རྩོམ་པ་པོ། སྐུ་ཞབས་སྤེ་ལྭེབ་སྭེ་ཐེ་ནྭེ(Sir.Philip Sidney)
རྔ་བཟའ་བདེ་པོ་འཚོས་བསྒྱུར།
དུས་རབས་བཅུ་དྲུག་པའི་མཚམས་སུ་བྱུང་བའི་དབྱིན་ཇིའི་སྙན་ངག་པ་སྐུ་ཞབས་སྤེ་ལྭེབ་སྭེ་ཐེ་ནྭེ་( Sir.Philip Sidney ) ཡིས། དབྱིན་ཇིའི་རྩོམ་རིག་དཔྱད་བརྗོད་ཁྲོད་གོ་བབ་གལ་ཆེན་ཞིག་བཟུང་ཡོད་དེ། སློབ་དཔོན་པེ་ལ་ཊོ་(Plato)ལགས་ནས་བཟུང་། སྙན་རྩོམ་ལ་སྐྱོན་བརྗོད་དང་ཉེས་འཛུགས་ཀྱི་ཁྲོད་ནས་སྙན་ངག་སྐྱོབ་པར་ནུས་པ་ཆེས་ཆེར་ཐོན་པ་ནི། ཁོང་གི་“སྙན་ངག་སྐྱོབ་”ཅེས་པའི་རྒོལ་ཡིག་དེ་ཡིན་ཞིང་། ཁོང་གིས་སྙན་ངག་ནི་ཤེས་བྱའི་སྡེ་ཚན་རྙིང་ཤོས་དང་ཡག་ཤོས་ཤིག་ལ་ངོས་འཛིན་བྱེད། ཁོང་ལ་མཚོན་ན། སྙན་ངག་ནི། མཛེས་ཆོས་ཀྱི་ཆ་ནས་ལྟ་གྲུབ་ལས་མཛེས་ཉམས་དོད་པ་དང་། བདེན་དོན་གྱི་ཆ་ནས་ལོ་རྒྱུས་ལས་ལྷག་པ། བཟང་སྤྱོད་ཀྱི་ཆ་ནས་ཚན་རིག་ལས་བཟང་ཞིང་། འགྲོ་བ་མིའི་རིགས་ལ་དབྱེར་མེད་དུ་སྙིང་སྟོབས་སྤེལ་བས་ཁྲིམས་ལུགས་ལས་ལྷག་པ་ཞིག་ཡིན། མ་ཟད་ཁོང་གིས་རིན་ཐང་ཅན་གྱི་སྙན་རྩོམ་མ་འདྲ་བ་དུ་མ་ཞིག་བརྩམས་ཡོད། དཔེར་ན། རྩྭ་ཐང་གི་གླུ་ཡིས།སྐབས་བསྟུན་མིའི་སྤྱིར་བཏང་གི་འཚོ་བ་དང་གནས་སྟངས་མཚོན་པས་དགའ་སྤྲོ་སྟེེར་ཞིང་། མྱ་ངན་གྱི་སྙན་ངག་གིས་སྐྱོ་གདུང་གི་ཚོར་བ་སྟེར་ལ། ཟུར་ཟའི་སྙན་ངག་གིས་མིའི་དགོད་བྲོ་བའི་བྱ་སྤྱོད་ལ་ཟུར་ཟ་དང་བསྐྱོན་བརྗོད་བྱེད། ཁོང་གི་བསྔགས་བརྗོད་ཀྱི་གཞས་ཚིག་དག་ནི་ཧ་ཅང་བསྔགས་རིན་ཡོད་པ་མ་ཟད་། སྙན་ངག་ཆེན་མོའམ་རྟོགས་བརྗོད་དག་ནི་བདེན་པ་དང་བཟང་སྤྱོད་མཚོན་པར་བྱེད་པའི་སྙན་རྩོམ་ཚད་མཐོ་ཤོས་དེ་ཡིན།
གཉིས་པ། ཁོང་གི་ཐུན་མོང་མ་ཡིན་པའི་ལྟ་གྲུབ།
སྐུ་ཞབས་སྭེ་ཐེ་ནྭེ་ཡི་དགག་ལན་ཏེ་”སྙན་ངག་སྐྱོབ”ཅེས་པ་ནི། སྙན་ངག་གི་ལྟ་གྲུབ་རང་ག་བ་ཞིག་དབྱིན་ཇིའི་སྙན་རྩོམ་དུ་དངོས་སུ་ལག་བསྟར་བྱས་པ་ཐེངས་དང་པོ་ཡིན། རིག་རྩལ་བསྐྱར་དར་གྱི་དུས་སྐབས་སུ་བྱུང་བའི་ཨི་ཊྭི་ལྭའི་སྙན་ངག་པ་གྲགས་ཅན་དྷན་ཊི་(Dante)དང། བྷོ་ཀྭ་ཤྭོ(Boccaccio)། སྦེར་ཅི(Petrarch)དང་། གནའ་རབས་ཀྱི་སྙན་ངག་པ་གྲགས་ཅན། ཨ་རེ་སེ་ཊོ་ཊོལ་(Aristotle)དང་།པེ་ལ་ཊོ(Plato)བཅས་ལ་ཁོང་གིས་བསྔགས་བརྗོད་དང་ཁས་ལེན་བྱས་པ་མ་ཟད། ཁོང་གིས་སྐད་ཆ་གང་བརྗོད་པ་དེ། སྙན་ངག་པ་གྲགས་ཅན་ཨ་རེ་སེ་ཊོ་ཊོལ་ཡང་ན་པེ་ལ་ཊོ་ལ་དང་ཧོ་ར་སེ་(Horace) བཅས་ལས་གང་རུང་གི་ལྟ་གྲུབ་ལ་གཞིར་བཞག་ནས་བཤད། དཔེར་ན། ཁོང་གི་སྙན་རྩོམ་གྱི་འགྲེལ་བརྗོད་དུ། ཨ་རི་སེ་ཊོ་ཊོལ་དང་ཧོ་ར་སེ་གཉིས་ཀྱིས་གསུངས་པ་ལྟར། “སྙན་རྩོམ་ནི་སློབ་གསོ་དང་དགའ་སྤྲོ་སྟེར་བའི”རྩོམ་ཞིག་ཡིན་ཞེས་བརྗོད་ཡོད།
