང་ཁ་འབྲལ་འགྲོ་བ་ཡིན་པས། སློབ་མ་ཐམས་ཅད་ལ་རིག་གནས་བསླབས་ཚར་བ་ནམ་ཡང་མི་སྲིད་མོད། འོན་ཀྱང་དེ་ལས་དགེ་རྒན་དེར་ཕུགས་འདུན་རྒྱང་རིང་བ་ཡོད་པ་ཚང་མས་ཤེས་ཐུབ་པ་ལྟ་བུ་ཡིན། ནང་བསྟན་གྱི་རྗེ་བཙུན་འཇམ་པའི་དབྱངས་དང་ས་ཡི་སྙིང་པོ་གང་ཡིན་ཡང་། དང་པོར་སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་ཅིང་དེ་ནས་རང་ཉིད་འཚང་རྒྱ་བར་ཐུགས་བསྐྱེད་པར་གསུངས་ཡོད། འདིས་ཁོང་ཚོའི་ཐུགས་བསྐྱེད་སྟོབས་ཧ་ཅང་ཆེ་བར་མཚོན་པ་ལས་སེམས་ཅན་ཚང་མ་འཁོར་བ་ལས་བསྒྲལ་མ་ཐུབ་ན་ཁོང་གཉིས་ནམ་ཡང་སངས་རྒྱས་མི་སྲིད་པའམ། ཡང་ན་ནམ་ཞིག་སེམས་ཅན་ཐམས་ཅད་བསྒྲལ་རྗེས། བྱང་ཆུབ་སེམས་དཔའ་འདི་དག་ལ་བྱ་བ་གཞན་ཅིའང་བསྒྲུབ་རྒྱུ་མེད་པས་ལས་འཁྱུར་བྱ་དགོས་པ་ཞིག་མིན་ནམ་སྙམ་མི་དགོས་ཏེ། དེ་ལས་ལྡོག་སྟེ་ཁོང་ཚོའི་སྨོན་ལམ་རྒྱ་ཆེ་བའི་སྟོབས་ཀྱིས། བྱང་ཆུབ་སེམས་དཔའ་སྤྱིར་བཏང་བ་ལས་སྔོན་དུ་འཚང་རྒྱ་བར་འགྱུར་བ་ཡིན།
࿄༢༢༽ དྲི་བ། ང་ནི་ཧྭ་ཀྲུང་དགེ་འོས་སློབ་ཆེན་གྱི་མཚན་ཉིད་ཚན་ཁག་གི་ཞིབ་འཇུག་སློབ་མ་ཞིག་ཡིན། ང་ཚོས་ནམ་རྒྱུན་བློ་སྦྱོང་སྐབས་སེམས་སྟོང་པ་བྱ་བར། འདུ་ཤེས་མང་པོ་ནས་ཉུང་བ། རིམ་བཞིན་འདུ་ཤེས་གཅིག་པ། འདུ་ཤེས་མེད་པ་བྱ་དགོས་ཞེས་ཟེར་གྱིན་ཡོད། འོན་ཀྱང་ང་ཚོར་བརྩེ་སེམས་དང་དགེ་སེམས་ཡོད་པ་འདི་ཡང་སེམས་བྱུང་ཞིག་ཡིན་པ་རེད། གལ་ཏེ་འདུ་ཤེས་མེད་ན་ལམ་དུ་ཞུགས་ཏེ་སངས་རྒྱས་པར་འདོད་པའི་གང་ཟག་དེ་ལའང་། བརྩེ་སེམས་དང་དགེ་སེམས་མེད་པར་གྱུར་བ་མ་ཡིན་ནམ། ࿉ ལན། སངས་རྒྱས་པའི་སྐབས་སུ་རྣམ་པར་རྟོག་པའི་བརྩེ་སེམས་མེད་ཀྱང་རྟོག་པ་མེད་པའི་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་རང་བཞིན་ཤུགས་ཀྱིས་ཚང་བ་རེད། བློ་སྦྱོང་སྐབས་སུ་འདུ་ཤེས་མང་བ་ནས་ཉུང་བ། རིམ་བཞིན་གཅིག་དང་མེད་པར་གྱུར་བ་བསམ་གཏན་གྱི་བསྒོམ་རིམ་ཞིག་ཡིན་པ་རེད། སེམས་འདི་ལྟར་དལ་མོར་ལྷོད་ལ་འབབ་པར་དགོས་པ་ཡོད་ཀྱང་། ང་ཚོའི་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་སྙིང་རྗེ་དང་བྱམས་སེམས་ཡོད་པ་དེ་གཉིས་ལ་འགལ་བ་མེད། དཔེར་ན་བསམ་གཏན་བསྒོམ་པའི་སྐབས་སུ་འདུ་ཤེས་མེད་པར་གནས་ཀྱང་། རྗེས་ཐོབ་ཏུ་དགེ་བའི་ལས་མང་པོ་བསྒྲུབ་ཆོག་གི་རེད། སྐབས་དེར་བསྒོམ་པའི་བྱིན་རླབས་ཀྱིས་དགེ་ལས་བསྒྲུབ་པའི་ནུས་པའང་ཇེ་ཆེར་འགྲོ་བ་ཡིན། བརྩེ་སེམས་དང་དགེ་སེམས་གཉིས། རྟོག་པ་ཡིན་ཡང་གོང་དུ་བཤད་པ་ལྟར་དུ་ཆུ་ལ་བརྒལ་དུས་གྲུ་དགོས་པ་བཞིན་དུ་བསྒོམ་པའི་སྐབས་སུ་མེད་དུ་མི་རུང་། བསམ་གཏན་པས་འདུ་ཤེས་རྣམ་རྟོག་བཟང་ངན་ཚང་མ་གཅིག་ཡིན་པས། དགེ་སེམས་དང་སྡིག་སེམས་ཚང་མ་སྤང་དགོས་ཟེར་བ་དེ་ནི་ཤིན་ཏུ་ཚད་མཐོན་པོ་རེད། ང་ཚོ་ཚད་དེར་མ་སླེབས་སྔོན་དུ་ངེས་པར་དུ་སྡིག་པའི་སེམས་སྤངས་ཏེ་དགེ་སེམས་རྒྱུད་ལ་བསྟེན་དགོས་པ་ཡིན། དེའི་གོ་རིམ་ཁྲོད་དུ་བསམ་གཏན་ལ་འཇུག་པའི་སྐབས་དང་དེ་ལས་ལྡང་བའི་སྐབས་ཀྱི་དབྱེ་བསལ་ལེགས་པོ་བྱས་ཏེ། བསམ་གཏན་ལས་ལྡང་བའི་སྐབས་དགེ་བའི་ལས་མང་པོ་བསྒྲུབ་དགོས་ཤིང་། བསམ་གཏན་བསྒོམ་པའི་སྐབས་སུ་གང་ལའང་ཞེན་ཆགས་མེད་པ་བྱ་དགོས་པ་ཡིན་པས། དེ་གཉིས་འགལ་ཟླར་མི་འགྱུར་རོ།། སངས་རྒྱས་ཀྱི་རྟོག་མེད་སྙིང་རྗེ་ཆེན་པོའི་ཐད་ལ་དབུ་མ་འཇུག་པའི་ནང་དུ་དཔེར་བརྗོད་འདི་འདྲ་ཞིག་ཡོད་དེ། རྫ་མཁན་གྱིས་རྫ་ཆས་བཟོ་སྐབས་དང་ཐོག་ཤུགས་ཆེན་པོས་འཕྲུལ་ཆས་སྐོར་དགོས་ཤིང་། ཤུགས་ཀྱིས་འདང་ཚེ་མ་བསྐོར་ཡང་རང་ཤུགས་ཀྱིས་འཁོར་ཡོང་བ་ཡིན། དེ་བཞིན་སངས་རྒྱས་སློབ་པ་ལམ་གྱི་གནས་སྐབས་སུ་བྱམས་བརྩེ་རྩོལ་བ་དང་བཅས་ཏེ་བསྒོམ་པར་བྱས་ཀྱང་། སངས་རྒྱས་རྗེས་སུ་རྩོལ་མེད་མཉམ་པ་ཆེན་པོའི་ངང་དང་མ་བྲལ་བཞིན་དུ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས། སེམས་ཅན་གྱི་དོན་འབད་མེད་རྟག་ཁྱབ་ལྷུན་གྲུབ་ཏུ་འབྱུང་བ་ཡིན།
