སྒོ་མེ་བ།
ང་ཚོ་བཙན་བྱོལ་དུ་སླེབས་ནས་མི་ལོ་ལྔ་བཅུ་ང་དྲུག་ཕྱིན་པའི་རིང་དེར། ༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་ཤེས་ཡོན་གྱི་ཁོར་ཡུག་བླ་མེད་ཅིག་འཛུགས་སྐྲུན་བྱས་ཡོད་ནའང། ད་དུང་རང་གཞུང་གི་ངོས་ནས་དགོན་སྡེ་ཁག་མ་གཏོགས་རྒྱལ་སྤྱིའི་འགྲོ་ལུགས་དང་མཐུན་པའི་བོད་རང་གི་རིག་གཞུང་ལ་སྡེ་ཚན་དབྱེ་བའི་ཐོག་ནས་འབུམ་རམས་པའི་བར་དུ་སློབ་སྦྱོང་བྱ་སའི་ཁོར་ཡུག་ཅིག་གྲུབ་མེད་པ་མ་ཟད། དབྱིན་ཡིག་ཆེད་སྦྱོང་བྱེད་སའི་ཁོར་ཡུག་ཅིག་ཀྱང་བསྐྲུན་ཐུབ་མེད་པ་རེད། ད་ལྟའི་བར་དུ་རང་རེ་བཙན་བྱོལ་དུ་རང་གི་རིག་གཞུང་ཁོ་ན་སྦྱོང་སའི་མཐོ་སློབ་ཀྱི་མཚན་གནས་ཡོད་པའི་སློབ་གྲྭ་ཁག་བཞི་དང་། དབྱིན་ཡིག་སྦྱོང་སའི་སློབ་གྲྭ་གཅིག་ཡོད། དབྱིན་ཡིག་གི་སློབ་གྲྭ་དེ་ནི་རྡ་རམ་ས་ལའི་<<ཀུན་ཕན་རིག་གནས་སློབ་གྲྭ་>>ཟེར་བའི་སློབ་གྲྭ་ཆུང་ཆུང་དེ་རེད། སློབ་གྲྭ་འདི་ནི་དངོས་སུ་འགོ་བཙུགས་པ་ནས་བཟུང་། བོད་ནས་ཡོང་བའི་རྒྱ་ཡིག་དང་བོད་ཡིག་གི་རྨང་གཞི་སྲ་བརྟན་ཡོད་ཁར་དབྱིན་ཡིག་གི་རང་སྐྱ་མི་འཕེར་མཁན་ཚོ་ལ་ཕན་ཐོག་ཆེན་པོ་བྱུང་སྟེ། བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་ལ་ཐོག་མེད་བཟོས་ཡོད་པ་ཧ་ཅང་མང་།
དེ་མིན་ད་དུང་དབྱིན་ཡིག་གི་ཆུ་ཚད་དམན་པའི་བོད་པའི་མཐོ་སློབ་ཁག་ནས་ཐོན་པའི་སློབ་མ་ཚོར་ཡང་རིག་གཞུང་ཞིབ་འཇུག་ལ་སྐད་ཡིག་གི་རམ་འདེགས་བླ་མེད་གནང་ཡོད་པ་མ་ཟད། དབྱིན་ཡིག་ཆེད་སྦྱང་བྱེད་མཁན་ཚོར་ཡང་རྨང་གཞི་བརྟན་པར་བཞག་ནས་ཐོན་གྱིན་འདུག