སྤྱིར་དབྱིན་ཇིའི་གཏམ་བརྗོད་དུ་ངེས་པར་དུ་ཚང་དགོས་ཤིང་ལག་ལེན་དུ་བསྟར་དགོས་པ་ནི། དུས་དང་གནས། བྱ་སྤྱོད་གསུམ་མཐུན་པར་བྱ་དགོས། ཡིན་ན་ཡང་ཁོང་གི་དུས་སྐབས་སུ། མཚན་ཉིད་ཚང་བའི་གཏམ་བརྗོད་གཅིག་ཀྱང་བྱུང་མེད་པས། “གསར་དུ་ཐོན་པའི་གཏམ་བརྗོད་དག་གི་མཇུག་ནི་དགའ་སྐྱོ་ཟུང་འབྲེལ་གྱིས་སྒྲིལ་པ་ལས། དགའ་སྐྱོ་གཉིས་སོ་སོར་ཤན་འབྱེད་བྱེད་མ་ཐུབ་པས་གཏམ་བརྗོད་ཀྱི་མཚན་ཉིད་ཡོངས་སུ་རྫོགས་ཐུབ་མེད་པ་ནི། སྐབས་དེའི་དབྱིན་སྐད་ལ་བྱང་ཆ་ཞན་པའི་ཁྲབ་སྟོན་གྱི་སྐྱོན་རེད་”ཅེས་ནན་གྱིས་བརྗོད་ཡོད།
ད་དུང་ཁོང་གིས་སྒྲ་གདངས་དོ་མི་མཉམ་པའི་གནའ་རབས་ཚིགས་བཅད་སྙན་རྩོམ་ལ་ཡང་བསྔགས་བརྗོད་བྱེད་ཅིང་། ཁོང་ལ་མཚོན་ན། རང་ཉིད་ཀྱིས་གསར་དུ་བསྐྲུན་པའི་དངོས་པོ་ནི་འཇིག་རྟེན་འདིའི་ཐོག་གི་རིན་ཐང་ཆེ་ཤོས་ཡིན་པས།སྙན་ངག་ནི་དངོས་པོ་གསར་བ་བསྐྲུན་པའི་གསར་གཏོད་ཀྱི་སྒྱུ་རྩལ་ཕུལ་དུ་བྱུང་བ་དེ་ཡིན། དེ་བས་ན། ལྷུག་རྩོམ་གསར་བ་དག་ཀྱང་སྙན་ངག་དང་གཅིག་པར་སྣང་། སྤྱིར་ཁོང་ཉིད་གནའ་རབས་སྙན་ངག་གི་དབྱངས་འགྲོས་ལྡན་པའི་ཚིགས་བཅད་སྙན་ངག་ལ་དགའ་མོད་ཀྱང་། དེ་དང་སྦྲེལ་བའི་ས་སྐྱེས་རྡོ་སྐྱེས་ཀྱི་སྲོལ་རྒྱུན་སྙན་ངག་ལ་ཡང་སྤྲོ་བ་མཆིས།
གསུམ་པ། དཔྱད་བརྗོད་ཀྱི་རིན་ཐང་།
སྤྱིར་སྐུ་ཞབས་སྭེ་ཐེ་ནྭེ་ཡིས་ཨ་རེ་སེ་ཊོ་ཊོལ་ཁས་ལེན་ན་ཡང་། ཞིབ་ཏུ་དཔྱད་ན།ཁོང་དང་ཨ་རེ་སེ་ཊོ་ཊོལ་གཉིས་ཀྱི་སྙན་ངག་ལྟ་ཚུལ་ལ་ཁྱད་པར་ཡོད་དེ་། དཔེར་ན། ཨ་རེ་སེ་ཊོ་ཊོལ་ལ་མཚོན་ན། སྙན་ངག་ནི་”གཞན་ལ་ལད་མོ་བྱེད་པའི་སྒྱུ་རྩལ་ཞིག་”ལ་གོ་ཡང་། སྐུ་ཞབས་སྭེ་ཐེ་ནྭེ་ལ་མཚོན་ན། སྙན་ངག་ནི་”གཞན་ལ་ལད་མོ་བྱེད་པའི་སྒྱུ་རྩལ་ཙམ་མ་ཡིན་པར།ལད་མོ་བྱེད་པ་གང་ཞིག་དམིགས་ཡུལ་ངེས་ཅན་ཞིག་གི་ཆེད་དུ་བྱེད་པ་ཞིག་སྟེ། གཞན་ལ་སྤྲོ་བ་སྟེར་བ་དང་སློབ་སྟོན་བྱེད་པའི་ཕྱིར་ཡིན། གཞན་ཡང་ལད་ཟློས་ཟེར་ན་གང་འདྲ་ཞིག་ཡིན་མིན་ལ་འགྲེལ་བརྗོད་བྱེད་སྟངས་ཀྱི་ཆ་ནས་ཀྱང་ཨ་རེ་སེ་ཊོ་ཊོལ་དང་མི་འདྲ། ཁོང་གིས་”སྙན་ངག་ནི་ལད་མོ་ཤུགས་ཆེན་བྱས་པ་མ་ཡིན་པར། རང་ངོས་ནས་འཇིག་རྟེན་གསར་བ་ཞིག་བསྐྲུན་ཏེ་ཀློག་པ་པོར་དགའ་སྤྲོ་བསྐྱེད་པ་ཞིག་ཡིན”། འདིས་ཁོང་དང་སློབ་དཔོན་པེ་ལེ་ཊོ་གཉིས་ཀྱི་ལྟ་གྲུབ་དང་མཚུངས་པར་བྱས་ཡོད་། སློབ་དཔོན་པེ་ལེ་ཊོར་མཚོན་ན། “སྙན་ངག་པས་འཇིག་རྟེན་གྱི་ཕྱིའི་རྣམ་པ་རགས་པ་ཙམ་ལད་ཟློས་བྱས་པ་མ་ཡིན་པར། འོད་སྟོང་འབར་བའི་འཇིག་རྟེན་གྱི་རིག་པའམ་རྣམ་དཔྱོད་ལ་ལད་ཟློས་བྱ་དགོས་”། སྐུ་ཞབས་སྭེ་ཐེ་ནྭེ་ཡིས་སྙན་ངག་ནི་རྣ་བར་སྙན་པའི་ཚིག་སྐམ་པོ་ཙམ་མ་ཡིན་པར།རྒྱ་ཆེ་བའི་འཆར་སྒོ་དང་ཡང་དག་པའི་བསམ་བློ་དང་བཟང་སྤྱོད་ལ་ཁ་ཕྱོགས་ནས་བྲིས་ཡོད་པས། སྙན་ངག་ནི་ཤེས་བྱའི་ནང་ནས་མིའི་རིགས་ལ་ཕན་ཐོགས་ཤོས་ཡིན་པའི་ཁུངས་སྐྱེལ་ར་སྤྲོད་བྱས་ཡོད།
བཞི་པ། སྐུ་ཞབས་སྭེ་ཐེ་ནྭེ་ཡིས་དོན་མེད་ཉེས་འཛུགས་ཀྱི་གཡུལ་ས་ནས་སྙན་ངག་བསྐྱབས་ཏེ། ཧོ་ར་སེ་ཡིས་གསུངས་པ་ལྟར། དེ་ནི་འཇིག་རྟེན་ན་འགྲན་ཟླ་བྲལ་བའི་སྒྱུ་རྩལ་གྱི་མཆོག་དང་སློབ་སྟོན་དང་སྤྲོ་སྣང་སྟེར་བའི་ཡང་རྩེ་ཡིན་པར་བརྗོད་ཡོད།
ཁོང་གི་སྙན་ངག་སྲུང་སྐྱོབས་བྱེད་པའི་རྣམ་བཞག་དང་པོ་ནི། སྙན་ངག་དང་ལྟ་གྲུབ། ལོ་རྒྱུས་རྣམས་ཀྱི་ལེགས་པའི་ཡོན་ཏན་ལ་དཔྱད་པ་མ་ཟད། དུས་རབས་བཅུ་དྲུག་པའི་སྨད་ཀྱི་དབྱིན་ཇིའི་སྐད་ཡིག་གི་ཆུ་ཚད་ལ་ཡང་དཔྱད་པ་བྱས་ཡོད།དུས་རབས་དེའི་ཆབ་སྲིད་ཀྱི་གནས་སྟངས་ལ་གོ་རྟོགས་ཡོད་ན། ད་གཟོད་སྙན་ངག་སྲུང་སྐྱོབ་བྱེད་པའི་རིན་ཐང་རྟོགས་ངེས། སྐབས་དེར། ཆོས་ལུགས་ཀྱི་དབུ་ཁྲིད་རྣམས་ཀྱིས། འཆར་སྣང་རང་བཞིན་ཅན་གྱི་སྒྱུ་རྩལ་རྩོམ་རིག་ལ་ངོས་ལེན་མི་བྱེད་ཅིང་།གཏམ་བརྗོད་དང་གཞས་ཚིག་དག་ནི་མིའི་བསམ་བློར་ངན་པའི་ལྷད་དང་མ་རུང་བའི་དྲི་སྐྲུན་པའི་ཡོ་བྱད་ལྟ་བུ་དང་།ལྷག་པར་དུ་དབྱིན་ཡུལ་དུ་བྱུང་བའི་བརྩམས་ཆོས་ཚང་མ་ཆོ་མེད་དང་ཕན་མེད་ཅིག་ལ་ངོས་འཛིན་བྱེད།
དུས་སྐབས་དེ་འདྲ་ཞིག་ལ། སྐུ་ཞབས་སྭེ་ཐེ་ནྭེ་ནི་སྙན་ངག་ལ་ལྟ་ཚུལ་དམིགས་བསལ་འཛིན་མཁན་གྱི་སློབ་མ་ཞིག་ཡིན་ཞིང་། ཁོང་གིས་སྙན་ངག་ཙམ་མ་ཡིན་པར་སྒྱུ་རྩལ་རྩོམ་རིག་ཚང་མར།མཛེས་སྡུག་གི་ཆ་དང་བཟང་སྤྱོད་ཀྱི་བཅུད་ལྡན་པའི་འགྲེལ་བརྗོད་གཏིང་ཟབ་གནང་ཡོད།
སྤྱིར་ཁོང་ནི་གྷི་རིའི་སི་དང་རོ་མན་གྱི་རྩོམ་རིག་ལ་བྱང་ཆ་ཡོད་ཅིང་། གནའ་རབས་དང་དེང་རབས་གཉིས་ཀྱི་སྒྱུ་རྩལ་ལ་མཁས་པ། རྒྱལ་པོའི་ཕོ་བྲང་གི་སྒྱུ་རྩལ་བ་ཡང་ཡིན་ཡང་།སྔར”་སྒྱུ་རྩལ་རྩོམ་རིག་ནི་དུག་སྟེ། ཅི་ཙམ་ཡག་ན་ཡང་དེས་མིའི་རྒྱུད་ལ་ལེ་ལོའི་བབ་ཆགས་ངན་པ་འཇོག་པ་དང་། དེ་ནི་བཟང་སྤྱོད་དང་འགལ་བའི་རིག་གནས་ཤིག་ཡིན་པར་འདོད་ཀྱང་།”དེ་ལ་དགག་ལན་འབྲི་མཁན་སུ་ཡང་མ་བྱུང་བས། མུ་མཐུད་དུ་སྙན་ངག་འབྲི་བ་དང་བདེན་པ་དག་སྐྱེལ་བྱེད་པར་ཁག་པོ་བྱུང་ཡོད། དེར་བརྟེན། སྙན་ངག་རྒྱུན་སྐྱོང་བྱ་བའི་ཐབས་ལམ་ཡག་ཤོས་ནི། དེ་ལ་འགྲེལ་བརྗོད་ཁྱད་པར་བ་ཞིག་དང་། དེའི་བྱེད་ལས་དང་མཛེས་ཉམས་ཀྱི་ནུས་པ་གཟེངས་སུ་འདོན་དགོས་པ་དེ་རེད་སྙམ་ནས།སྔོན་བྱུང་རོ་མན་གྱི་སྨྲ་བརྗོད་ལ་ཤིན་ཏུ་མཁས་པ། སྐུ་ཞབས་སེ་སེ་རོའོ་(Cicero)དང་ཁོང་གི་རྗེས་འཇུག་པ་ཚོ་དྲན་པའི་ཐོག་ནས། སྙན་ངག་གི་རིན་ཐང་དང་ཁྱད་ཆོས་སོགས་བརྗོད་དེ། སྙན་ངག་པ་ནི་ཁྱད་དུ་འཕགས་པའི་དགེ་རྒན་ཞིག་ཡིན་པའི་འགྲེལ་བཤད་བསྐྱོན་ཡོད།
ལྔ་བ། ཁོང་གི་སྙན་ངག་ནི་ཤེས་བྱ་ཀུན་ལས་བླ་ན་མེད་པ་ཞིག་ཡིན་པའི་རྩོད་གླེང་བཞི།
དང་པོ་ནི། སྙན་ངག་ནི་རྨོངས་པ་སེལ་བའི་སྒྲོན་མེ་དང་པོ་ཡིན། དཔེར་ན། རླབས་ཆེ་བའི་ཚན་རིག་དང་། ལྟ་གྲུབ། རྒྱལ་རབས། ཐ་ན་ཁྲིམས་ལུགས་སོགས་ཀྱང་ཐོག་མ་སྙན་ངག་ལས་བྱུང་ཡོད་ལ། རོ་མན་དང་དབྱིན་ཇིའི་སྐད་ཡིག་ལ་མདངས་དང་གཟི་བརྗིད་ཐོག་མ་སྦྱིན་མཁན་ཡང་སྙན་ངག་པ་ཡིན། དཔེར་ན། རོ་མན་གྱི་སྙན་ངག་པ་གྲགས་ཅན། དྷན་ཊི་དང་།བྷོ་ཀེ་ཤྭོ། སྦེར་ཅི་ལྟ་བུ་དང་། དབྱིན་ཇིའི་སྙན་ངག་པ་གྲགས་ཅན། ཇིའོ་སྤེ་རེ་ཆོ་སེར(Geoffrey Chaucer) དང་། ཇོན་གྷོ་བེར(JohnGower)ལྟ་བུ་ཡིན།
དཔེར་ན། སློབ་དཔོན་ཆེན་མོ་པེ་ལོ་ཊོ་ལྟ་བུ་ཡིན་ཡང་། ཁོང་གི་ལྟ་གྲུབ་དེ་སྙན་ངག་ལས་གྲུབ་པའི་ལྷ་སྒྲུང་དང་གཏམ་བརྗོད་སོགས་བརྒྱུད་ནས་སྨྲ་བཞིན་ཡོད།ཇིའུ་དང་རོ་མན་གྱིས་སྙན་ངག་པར་མཐོང་ཆེན་བྱེད་དེ། སྙན་ངག་པ་ནི་མ་འོངས་ལུང་བསྟན་པ་དང་།དཀོན་མཆོག་གི་ཕོ་ཉ་ཡིན་པར་ཡིད་ཆེས་བྱེད། གྷི་རིའ་སི་ཡིས། སྙན་ངག་པ་ནི་བྱེད་པོ་ཞིག་སྟེ། དེ་ཁོ་ན་ཉིད་ཀྱིས་འཇིག་རྟེན་འདི་མཚར་སྡུག་འོད་སྟོང་འབར་བ་ཞིག་བསྐྲུན་ཐུབ་པར་འདོད། ཁོང་ལ་ལ་མཚོན་ན། སྙན་ངག་པས་འཇིག་རྟེན་གྱི་ཕྱིའི་རྣམ་པ་རགས་པར་ལད་ཟློས་བྱས་པ་མ་ཡིན་པར་།གསེར་ལྟ་བུའི་འཇིག་རྟེན་གྱི་རིག་པའམ་རྣམ་དཔྱོད་ལ་ལད་ཟློས་བྱ་དགོས།
གཉིས་པ། འཇིག་རྟེན་གྱི་ཡོན་ཏན་རྣམས་ཕྱོགས་གཅིག་ལ་བཏུས་པའི་སྙན་ངག་གི་དམིགས་ཡུལ་ནི། ང་ཚོ་ཚང་མ་རྙོག་རྫོབ་ཀྱི་གནས་ནས་ཡང་དག་པའི་ལམ་ལ་འཁྲིད་རྒྱུ་དེ་ཡིན། ལྟ་གྲུབ་སྨྲ་བས། མཆོག་དམན་ཀྱི་རྣམ་བཞག་ལ་འགྲེལ་བརྗོད་དང་དེའི་རྒྱུ་རྐྱེན་སོགས་སྨྲ་ཤེས་པ་ཙམ་གྱིས། རང་ཉིད་དགེ་རྒན་ལེགས་ཤོས་ཤིག་ཡིན་པར་རློམས། ལོ་རྒྱུས་སྨྲ་བས། འདས་ཟིན་པའི་ལོ་རྒྱུས་ལས་ལུང་མང་པོ་ཞིག་འདྲེན་ཐུབ་པ་ཙམ་གྱིས། རང་ཉིད་ལྟ་གྲུབ་སྨྲ་བ་ལས་ལྷག་པར་སྣང་ཡང་། སྐུ་ཞབས་སྭེ་ཐེ་ནྭེ་ཡིས། དཔེར་ན།གྷི་རིའ་སི་ཡི་སྙན་ངག་པ་གྲགས་ཅན་ཧོ་མྭར་(Homer)གྱི་རྟོགས་བརྗོད་དུ།རྣམ་དཔྱོད་དང་ལྡན་པ་ཡོ་ལྭེ་སེ་སེ(Ulysses)དང་། སྙིང་སྟོབས་ལྡན་པ་ཨ་ཅི་ལྭེ་སེ(Achilles)། ང་རྒྱལ་ཆེ་བ་ཨ་ཇེ་ས(Ajax)ཡིན་ཞིང་། འདི་གསུམ་གྱིས་མིའི་རང་བཞིན་ཧྲིལ་བོ་མཚོན་པར་བྱེད་པ་བཞིན། སྙན་ངག་པས་ལུང་འདྲེན་ཐུབ་པ་མ་ཟད་མིའི་བཟང་ངན་གྱི་དབྱེ་བ་ཡང་འབྱེད་ཐུབ་པས། ལོ་རྒྱུས་དང་ལྟ་གྲུབ་སྨྲ་བ་གཉིས་ཀྱི་ཡོན་ཏན་དེ་སྙན་ངག་པར་འཛོམས་ཡོད་ཅེས་བརྗོད།
སྙན་ངག་པར་རང་གི་ཡང་དག་པའི་ལྟ་ཚུལ་བརྗོད་པར་ཚད་བཀག་མེད། ལོ་རྒྱུས་སྨྲ་བས་རང་གི་བརྗོད་གཞིར་གྱུར་བའི་འདས་པའི་བྱུང་བ་དངོས་ལས་བརྒལ་བའི་སྐད་ཆ་བཤད་མི་ཆོག་ན་ཡང་། དུག་གསུམ་དང་ལྡན་པའི་མི་ཞིག་ཡིན་པས་བཤད་པའི་སྐད་ཆའི་ནང་ལ་ཡང་བཟང་སྤྱོད་ལས་འདས་པའི་སྐྱོན་ཀྱིས་བསླད་ཡོད། སྙན་ངག་པས་ངན་པར་ཉེས་ཆད་གཏོང་ཆོག་ལ། བཟང་བར་ལེགས་སྐྱེས་འབུལ་ཡང་རུང། ལོ་རྒྱུས་སྨྲ་བས་བསམ་ཡུལ་ལས་འདས་པའི་རྐྱེན་ངན་གྱི་བྱུང་བ་བརྗོད་དེ། ཉམ་ཐག་གི་མི་ལ་གདུང་བ་སྟེར། ལྟ་གྲུབ་སྨྲ་བ་དང་བསྡུར་ན་ཡང་སྙན་ངག་པར་ཁེ་ཕན་ཡོད་དེ། ལྟ་གྲུབ་སྨྲ་བས་བརྗོད་པ་ཅི་ཙམ་བདེན་ན་ཡང་ལག་ལེན་དངོས་སུ་བསྟར་བྱ་རྒྱུ་དཀའ།
སྙན་ངག་པས་སྙན་འཇེབས་ལྡན་པའི་དཔའ་བོའི་གཏམ་རྒྱུད་སོགས་བརྒྱུད་ནས་ཀློག་པ་པོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་བཀུག་སྟེ། ཕ་རོལ་པར་བརྗོད་མི་ཤེས་པའི་སྤྲོ་སྣང་དང་བཅས་སྙན་ངག་ལ་དུང་བ་རང་བཞིན་གྱིས་སླེབས་པ་དང་སེམས་ལ་བཟང་སྤྱོད་ཀྱི་མཁའ་དབུགས་གསར་བ་ཞིག་བསྐྲུན་ཐུབ།