࿄༢༽ དྲི་བ། ང་ནི་མཚན་ཉིད་ཚན་ཁག་གི་ཞིབ་འཇུག་སློབ་མ་ཞིག་ཡིན། ངའི་དྲི་བས་སློབ་གྲོགས་ཚོར་ཕོག་ཐུག་འགྲོ་སྲིད་པས་གུ་ཡངས་བྱ་རོགས། ཆོས་ལུགས་ཀྱི་ལོ་རྒྱུས་ལ་ཕྱིར་ལྟོས་བྱས་ན། ཆོས་ལུགས་མི་འདྲ་བ་ཚང་མར་སྐྱབས་སུ་འགྲོ་སྟངས་མི་འདྲ་བ་ཡོད་པ་མཐོང་ཐུབ་སྟེ། ཡེ་ཤུའི་ཆོས་ལུགས་ལྟ་བུར་མཚོན་ན་རྒྱ་གྲམ་རྟགས་ཅན་གྱི་དམག་དཔུང་གིས། ཤར་ཕྱོགས་ནས་དཔུང་འཇུག་བྱས་ཤིང་། ཁ་ཆེ་ཆོས་ལུགས་ཀྱིས་ཀྱང་ནུབ་ཕྱོགས་སུ་དཔུང་འཇུག་བྱས་མྱོང་ཡོད་པ་མ་ཟད། སྲིད་གཞུང་གིས་ཆོས་པར་ཁྲལ་མི་བསྡུ་བའི་རྒྱབ་སྐྱོར་ལ་བརྟེན་ནས་ཆོས་པ་བསྡུས་པ་རེད། དེས་ན་ནང་པ་ལ་མཚོན་ན་སྐྱབས་སུ་འགྲོ་བ་དེ་རང་ཤུགས་ཀྱིས་སྐྱབས་སུ་འགྲོ་བ་ཡིན་ནམ། མཛུབ་ཁྲིད་དང་སྣེ་སྟོན་གྱི་རྣམ་པ་ཞིག་གིས་སྐྱབས་སུ་འགྲོ་ཐབས་བྱ་དགོས་པ་ཡིན། ࿉ ལན། ནང་བསྟན་གྱི་སྐྱབས་སུ་འགྲོ་བ་དང་རབ་ཏུ་བྱུང་བ་ཚང་མ་བཙན་སྐུལ་དང་འཇིགས་སྐུལ་མེད་པར་རང་མོས་ཤིག་ཡིན་པ་རེད། ང་ཡུལ་དུས་གང་ཞིག་ཏུ་རབ་ཏུ་བྱུང་དགོས་ཟེར་མཁན་དང་འཕྲད་ཚེ། ངས་དེ་དག་ལ་བསམ་བློ་ལེགས་པོ་ཐོངས། རབ་ཏུ་བྱུང་བ་ནི་གནད་དོན་ཆེན་པོ་ཞིག་ཡིན་པས་འཕྲལ་དུ་ཐག་གཅོད་མི་རུང་བར་ག་ལེར་འདང་རྒྱག་དགོས་ཞེས་བཤད་ཀྱིན་ཡོད། གལ་ཏེ་མི་ཞིག་སྐྱབས་སུ་འགྲོ་བར་འདོད་པ་ཞིག་དང་འཕྲད་ཀྱང་། ངས་ཐོག་མར་དེ་ལ་རྒྱུ་མཚན་རེ་འདྲི་བཞིན་ཡོད། གལ་ཏེ་དེའི་བསམ་པ་ཡང་དག་ཡིན་ན་སྐྱབས་སུ་འགྲོ་རུ་འཇུག་གི་ཡོད། ང་ཚོ་མི་ཚང་མར་དད་པ་ནི་དགོས་ངེས་ཅན་ཡིན་པས། ནང་ཆོས་ལ་མི་དད་པའི་མི་ཡིན་ཡང་དེ་ལ་སྣང་མེད་བྱ་རྒྱུ་མེད། ཡེ་ཤུའི་ཆོས་ལུགས་ལྟར་དད་ལྡན་པ་འཕྲོག་རྩོད་དང་ཚོང་ར་འཕྲོག་རྩོད་ཀྱང་བྱ་མི་རུང་། མི་ཞིག་ལ་དད་པ་མེད་མི་རུང་ཞིང་། ཁྱད་པར་དུ་ཀྲུང་གོ་ལྟ་བུའི་མི་མང་པོ་ཞིག་ལ་དད་པ་མེད་ན། སེམས་ཤིན་ཏུ་སྟོང་པ་ཞིག་ཏུ་འགྱུར་བ་ཡིན་སྙམ་པའི་འདུ་ཤེས་འདི་ཡོད་དགོས་པ་ཡིན། ཨ་རི་དང་ཁེ་ན་ཏ་སོགས་ཤར་ཕྱོགས་རྒྱལ་ཁབ་དག་གི་མི་བརྒྱ་ཆའི་དགུ་བཅུ་གོ་ལྔ་ཡན་ཚང་མ་ཡེ་ཤུའི་ཆོས་ལུགས་དང་སངས་རྒྱས་ཆོས་ལུགས་སོགས་ལ་དད་པ་ཡིན་ལ། འདི་ལྟ་བུའི་མི་ཚེ་ལ་དོན་སྙིང་ཡང་ལྡན་པ་རེད། ང་རང་སྒེར་གྱི་ངོས་ནས་བཤད་ན་ཚང་མར་དད་པ་རེ་ཡོད་པའི་རེ་བ་ཆེ་ཞིང་། གལ་ཏེ་མི་ཞིག་ལ་ཀུན་སྤྱོད་ཀྱང་མེད། དད་པ་ཡང་མེད་ན་འཇིག་རྟེན་འདིར་འཚོ་བར་སེམས་ཤིན་ཏུ་མུན་འཐོམས་པ་ཞིག་ཡིན་པ་རེད། ཁྱད་པར་དུ་ཚེ་མཇུག་ལ་སླེབས་སྐབས་བདེ་འཇགས་དང་ཡིད་ཚིམས་པའི་འདུ་ཤེས་ཤིག་མེད་ཚེ། རང་གི་མ་འོངས་པའི་མདུན་ལམ་ཡང་རང་ལ་མི་གསལ་བར་འགྱུར་བ་ཡིན། དེར་བརྟེན། མི་གཞན་ལ་འགན་ཁུར་གྱི་ཆ་ནས་བཤད་ན། མི་ཚང་མ་ལ་རང་ཉིད་ཀྱི་དད་པ་ཡོད་དགོས་ཤིང་། དད་པ་དེ་ཡོད་ན་མི་ཚེ་ལ་དོན་སྙིང་ལྡན་ཞིང་ཁ་ཕྱོགས་ཡོད་རྒྱུ་རེད།
࿄༢༤༽ དྲི་བ། ཁྱེད་ཀྱིས་ཁ་སང་དང་དེ་རིང་གཉིས་ལ་ནང་ཆོས་ཀྱི་རིགས་གཞུང་སྐོར་མང་པོ་ཞིག་གསུངས་སོང་། འོན་ཀྱང་ང་ཚོར་ཤེས་རབ་མེད་ཅིང་རྟོགས་པ་དམན་པའི་ཁྱིམ་པ་སྤྱིར་བཏང་བ་དག་ལ་མཚོན་ན། རིགས་གཞུང་འདི་དག་ཤིན་ཏུ་ཟབ་ཅིང་ཚད་མཐོ་བ་ཞིག་ཏུ་གྱུར་ཡོད་ལ། རིགས་གཞུང་འདི་དག་ལ་ཉམས་མྱོང་ཡང་ཤིན་ཏུ་ཚད་ཡོད་པ་ཞིག་རེད། དེའི་རྒྱུ་མཚན་གྱིས་ང་ཚོས་དོན་དམ་པར་རིགས་གཞུང་ཉམས་མྱོང་གཙོ་བོ་བྱ་དགོས་སམ། ཡང་ན་རིགས་གཞུང་ཁྱབ་གདལ་དུ་གཏོང་རྒྱུ་གལ་ཆེ་བ་ཡིན། ࿉ ལན། སངས་རྒྱས་ཆོས་ལུགས་གཏིང་ཟབ་མོ་འདི་ལ་རིགས་གཞུང་གི་སློབ་གཉེར་དགོས་ཤིང་བསྒོམ་སྒྲུབ་ཀྱི་ལག་ལེན་ཡང་མེད་དུ་མི་རུང་། གལ་ཏེ་རིགས་གཞུང་གི་སྟེང་ནས་མཁས་ཀྱང་དངོས་ཡོད་ཀྱི་ལག་ལེན་མེད་ན། དེང་གི་ཆོས་ལུགས་ཞིབ་འཇུག་ཆེད་མཁས་པ་འགའ་རེ་དང་འདྲ་བར། ངག་ཐོག་ནས་སྐད་ཆ་གོ་རིམ་དང་ལྡན་པ་མང་པོ་བཤད་མཁས་ཀྱང་། དོན་དམ་དུ་ཚེ་མི་རྟག་པ་ཙམ་གྱི་གནས་ལུགས་ལའང་བསམ་བློ་གཏོང་མ་མྱོང་བ་དང་གཅིག་མཚུངས་རེད། དེ་ལ་ཆོས་ཀྱི་དྲེད་པོ་ཞེས་པའི་ཐ་སྙད་བཏགས་ཡོད་ལ། དེ་ལས་གཞན་གལ་ཏེ་ནང་བསྟན་གྱི་རིགས་གཞུང་ལ་གོ་རྟོགས་གང་ཡང་མེད་པར་ཉིན་རྒྱུན་དགོན་པའི་ནང་དུ་བསྡད་དེ། ནང་ཆོས་ཀྱི་གོ་དོན་སླ་མོ་ཙམ་ཡང་མི་ཤེས་པར་བསྒོམ་བསྒྲུབ་བྱེད་པ་འདི་ལ་ཡང་། དོན་སྙིང་ཆེན་པོ་ཆེར་མེད་པར་བླུན་སྒོམ་མུན་ནག་རྡོ་འཕང་ཞེས་པའི་ཐ་སྙད་བཏགས་པ་ནང་བཞིན་རེད། དེར་བརྟེན། ང་ཚོའི་ནང་བསྟན་ཆོས་གཞུང་དུ་རྟག་ཏུ་བཤད་ཀྱིན་པའི་ཐོས་བསམ་སྒོམ་གསུམ་དེ་ནམ་ཡང་མེད་ཐབས་མེད་པ་ཡིན།
࿄༢༥༽ དྲི་བ། ང་ལྷ་སའི་མངའ་ཁུལ་འདམ་གཞུང་རྫོང་གི་ཡིན། ང་ཚོ་བོད་པ་རྣམས་ཀྱིས་བརྐྱངས་ཕྱག་འཚལ་སྐབས། འདོན་པ་མང་པོ་ཞིག་འདོན་རྒྱུ་ཡོད་པ་རེད། དེ་ལས་འདོན་རྒྱུ་གང་ཅུང་བཟང་བ་ཡིན། ད་དུང་འདྲི་རྒྱུ་ཞིག་ལ། ང་སྔོན་ཆད་ཁྱིམ་དུ་ཡོད་སྐབས་ཁྱིམ་མི་དག་གིས། མི་རེ་རེའི་ཕྲག་པ་ན་ཨང་རྩིས་པ་གཉིས་ཡོད་ཅིང་། གཅིག་གིས་མི་དེའི་དགེ་བའི་ཚོགས་བརྩི་བ་དང་གཅིག་གིས་སྡིག་པ་བརྩི་བ་ཡིན་ཟེར། ནང་ཆོས་ཀྱི་གཞུང་དུའང་མི་རེ་རེའི་ཕྲག་པ་གཡས་པ་ན་ཕོ་ལྷ་དང་། གཡོན་པ་ན་མོ་ལྷ་གཉིས་ཀྱིས་དགེ་སྡུག་བསགས་གྲངས་རྩི་བཞིན་ཡོད་ཅེས་གསུངས་ཡོད། འོ་ན་ང་ཚོས་ཇི་ལྟར་བྱས་ན་ད་གཟོད་དགེ་བ་མང་པོ་འགྲུབ་ཅིང་སྡིག་པ་ཉུང་ངུར་བྱ་ཐུབ། ࿉ ལན། ཐོག་མར། དགེ་འོས་སློབ་ཆེན་འདི་ནས་བོད་རིགས་སློབ་མ་མི་ཉུང་བ་ཞིག་མཐོང་བྱུང་བས་དགའ་སྤྲོ་ཆེན་པོ་སྐྱེས་སོང་། ཁ་སང་དགེ་རྒན་མང་པོ་ཞིག་གིས་ཀྱང་། བོད་རིགས་སློབ་མ་ཚོར་ཐུགས་ཁུར་ཆེན་པོ་བྱེད་ཀྱིན་པ་མཐོང་བྱུང་བས། དགེ་རྒན་དེ་ཚོར་བཀའ་དྲིན་ཆེ་ཞུ་བ་ཡིན། ང་རང་ངོས་ནས་བཤད་ན་བོད་རིགས་ཤིག་ཡིན་ཡང་། ལོ་མང་པོར་རྒྱའི་ཡུལ་གྱི་ནང་པ་བ་ཚོར་སེམས་ཁུར་བྱེད་ཀྱིན་ཡོད་པས། ང་ཚོའི་བར་དུ་འགྲིག་མཐུན་གྱིས་འབྲེལ་བ་བྱ་རྒྱུ་གལ་ཆེན་པོ་རེད། ཁ་སང་ཡང་དེང་སྐབས་བོད་རིགས་ན་གཞོན་དག་གིས། རང་གི་སྐད་ཡིག་དང་སྲོལ་རྒྱུན་ཚང་མ་བརྗེད་འགྲོ་བཞིན་འདུག་ཅེས་ཟེར་གྱིན་འདུག