དེ་བས་འདིར་<<ཀུན་ཕན་རིག་གནས་སློབ་གྲྭ>>ས་ད་བར་དུ་སྤྱི་ཚོགས་དང་མི་རིགས་ལ་བཞག་པའི་བྱས་རྗེས་ཁ་ཤས་གླེང་བར་བྱེད་ན། བཙན་བྱོལ་དུ་ཡོད་པའི་༧སྐུའི་གསུང་བསྒྱུར་བ་བསྟན་འཛིན་རིག་བཟང་ནི་ཀུན་ཕན་རིག་གནས་སློབ་གྲྭ་ནས་ཐོན་པ་རེད། ཁོང་གིས་ད་བར་༧གོང་ས་མཆོག་གི་དབྱིན་དེབ་བཅུ་གྲངས་ཤིག་ཕབ་བསྒྱུར་བྱས་ཡོད་པ་མ་ཟད། ཆེད་དུ་ལོ་ཙཱ་བའི་སྡེ་ཚན་ཞིག་གསར་འཛུགས་བྱས་ནས་སློབ་ཁྲིད་དང་ལམ་སྟོན་བྱེད་མོས་རེད། ད་དུང་སློབ་གྲྭ་དེ་ནས་ཐོན་པའི་བསྒྱུར་རྩོམ་མཁན་འཕྲིན་ལས་རྒྱ་མཚོ་སོགས་ལོ་ཙཱ་བ་ཁ་ཤས་ཐོན་འདུག སློབ་གྲྭ་དེ་ནས་ཐོན་རྗེས་རྒྱ་གར་མཐོ་སློབ་དང་ཕྱི་རྒྱལ་མཐོ་སློབ་ཁག་ལ་ཡིག་རྒྱུགས་བཏང་ནས་མཐོ་སློབ་ཏུ་བསྐྱོད་མཁན་ཡང་མང་པོ་ཡོད་པ་མ་ཟད། བོད་ལ་སོང་ནས་དབྱིན་ཡིག་གི་དགེ་རྒན་དང་ལོ་ཙཱ་བ་བྱེད་མཁན་ཡང་ཉུང་ཉུང་རེད་མི་འདུག དེ་བས་བལྟས་ན་ཧ་ཅང་ཆུང་བའི་སློབ་གྲྭ་འདིས་མི་རིགས་དང་རྒྱལ་ཁབ་ལ་རིག་གནས་ཀྱི་སྲི་ཞུ་བསྒྲུབས་ཡོད་པ་ནི་ཆེ་ཆེ་གྲགས་གྲགས་ཀྱི་རྒྱ་གར་མཐོ་སློབ་ཁག་ནས་ཐོན་པའི་སློབ་མ་ཚོ་ལས་བརྒལ་འདུག
ཡིད་སྐྱོ་བ་ཞིག་ལ་ད་ལོ་ཀུན་ཕན་རིག་གནས་སློབ་གྲྭ་འདི་སྒོ་བརྒྱག་གི་ཡིན་ཚུལ་གྱི་གཏམ་ཡན་ཞིག་འགྲོ་གཞིན་ཡོད་པས། གནད་དོན་ཅི་ཞིག་བྱུང་མིན་དང་འགག་རྐྱེན་གང་ལ་ཐུག་མིན་ཅི་ཡང་མ་ཤེས་མོད། གང་ལྟར་རང་ཉིད་ཀྱིས<<རེ་བ་ཅན་ལ་རེ་སྐུལ་>>ཟེར་བའི་སྐད་ཆ་ཐུང་ཐུང་ཞིག་བཤད་ན་འདོད་པ་ནི། སྤྱིར་ཚོགས་པ་གང་ཞིག་ཡིན་ནའང་དེ་ལ་ཕྱོགས་གང་ཐད་ནས་དཀའ་ངལ་སྣ་ཚོགས་ཤིག་ཡོད་པ་ནི་སྨྲས་མ་དགོས་པའི་ཐོག ཀུན་ཕན་རིག་གནས་སློབ་གྲྭ་ལྟ་བུ་ལ་མཚོན་ན་ཚོགས་པ་གཞན་དང་མི་འདྲ་བར་ཕྱོགས་གང་ཐད་ནས་མཐུན་རྐྱེན་ལེགས་བསྒྲུབ་བྱེད་ཀྱིན་ཡོད་པས་དཀའ་ངལ་ཡོད་པ་ནི་ཨ་ཅང་ཅང་རེད།