གསུམ་པ། སྙན་ངག་ནི་ཡང་དག་པའི་བརྩམས་ཆོས་ཤིག་ཡིན་པའི་ར་སྤྲོད་དུ།ཁོང་གིས་འབྲི་སྲོལ་མ་འདྲ་བའི་སྙན་ངག་དག་གཞི་ལ་བཞག་ནས། ཅིའི་ཕྱིར་གཞན་གྱིས་སྙན་ངག་ལ་སྐྱོན་བརྗོད་བྱེད་པ་དང་།དེའི་དགེ་སྐྱོན་ལ་དཔྱད་པ་བྱས་ཏེ། སྤྱང་ཀིས་ཉམ་ཐག་པའི་ལུ་གུ་བསད་པ་ལྟ་བུའི་རྟོག་སྒྲུང་གིས་གདུང་སེམས་བསྐྱེད་ཅིང་། ཟུར་ཟའི་སྙན་ངག་གིས་མིའི་སེམས་ལ་བཅོས་བསྒྱུར་བྱ། དགོད་བྲོ་འཕེལ་བའི་སྙན་ངག་གིས་མིའི་རྒྱུན་ལྡན་མ་ཡིན་པའི་བྱ་སྤྱོད་ལ་འཕྱ་སྨོད་བྱ། མྱ་ངན་གྱི་སྙན་ངག་གིས་མིའི་སེམས་ལ་ཡ་མཚན་དང་སྙིང་རྗེ་ཟུང་དུ་འདྲེན།
མདོར་ན། སྙན་ངག་གིས་འཇིག་རྟེན་འདི་ནི་མི་རྟག་པ་དང་སྡུག་བསྔལ་བའི་རང་བཞིན་ཡིན་པ། དཔེར་ན། རྨང་གཞི་མི་བརྟན་པའི་ཁང་བརྩེགས་ཐོག་ཁེབས་གསེར་གྱིས་ཤན་པ་ལྟ་བུ་ཡིན། དེར་བརྟེན། ཁོང་གིས་བརྟག་དཔྱད་ཅི་ཙམ་བྱས་ཀྱང་སྐྱོན་བརྗོད་བྱེད་པའི་གཞི་ཞིག་མ་རྙེད། གཞས་ཚིག་ཏུ་མང་ཆེ་བ་མིའི་ལེགས་པའི་བྱ་བ་ལ་ཆེས་ཆེར་བསྟོད་བསྔགས་དང་། བླང་དོར་བསླབ་བྱ། མཚམས་རེར་དཀོན་མཆོག་ལ་བསྟོད་པ་བྱས་པ་ལས་གཞན་གང་ཡང་མེད། མཐར་ཁོང་གིས་སྙན་ངག་འབྲི་སྲོལ་ཚང་མའི་ནང་ནས་རྟོག་སྒྲུང་ལ་སྲུང་སྐྱོབ་བྱེད་པ་ནི་ཆེས་གལ་ཆེ་བར་སྣང་ཞེས་བརྗོད།
བཞི་པ། རྩོམ་པ་པོ་སྭ་ཊེབ་སྤུན་གྷོ་སྭན་(StephenGosson) གྱི་དེབ་ཏུ་སྙན་ངག་དང་སྙན་ངག་པར་རྩ་བའི་སྐྱོན་བརྗོད་བཞི་བྱས་ཡོད་དེ།དང་པོ།“སྙན་ངག་གིས་སྙན་ངག་ལས་གཞན་པའི་རིན་ཐང་བྲལ་བའི་ཤེས་བྱ་སྦྱོང་བར་གེགས་བྱེད་པས་ཆུ་ཚོད་ཆུད་ཟོས་སུ་གཏོང་བ”་དང་།གཉིས་པ། “སྙན་ངག་ནི་རྫུན་ཀུན་གྱི་ཨ་མ་ཡིན་པ”། གསུམ་པ། “སྙན་ངག་ནི་ལམ་ལོག་པར་ཁྲིད་དེ་བག་མེད་བྱ་སྤྱོད་ལ་སྤྱོད་དུ་འཇུག་པར་བྱེད་པའི་མ་མ་ལྟ་བུ་”དང་།བཞི་པ། སློབ་དཔོན་པེ་ལ་ཊོ་ཡིས་། “ཁོང་གི་རླབས་ཆེན་གྱི་སྤྱི་མཐུན་རྒྱལ་ཁབ་ནས་སྙན་ངག་མཐར་སྐྲོད་གཏོང་གི་ཡིན་ཞེས་གསུངས་”ཞེས་བརྗོད་པ་ལ། སྐུ་ཞབས་སྤེ་ལྭེབ་སྭེ་ཐེ་ནྭེ་ཡིས་སྙན་ངག་ལ་གོང་གི་རྩ་བའི་སྐྱོན་དང་བྲལ་བའི་ར་སྤྲོད་དུ། དགག་ལན་རྣོ་ངར་ལྡན་པ་བཞི་སྟེ། རྩོམ་རིག་སྒྱུ་རྩལ་གྱི་ཆ་ནས་ཁུངས་དང་ལྡན་ཞིང་དངོས་ཡོད་དང་མཐུན་པ། སྤྲོ་བ་སྟེར་བ་དང་ལྷན་དུ་བཟང་སྤྱོད་ཀྱི་ལམ་དུ་ཞུགས་པར་སེམས་ཤུགས་ཀྱང་སྤེལ་བའི་སྒོ་ནས་བྱས་ཡོད།
དགག་ལན་དང་པོ།
གཅིག་ནས། སྙན་ངག་ནི་ལོ་རབས་དུ་མའི་རིང་ལ་གནས་ཤིང་། སྙན་གྲགས་ཀྱི་བ་དན་དགུང་ལ་བསྒྲེངས་བ་དང་ཀུན་གྱིས་བསྟོད་པའི་ཡུལ་དུ་གྱུར། དཔེར་ན། གནའ་རབས་ཀྱི་རྒྱལ་ཁབ་གྷི་རིའ་སུ་དང་རོ་མན་དུ། སྙན་ངག་ནི་”བྱིས་པ་གསོ་སྐྱོང་བྱེད་པའི་མ་མ་དང་པོ་དང་། འོད་སྣང་སྦྱིན་མཁན་གྱི་ཐོག་མ་”ལ་ངོས་འཛིན་བྱས་ཏེ་སྔོན་འགྲོའི་སློབ་ཚན་དུ་བཞག་ནས་དྲི་མ་བྲལ་བའི་བྱིས་པའི་བློ་ཁ་འབྱེད། དེར་བརྟེན། སྟོབས་ཤུགས་ཅན་གྱི་རྒྱལ་ཁབ་དག་ཏུ་དུ་སྙན་ངག་ལ་དེ་འདྲེའི་མཐོང་ཆེན་བྱེད་ན། དེ་ནི་ཆུ་ཚོད་ཆུད་ཟོས་སུ་གཏོང་བའི་རྒྱུ་ཞིག་མིན་པ་ཀུན་གྱིས་ཤེས་གསལ་ལྟར་རེད།