འདིའི་ཐད་ལ་བོད་རིགས་སློབ་མ་རྣམས་ཀྱིས་མི་རིགས་དང་། ས་གནས་གང་ཞིག་ཏུ་སོང་ནས་སློབ་སྦྱོང་བྱས་ཀྱང་། རང་ཉིད་ཀྱི་སྲོལ་རྒྱུན་དང་སྐད་ཡིག་བརྗེད་རུང་གི་མ་རེད་ཅེས་ནན་གྱིས་ཞུས་པ་ཡིན། ངས་སྔོན་ཆད་ཀྱང་བོད་ཀྱི་སློབ་ཆེན་པ་འགའ་རེ་ཕྱིར་རང་ཡུལ་དུ་ལོག་སྐབས་བོད་སྐད་ཕལ་ཆེར་བཤད་མི་ཤེས་ཤིང་། སྤྱོད་ལམ་གྱི་ཆ་ནས་ཀྱང་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་གྱི་རྣམ་པ་མེད་པ་མཐོང་བྱུང་། དེ་ཤིན་ཏུ་ཡིད་ཕམ་པ་ཞིག་རེད། དེང་སྐབས་རྒྱ་ཡུལ་དུ་ཤེས་ཡོན་པ་དེ་འདྲའི་མང་པོ་ཞིག་གིས། བོད་ཡུལ་དུ་འོངས་ནས་བོད་བརྒྱུད་ནང་བསྟན་དང་། བོད་ཀྱི་རིག་གནས་ལ་སློབ་སྦྱོང་གང་འདྲ་བྱེད་ཀྱིན་འདུག་པར་བསམ་བློ་ཐོངས་དང་། ང་ཚོས་རང་མི་རིགས་ཀྱི་མི་རྣམས་ཀྱིས་རང་གི་རིག་གནས་འདི་དག་རྩ་བ་ནས་དོར་ཏེ། རྒྱ་ནག་ལ་སློབ་པ་དང་རྒྱ་ནག་གིས་ཀྱང་ནུབ་ཕྱོགས་སུ་བསླབས་ནས། མཐའ་འབྲས་ཚང་མ་ནུབ་ཕྱོགས་ལྟར་འགྱུར་འགྲོ་རྒྱུ་རེད། དེ་ལྟར་འགྱུར་བ་ནི་ཚུལ་དང་མི་མཐུན་པས། བོད་མི་ཞིག་ཡིན་ཚེ་རང་ཉིད་ལ་ཡོད་པའི་སྲོལ་རྒྱུན་དང་རིག་གནས་འདི་དག་བརྗེད་ཉན་གི་མ་རེད། རྒྱ་ཡུལ་གྱི་ཕྱི་སྦྱོང་སློབ་མ་མང་པོ་ཞིག་ཨ་རི་དང་ཁེ་ན་ཏ། ཡོ་རོབ་གླིང་སོགས་སུ་སོང་སྟེ། ནུབ་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཀྱང་རང་གི་སྲོལ་རྒྱུན་ཚང་མ་དོར་གྱིན་མི་འདུག ཁོང་ཚོ་ཕྱིར་རང་རྒྱལ་དུ་ལོག་རྗེས་ཀྱང་རྒྱ་སྐད་ལས་དབྱིན་སྐད་བཤད་ཀྱིན་མེད་པ་ལ་ལྟོས་དང་། ང་ཚོ་བོད་ཀྱི་སློབ་མ་རྣམས་རྒྱ་ཡུལ་ནས་ལོ་ཁ་ཤས་ལ་བསྡད་རྗེས། བོད་སྐད་བཤད་མི་ཤེས་པར་འགྱུར་འགྲོ་བཞིན་ཡོད་པ་ནི་ཧ་ཅང་བློ་ཕམ་པ་ཞིག་རེད་འདུག དེར་བརྟེན་བོད་ཀྱི་སློབ་མ་རྣམས་ཀྱིས་རྒྱ་ཡུལ་གྱི་མཐོ་རིམ་སློབ་གྲྭ་གང་ཞིག་འགྲིམ་ཡང་། རང་ཉིད་ཀྱི་སྐད་ཡིག་དང་དད་པ་མི་བརྗེད་རྒྱུའི་རེ་བ་ཆེན་པོ་ཡོད། བརྐྱངས་ཕྱག་འཚལ་བའི་སྐབས་སུ། སྤྱིར་བཏང་སྐྱབས་འགྲོ་དང་ཚོགས་བསགས་ཡན་ལག་བདུན་པ། ད་དུང་། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ། ན་མོ་མཛྲ་ཤྲི་ཡེ། ན་མོ་སི་ཤྲི་ཡེ། ན་མོ་ཨུདྡྷ་མ་ཤྲི་ཡེ་སྭཱ་ཧྭ། ཞེས་འདོན་དགོས་ཤིང་། ཆགས་མེད་རིན་པོ་ཆེས། བསྙེན་པ་འདི་བཟླས་ན་ཕྱག་གཅིག་འཚལ་ཡང་འབུམ་འགྱུར་གྱི་དགེ་བ་ཡོད་ཅེས་གསུངས་ཡོད། མི་འགའ་རེས་སྐྱབས་འགྲོ་དང་འོད་དཔག་མེད་ཀྱི་མཚན་གསོག་གིན་ཡོད་ཅིང་། གང་ཡིན་ཡང་འགྲིག་པ་ལས་འདི་ལ་ངེས་གཏན་ཆེན་པོ་ཞིག་མེད་པ་རེད། ད་དུང་མི་རེའི་ཕྲག་པ་ན། དགེ་སྡུག་རྩི་བའི་ཕོ་ལྷ་དང་མོ་ལྷ་ཡོད་པའི་སྐོར་བར་དོའི་ཐོས་གྲོལ་དུ་བཤད་ཡོད་པ་རེད། དོན་ངོ་མར་རྒྱ་ཡུལ་གྱི་སྐྱེས་ཆེན་དམ་པ་ལ་ལ་གཤིན་རྗེའི་ཡུལ་དང་། དམྱལ་བ་རུ་འཕོ་སྐབས་གཤིན་པོའི་དགེ་སྡུག་ཐོ་འགོད་བྱས་ཡོད་པ་མཐོང་བ་དང་གནས་ལུགས་གཅིག་རེད། ཁྱེད་རྣམ་པས་གལ་ཏེ་དགེ་སྒྲུབ་སྡིག་སྤོང་བྱེད་པའི་མོས་པ་ཡོད་ན། སྔོན་འགྲོའི་ནང་དུ་ཐབས་ལམ་བཟང་པོ་ཞིག་བཤད་ཡོད་དེ། སྔོན་ཆད། སྒྲ་མཁན་ཞེས་པའི་བྲམ་ཟེ་ཞིག་གི་ནམ་རྒྱུན་རང་གི་སེམས་ལ་བརྟག་ཅིང་། སྡིག་པའི་སེམས་རེ་སྐྱེས་ཚེ་རྡེའུ་ནག་པོ་རེ་བཞག དགེ་སེམས་རེ་སྐྱེས་སྐབས་རྡེའུ་དཀར་པོ་རེ་བཞག དང་ཐོག་ཁོའི་རྡེའུ་ནག་མང་ལ་རྡེའུ་དཀར་ཉུང་བ་ཡིན་ཡང་། དེ་ནས་ཁོས་རང་ལ་སྐུལ་མ་བྱས་ཏེ་སྡིག་པའི་སེམས་ཚང་མ་དག་སྟེ། མཐའ་མཇུག་ཏུ་ཚང་མ་རྡེའུ་དཀར་པོ་རྐྱང་རྐྱང་དུ་གྱུར་སོང་བ་ལྟར་ཡིན། བསྒོམ་སྒྲུབ་ལེགས་པོ་བྱེད་མཁན་ཞིག་གིས། འདི་ལྟར་བསྒྲུབས་ཐུབ་ཀྱང་ང་ཚོས་དེ་ལྟར་སྒྲུབ་ཐུབ་པའི་ངེས་པ་མེད། གང་འདྲ་བཤད་ཀྱང་། མི་རེ་རེའི་ལུས་སྟེང་དུ་ཆོས་སྐྱོང་སྲུང་མ་རེ་ཡོད་ངེས་ཡིན་ལ། དེ་དག་གིས་མི་དེའི་དགེ་སྡུག་ལ་ཐུགས་ཁུར་བྱེད་ཀྱིན་ཡོད་པ་རེད། འདི་ལྟ་བུའི་སྲོལ་རྒྱུན་གྱི་ལྟ་བ་ལ་ཚང་མས་བརྩི་བཀུར་དང་མཉམ་དུ་གནའ་མི་ལྟར་དགེ་སྒྲུབ་སྡིག་སྤོང་བྱེད་དགོས་ཤིང་། རྒྱུན་དུ་རང་ཉིད་ལ་སྐུལ་མ་དང་། རང་གི་སྤྱོད་ལམ་ལ་བརྟག་དཔྱད་གྱིས་དང་ད་གཟོད་ལམ་བཟང་པོར་འཇུག་ཐུབ་པ་ཡིན། སློབ་དཔོན་ཀའོ་ཤུན་མུན