ཡིན་ནའང་ལྷག་བསམ་ཅན་གྱིས་བྱས་རྗེས་ལ་དཔོག་པའི་གྲུབ་འབྲས་ཀྱང་དེ་ལྟར་ཐོན་ཡོད་ན་དེ་ལ་གནོང་འགྱོད་ཀྱི་ལས་ཅི་ཡང་མི་བྱེད་པ་ནི་ཆོས་ཉིད་འཁུམ་པས་ན། ད་ལོ་ཡང་ས་རཱ་མཐོ་སློབ་དང་ཏཱ་ལའི་བླ་མ་མཐོ་སློབ། ནོར་གླིང་མཐོ་སློབ་སོགས་ནས་རིག་གནས་རབ་འབྱམས་པ་དང་ཞིབ་འཇུག་ཐོན་མཁན་གྱི་སློབ་བུ་འགའ་དང་། གཞན་ད་དུང་དབྱིན་ཡིག་གི་རང་སྐྱ་མི་འཕེར་མཁན་འགའ་བཅས་སློབ་མ་ཉི་ཤུ་ཁ་གྲངས་ཤིག་གིས་འཛུལ་འཆར་བྱེད་ཀྱིན་ཡོད་ནའང་། སློབ་གྲྭ་དེ་སྒོ་བརྒྱག་རྒྱུ་ཡིན་ཚུལ་གྱི་གཏམ་ཡན་ཞིག་གོ་ཡོད་པས་ཚང་མ་ཡིད་སེམས་ཕམ་ནས་ག་རེ་ཐག་གཅོད་བྱུང་མིན་གྱི་གསལ་བརྡ་ཞིག་དང་མཉམ་དུ་ཁ་གཡང་ཞིག་ལ་རེ་སྒུག་བྱེད་བཞིན་འདུག།
སྤྱི་ལོ་༢༠༡༧ ལོའི་ཟླ་༣ ཚེས་ ༢༤ ཉིན་སྒོ་མེ་བས་བྲིས།
“སྒོ་མེ་བ་”ལགས་ནས་བསམ་ཚུལ་ཧ་ཅང་གི་ཡག་པོ་གསུངས་འདུག རྒྱལ་ཁབ་ཅིག་ངོས་ནས་བསམ་བློ་བཏང་པ་ཡིན་ནའང་འདྲ། མི་རིགས་ཤིག་གི་ངོས་ཐད་ནས་བསམ་བློ་བཏང་པ་ཡིན་ནའང་འདྲ། ཕན་ཐོག་ཅན་གྱི་ཤེས་ཡོན་སྦྱང་སའི་ཁོར་ཡུག་གམ་སློབ་གྲྭ་ཞིག་གི་སྒོ་རྒྱག་རྒྱུ་རེད་ཟེར་ཡོང་དུས། རྒྱལ་ཁབ་དེ་དང་མི་རིགས་དེ་ལ་ཁ་གསབ་མི་ཐུབ་པའི་གྱོང་རྒུད་ཆེན་པོ་ཞིག་ཐེབས་ཡོང་གི་ཡོད་པ་མངོན་གསལ་རེད། དེའི་ཕྱིར། <>འདི་ད་དུང་མུ་མཐུད་ནས་གནས་ཐུབ་མིན་དེ་སློབ་གླིང་དེའི་གཙོ་སྐྱོང་པ་རྣམ་པ་དང་སྦྱིན་བདག་རྣམ་པར་ཐུག་ཡོད་པས། སློབ་གླིང་འདི་མུ་མཐུད་དེ་ད་དུང་གནས་ཐུབ་པའི་རེ་བ་ཡོད། གང་ཡིན་ཞེ་ན་སློབ་གླིང་འདིས་ང་ཚོ་ལ་ཕན་ཆེན་པོ་ཞིག་ཐོག་གི་ཡོད་པས་སོ།།
༢༠༡༧/༣/༢༥/