གཉིས་ནས། སྙན་ངག་བྱུང་བ་ནས་བཟུང་སྙན་ངག་གི་མཚན་སྙན་ཉམས་མ་མྱོང་། དེ་བཞིན་རོ་མན་གྱི་སྤྱི་ཚོགས་ཁྲོད་དུ། སྙན་ངག་པ་ནི་གཞན་དང་མ་འདྲ་བའི་རིག་སྟོབས་ཀྱི་རྩལ་ཡོངས་སུ་རྫོགས་པའི་སྐྱེས་བུ་ཞིག་སྟེ། དེས་མ་འོངས་འབྱུང་འགྱུར་གྱི་དོན་རྟོགས་ཐུབ་པས་ལུང་བསྟན་པ་ཡིན་པའི་ཡིད་ཆེས་དང་བཀུར་བསྟི་བྱེད།དེ་བཞིན་གྷི་རིའི་སུའི་སྤྱི་ཚོགས་སུ་ཡང་སྙན་ངག་པ་ནི་བྱེད་པོ་ཞིག་ལ་ངོས་འཛིན་བྱེད་པས། སྙན་ངག་པ་ནི་ལུང་སྟོན་པ་པོ་དང་བྱེད་པ་པོ་གཉིས་ཀ་ཡིན། དཔེར་ན། གཟའ་སྐར་མཁན་གྱིས་སྐར་མའི་འཁོར་བསྐྱོད་ལ་སྦྱོང་དགོས་ལ། རོལ་མོ་བས་སྒྲ་གདངས་མཐོ་དམའ་བར་གསུམ་ལ་སྦྱོང་དགོས། སྨན་པས་མིའི་གཟུགས་པོའི་དོན་ལྔ་སྣོད་དྲུག་ལ་སྦྱོང་དགོས།འོན་ཀྱང་སྙན་ངག་པ་ལ་ས་མཚམས་མེད་ཅིང་གང་གི་ཁོངས་སུ་ཡང་མི་གཏོགས། སྙན་ངག་པས་རང་གི་རིག་པའི་སྟོབས་དང་རྩལ་ལ་བརྟེན་ནས།འཇིག་རྟེན་གསར་བ་ཞིག་ལ་འཁོར་བསྐྱོད་བྱེད་ཐུབ་པས། སྙན་ངག་པ་ནི་བྱེད་པོའི་ནང་གི་བྱེད་པོ་ཞིག་ཏུ་ངོས་འཛིན་བྱེད་པས། སྙན་ངག་པ་ནི་ཆུ་ཚོད་ཆུད་ཟོས་སུ་གཏོང་མཁན་ཞིག་མིན་པར་ར་སྤྲོད་བྱས།
གསུམ་ནས། ཁོང་གིས་སྔོན་ཆད་ཀྱི་སྙན་ངག་གི་འགྲེལ་བ་སྐད་གྲགས་ཆེ་ཤོས་གཉིས་མཉམ་དུ་བསྡོངས་ནས།གོང་དུ་བརྗོད་པ་བཞིན། ཨ་རེ་སེ་ཊོ་ཊོལ་གྱིས་”སྙན་ངག་ནི་ལད་མོའི་སྒྱུ་རྩལ་ཞིག་ཡིན་པ་”དང་།ཧོ་ར་སེ་ཡིས“སྙན་ངག་ནི་སློབ་གསོ་དང་སྤྲོ་སྣང་སྦྱིན་ནུས་པའི་སྒྱུ་རྩལ་ཞིག་ཡིན་པ།” ཁོང་ལ་མཚོན་ན། དེ་གཉིས་ཀ་ཡིད་ལ་འབབ་ཅིང་། དེ་གཉིས་ཀྱི་ལྟ་གྲུབ་ཕྱོགས་གཅིག་ལ་བསྡུས་ནས་སྙན་ངག་ལ་འགྲེལ་བརྗོད་གསར་བ་ཞིག་བྱས། དེ་ནི་”སྙན་ངག་པས་འཇིག་རྟེན་གྱི་ཕྱིའི་རྣམ་པ་རགས་པར་ལད་ཟློས་བྱས་པ་མ་ཡིན་པར། གསེར་ལྟ་བུའི་འཇིག་རྟེན་གྱི་རིག་པའམ་རྣམ་དཔྱོད་ལ་ལད་ཟློས་བྱ་དགོས་པ་དེ་ཡིན”།(སྙན་ངག་འབྲི་བའི་རིག་པར་ལད་ཟློས་བྱེད་པ་ལས་སྙན་ངག་གི་ལུས་ཇི་ལྟར་འབྲི་བའི་ཚུལ་ལ་དཔེ་བལྟ་རྒྱུ་དེ་མིན།) དེར་བརྟེན་སྙན་ངག་ནི་སྤྲོ་བ་དང་སློབ་གསོ་གཏོང་བའི་རིག་གནས་སྒྱུ་རྩལ་ཞིག་ཡིན་པས། ཆུ་ཚོད་ཆུད་ཟོས་སུ་གཏོང་བྱེད་ཅིག་གཏན་ནས་མིན་པར་རྟོགས་ཐུབ།
དགག་ལན་གཉིས་པ།
ཁོང་གིས་བརྗོད་དོན། སྙན་ངག་པས་དངོས་ཡོད་གནས་ཚུལ་གང་ཡིན་པ་བརྗོད་པས།གཡོ་ཟོལ་གྱི་གཏམ་བརྗོད་པ་ཧ་ཅང་དཀོན་པས།སྙན་ངག་པ་ནི་རྫུན་གྱི་ཨ་མ་ཡིན་མི་སྲིད།
དགག་ལན་གསུམ་པ།
གལ་ཏེ་བརྩེ་དུང་སྙན་ངག་གིས་ལམ་ལོག་པར་ཁྲིད་འགྲོ་ཟེར་ན། ང་ཚོས་ངེས་པར་དུ་ཤེས་དགོས་པ་ནི། མིའི་རྣམ་དཔྱོད་ལོག་པར་བེད་སྤྱོད་བཏང་ནས་སྙན་ངག་ལོག་ལམ་དུ་ཁྲིད་པ་དེ་ནི། མིའི་སྐྱོན་རེད་མ་གཏོགས་སྙན་ངག་གི་སྐྱོན་མིན་པ་ཤེས་དགོས།དེ་བས་ན་སྙན་ངག་ནི་ལོག་ལམ་ལ་ཁྲིད་པའི་མ་མ་དེ་མ་ཡིན། ད་དུང་སྙན་ངག་ནི་དམག་གི་དཔུང་རོགས་ལྟ་བུ་ཡང་ཡིན། དཔེར་ན། སྔོན་ཆད་རྟོག་སྒྲུང་སྨྲ་བ་སྦི་ཏྭར་ཅར་(Plutarch) ལགས་ཀྱིས་ཅི་ཞིག་གསུངས་ཡོད་ཟེར་ན།གནའ་སྔ་མོ་གྷི་རི་སུའི་རྒྱལ་པོ་ཨ་ལི་ཟན་ཊར་(Alexander)དམག་ལ་འགྲོ་སྐབས་རང་གི་དགེ་རྒན་ཨ་རེ་སེ་ཊོ་ཊོལ་ཤུལ་དུ་བསྐྱུར་ནས་སྙན་ངག་པ་ཧོ་མར་ཁྲིད་ནས་འགྲོ་བ་ལྟ་བུ་རེད། རྒྱུ་མཚན་དེ་གཉིས་ཀྱིས་སྙན་ངག་ནི་ལམ་ནོར་ཁྲིད་པའི་མ་མ་དེ་མིན་པ་ཤེས་དགོས།