་གྱིས་གནང་བའི་མཇུག་སྡོམ། མཛེས་སྡུག་གི་དུས་སྐབས་ནི་ཆེས་འགྲོས་མགྱོགས་པས་དུས་ཚོད་གཉིས་མིག་རྡེབ་ལོངས་ཙམ་གྱིས་འདས་སོང་། དེ་རིང་གི་གླེང་མོལ་ནི་ཆུ་ཚད་མཐོ་བའི་གླེང་མོལ་ཤིག་ཏུ་འདོད་ཀྱིན་ཡོད་ལ། མདང་དགོང་དང་བསྡུར་ན་དེ་རིང་ཤིན་ཏུ་ཡག་པོ་རེད། མཐོ་ཞེས་པ་དེ་ཡང་མཁན་པོ་ཉིད་དོན་དངོས་ཀྱིས་མཐོ་བ་སྟེ། ཤེས་ཡོན་གྱི་སློབ་དཔོན་དུ་ཞེ་གནོང་མི་དགོས་པར་ཆོས་འཇིག་རྟེན་གཉིས་ཀྱི་ཐད་ནས་སྙན་གྲགས་མཐོ་བ་དང་། ཁོང་གི་རྟོགས་པ་དང་གཟབ་ནན་སློབ་གཉེར་གཉིས་པོ་དམ་དུ་འབྲེལ་ནས་ཡོད། མཁན་པོ་མཆོག་ནི་ཤེས་ཡོན་གྱི་སློབ་དཔོན་ཡིན་ལ་རིག་པའི་དགེ་བའི་བཤེས་གཉེན་ཡང་ཡིན་པ་རེད། རིག་པ་ཞེས་པ་ནི་ཤེས་རབ་དང་ཤེས་བྱའི་དོན་ཡིན་ལ་ནང་ཆོས་སུའང་རིག་པའི་གནས་ལྔ་ཞེས་བཤད་ཡོད། ཁོང་འབོད་ཚིག་འདི་ལ་ངོ་གནོང་མི་དགོས་པ་རེད། མཁན་པོ་མཆོག་གི་ཆུ་ཚད་མཐོན་པོའི་མཚོན་སྟངས་དེ་སློབ་གྲོགས་ཚོའི་དྲི་བ་དང་འབྲེལ་བ་ཡོད་དེ། གལ་ཏེ་ང་ཚོའི་དྲི་བ་ཧ་ཅང་གོ་བདེ་ཞིང་ཟབ་མོ་མིན་པ་རྐྱང་རྐྱང་ཡིན་ན། ཁོང་གི་ཆུ་ཚད་ཇི་ལྟར་མཐོ་ཡང་མངོན་ཐབས་མེད་པ་རེད། ང་ཚོའི་སློབ་ཆེན་དུ་རྒྱུན་དུ་དགེ་སློབ་གཉིས་འཕེལ་ཞེས་བཤད་ཀྱིན་ཡོད་ལ། སློབ་མ་བཟང་པོ་ཡོད་ན་དགེ་རྒན་བཟང་པོ་ངེས་པར་དུ་ཡོད་ཅིང་། སློབ་མ་བཟང་པོ་མེད་ཚེ་དགེ་རྒན་བཟང་པོའང་ཡོད་མི་སྲིད། དེར་བརྟེན། ཧྭ་ཀྲུང་དགེ་འོས་སློབ་ཆེན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་ན། སློབ་མ་ཚོས་སློབ་སྦྱོང་ལེགས་པོ་བྱེད་མིན་ལ་རག་ལས་པ་མ་གཏོགས། སློབ་མ་ཚོར་ཤེས་ཡོན་གང་ཡང་མེད་ན་ཧྭ་ཀྲུང་སློབ་ཆེན་དུ་ཆུ་ཚད་མཐོ་བའི་དགེ་རྒན་ཡང་ཡོད་མི་སྲིད། གནས་ལུགས་འདི་ཚང་མའི་སེམས་ལ་འཇོག་རོགས། མཇུག་ཏུ། མཁན་པོ་མཆོག་ལ་སྤྲོ་སེམས་ཁོལ་བའི་ཐལ་སྒྲ་དང་བཅས་བཀའ་དྲིན་ཞུ་རོགས་གནོངས།
–དེང་གི་མཁས་པ་ཆེན་པོ་མཁན་ཆེན་བསོད་དར་རྒྱས་ཀྱི་ཤེས་རབ་ལ་ལོངས་སུ་སྤྱོད་རོགས།