དགག་ལན་བཞི་པ།
སྙན་ངག་ལ་མི་དགའ་མཁན་གྱིས་སྙན་ངག་ལ་སྐྱོན་བྱས་པའི་དགག་ལན་བཞི་ལས། མཐའ་མ་སྟེ།སློབ་དཔོན་པེ་ལ་ཊོ་ཡིས་། “རླབས་ཆེན་གྱི་སྤྱི་མཐུན་རྒྱལ་ཁབ་ནས་སྙན་པ་མཐར་སྐྲོད་གཏོང་གི་ཡིན་”ཞེས་པའི་དོན་ཚན་དེར། ལན་འདེབས་རིང་ཤོས་གནང་ཡོད། སློབ་དཔོན་པེ་ལ་ཊོ་ཡིས་”རྒྱལ་ཁབ་ནང་གི་སྙན་ངག་ལོག་པར་སྤྱོད་པའི་སྙན་ངག་པ་ཡོང་མི་ཆོག་གསུངས་པ་ལས། སྙན་རྩོམ་ཡོང་མི་ཆོག”ཅེས་གསུངས་མེད། ལྷག་པར་དུ་ང་ཚོས་དྲན་དགོས་པ་ནི། དགག་པ་པོའི་རྩོམ་གྱི་ཆེས་ཐོག་མར། “རིགས་པ་སྨྲ་བ་ཡོངས་ལས་སྙན་ངག་ལ་དགའ་མཁན་ནི་པི་ལ་ཊོ་ཡིན་”ཞེས་བརྗོད་ཡོད།སློབ་དཔོན་པི་ལ་ཊོ་ཡིས་ལད་ཟློས་རྫུན་མ་བྱེད་མཁན་ཀྱི་སྙན་ངག་པ་བཀག་བསྡོམས་བྱེད་པ་ལས་ལད་མོའི་བྱེད་སྟངས་ཉིད་ལ་བཀག་བསྡོམས་བྱེད་ཀྱི་མེད།རྒྱུ་མཚན་དེ་ལ་བརྟེན་ནས།པི་ལ་ཊོ་ཡིས་སྤྱིར་བཏང་གི་སྙན་ངག་པ་མ་ཡིན་པར། ལྷ་མོ་ལ་སོགས་ལ་དགོས་མེད་ཀྱི་དམའ་འབེབ་དང་མཐོང་ཆུང་བྱེད་མཁན་རིགས་ལ་བཀག་བསྡོམས་བྱས་ཡོད།
མ་གཞི་ནས་པི་ལ་ཊོ་ནི་ང་ལས་སྙན་ངག་ལ་མཁས་ཤིང་སྙན་ངག་ལ་འཇུག་བྱེད་ཀྱི་སྟོབས་ཤུགས་ལྟ་བུ་ཡིན་པས་ཁོང་གིས་དེ་ལྟར་བརྗོད་ག་ལ་སྲིད། ཁྱེད་ཚོ་གོ་ལོག་མ་ཐེབས་རོགས། དཔེར་ན།ཁོང་གི་སློབ་དཔོན་ནི་སྙན་ངག་པ་སྭོ་ཀུ་ར་ཐེས་(Socrates)ཡིན་ཞིང་ཁོང་གཤེགས་ཁར་ཨ་སེབ་(Aesop) རྟོག་སྒྲུང་དེ་ཚིགས་བཅད་སྙན་ངག་ཏུ་བྲིས་ཡོད།ཁོང་གི་སློབ་མ་ནི་ཨ་རི་སུ་ཊོ་ཊོལ་ཡིན། ཁོང་གིས་གྲགས་ཅན་གྱི་སྙན་ངག་ཇི་སྙེད་ཅིག་བྲིས་ཡོད། དེར་བརྟེན་ཁོང་གི་དགེ་རྒན་གྱིས་འཆི་ཁ་ལ་ཡང་སྙན་ངག་བློས་མ་བཏང་བ་དང་།དགེ་ཕྲུག་གིས་ཀྱང་སྙན་ངག་བྲིས་པ་ཡིན་ན། པི་ལ་ཊོ་སྙན་ངག་དང་སྙན་ངག་པ་ལ་མི་དགའ་ཞེས་ན་སུས་ཡིད་ཆེས་སམ།
དྲུག་པ། གོང་གི་”སྙན་ངག་སྲོང་སྐྱོབ་བྱེད་”ཅེས་པའི་བརྩམས་ཆོས་འདི་ནི་སྐུ་ཞབས་སྭེ་ཐེ་ནྭེ་ཡིས་དགག་ལན་དོན་ཚན་དགུ་བཅུ་གོ་ལྔ་བྲིས་པའི་སྙིང་བཅུད་ལྟ་བུ་ཡིན།
བསྔགས་པར་འོས་པའི་སྙན་ངག་དག་ནི་བཟང་སྤྱོད་དང་ལྡན་ལ་སྦྱོང་བར་འོས་པས། དེ་ལ་སྐྱོན་བརྗོད་དང་ཉེས་འཛུགས་ཅི་ཙམ་བྱས་ཀྱང་། དེ་ནི་རྫུན་དང་འུར་བརྗོད་ཙམ་དང་ནུས་པ་མེད། སྙིང་དོན་མེད་པའི་སྙན་ངག་དག་ནི། སྤྲེའུ་ལྟ་བུའི་སྙན་ངག་པ་རྫུན་མས་ལད་ཟློས་བྱས་པ་རེད་མ་གཏོགས། སྙན་ངག་པས་བྲིས་པ་ཞིག་མིན་ཏེ། སྙན་ངག་པས་རང་གི་རྣམ་དཔྱོད་ཀྱི་རྩལ་སྤྱད་དེ། རང་གི་འཆར་སྣང་དང་བསམ་བློ་འབྲི་བས་གསར་གཏོད་པ།
མདོར་ན། དབྱིན་ཇིའི་སྐད་ཡིག་འདི་”སྙན་ངག་འབྲི་བར་འོས་པས་ན། དེའི་ཐོག་སྙན་ངག་བྲིས་པ་ཡིན་ན།སྐད་ཡིག་ལ་ཆེ་མཐོང་ཐོབ། ” ཅེས་མཇུག་བསྡུས་སོ།།
རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས་ཤིག
སྐུ་ཞབས་སྤེ་ལྭེབ་སྭེ་ཐེ་ནྭེ་ནི་ཕྱི་ལོ་༡༥༥༤ ཟླ་༡༡ པའི་ཚེས་༣༠ ཉིན་ཀེན་ཊི( kent) རྫོང་ཁོངས་སུ་གཏོགས་པའི་པཎ་ཤྲིར་ཐྭུ་(Penshurst)གྲོང་གསེབ་ཏུ་སྐུ་ཞབས་ཧན་རི་སྭེ་ཐེ་ནྭེ་(Sir Henry Sidney)དང་ལྕམ་མྭ་རེ་ལྡེལེ་( Mary Dudley)གཉིས་ཀྱི་བུ་རུ་སྐྱེས་ཤིང་།ཁོང་གི་མཚན་དེ་སི་པེན་རྒྱལ་པོ་གཉིས་པ་(King Philip II) ལགས་ཀྱི་མཚན་ཐོག་ནས་བཏགས་པ་ཞིག་རེད་འདུག
ཐོག་མར་ཁོང་གིས་སྒེར་གྱི་དགེ་རྒན་བསྟེན་ཞིང་། ཕྱི་ལོ་༡༥༦༤ལོར་ལོ་བཅུ་སོན་པ་དང་ཤྲིར་བྷ་རིའ་སློབ་གྲྭ་(Shrewsbury School ) རུ་སློབ་གཉེར་བྱེད་འགོ་བརྩམས། ཕྱི་ལོ་ ༡༥༦༨ནས་༡༥༧༡ བར་ཨོ་ཁུས་སྤཱོར་ཊི་(Oxfort university) གཙུག་ལག་སློབ་གྲྭའི་ཁོངས་གཏོགས་མཐོ་སློབ་ཁཱུ་རེས་ཅར་ཅུ་(Christ Church)དུ་སློབ་སྦྱོང་གནང་། ཡིན་ན་ཡང་རང་གི་སློབ་སྦྱོང་དེ་འགྲུལ་བཞུད་ཁྲོད་ནས་བྱེད་པའི་ཆེད་དུ། མཐོ་སློབ་ནས་ལག་འཁྱེར་མ་བླངས་བར་གླིང་ཕྲན་ལ་བསྐོར་བསྐྱོད་བྱས་འདུག དཔེར་ན། ཧྥ་རྭན་སིའི་རྒྱལ་ས་པཱ་རི་སུ་(Paris)དང་ནུབ་ཇར་མ་ནིའི་གྲོང་ཁྱེར་སྤི་རན་ཀི་སྤཱོར་ཏི(Frankurt)།ཨེ་ཊི་ལིའི་གྲོང་ཁྱེར་ཝེ་ནཱེ་སྭུ་(Venice)དང་ཨོ་གླིང་གི་རྒྱལ་ས་ཝེའ་ནཱ་(Vienna)སོགས་ལ་བསྐོར་བསྐྱོད་བྱས་འདུག
ཁོང་ཆུང་དུས་ནས་རྣམ་དཔྱོད་ཀྱི་རྩལ་ཡོངས་སུ་རྫོགས་པས་ཚང་མས་བསྟོད་བསྔགས་ཀྱི་མེ་ཏོག་རབ་ཏུ་གཏོར་ཞིང་། རིམ་བཞིན་དབྱིན་ཇིའི་རྒྱལ་མོ་ཨཱ་ལྭ་ལེ་རྫ་བྷི་(Queen Elizabeth)ཡིས་ཁོང་ལ་སྐུ་ཚབ་ཀྱི་གོ་གནས་སྤྲད་ཀྱང་། རྗེས་སུ་ཞེད་སྣང་འཚེར་སྣང་མེད་པར་རྒྱལ་མོའི་གཉེན་སྒྲིག་ལ་ངོ་རྒོལ་དང་ཟུར་ཟའི་སྙན་རྩོམ”་ཟླ་བ་ལྔ་པའི་ལྕམ”(The Lady of may) ཞེས་པ་བྲིས་པས། རྒྱལ་མོ་ཞེ་གཏིང་ནས་ཁོང་ལ་ཞེན་པ་ལོག་པ་བཞིན། ཁོང་གིས་ཀྱང་ཆབ་སྲིད་ཀྱི་བྱ་བ་བསྐྱུར་ནས་རྩོམ་འབྲི་འགོ་བརྩམས། ཕྱི་ལོ་༡༥༨༦ ལོར་”ཡི་ཤུའི་ཆོས་ལུགས་གསར་མ་”སྲུང་སྐྱོབ་ཆེད་དུ་ཨ་ཞང་རཱ་བྷོར་ལྡེལེ་(Robert Dudley)དང་མཉམ་དུ་དམག་འཐབ་ལ་ཞུགས་ཏེ་རྨས་སྐྱོན་ཚབ་ཆེན་ཕོགས། དམག་འཐབ་མཚམས་བཞག་ནས་ཅང་མ་འགོར་བར་ཟླ་༡༠ པའི་ཚེས་༡༧ ཉིན་ཁོང་འཇིག་རྟེན་འདི་ནས་ཁ་བྲལ་བས།ཁོང་ནི་རྒྱལ་སྤྱིའི་དགའ་བོའི་གྲས་སུ་བརྩིས་ཏེ་འདས་མཆོད་ཀྱི་ཆོ་ག་ཕུན་སུམ་ཚོགས་པ་བྱས། ཁོང་གྲོངས་པའི་རྗེས་སུ་གཞི་ནས་ཁོང་གི་བརྩམས་ཆོས་”སྙན་ངག་སྲུང་སྐྱོབ་བྱེད” ཅེས་པ་གཙོས་པའི་བརྩམས་ཆོས་དག་པར་བསྐྲུན་བྱེད་འགོ་བརྩམས་ཤིང་།ཁོང་གི་མཚན་སྙན་ས་སྟེང་ཡོངས་ལ་ཁྱབ་པས་ཁོང་ནི་རྒྱལ་མོ་ཨཱ་ལྭ་ལེ་རྫ་བྷི་(Queen Elizabeth) ཡི་མཚན་ལྡན་རྩོམ་པ་པོའི་གྲས་སུ་གྲགས་སོ། །
(མ་རྩོམ་གྱི་ཐོན་ཁོངས་སྐུ་ཞབས་སྤེ་ལྭེབ་སྭེ་ཐེ་ཡི་སྙན་ངག་སྐྱོབ་པ་ཞེས་པའི་དཔྱད་བརྗོད་སྙིང་བསྡུས་ལས།)
རྔ་བཟའ་མ་ཡི་བོད་ཡིག་གི་འབྲི་རྩལ་ཡར་རྒྱས་ཆེན་པོ་ཕྱིན་འདུག་པས་མ་ཚད། ད་ཆ་ཡིག་སྒྱུར་བ་ཡག་པོ་ཞིག་ཀྱང་འབྱུང་བཞིན་འདུག རྗེས་སུ་ཡི་རངས་དང་འབྲེལ་ཏེ་ངོ་སོ་བསྟོད།