བསམ་གླིང་ཚེ་རིང་ལྷ་མོ།
དེང་གི་བསྐལ་པ་སྙིང་མ་འབར་བའི་རང་མདངས་འདྲ་མིན་ཤར་བའི་དུས།།
འཇིག་རྟེན་འདིི་ན་འོད་ཀྱི་ཕུང་པོའི་ནོར་བུ་ཆུ་ཤེལ་དབང་པོ་གང་།།
ས་སྟེང་གཙུག་གི་རྒྱལ་མཚན་མཐོན་པོར་འགྲེང་བར་འདོད་པའི་རྒྱལ་པོས་ཀྱང་།།
བཀུར་སྟི་ཞབས་ཏོག་བརྒྱ་ཡིས་མཆོད་པའི་༸ཡིད་བཞིན་ནོར་བུ་༸གཙུག་ན་རྒྱལ།།
འདི་སྣང་འཇིག་རྟེན་མགོན་དང་དཔུང་གཉེན་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གང་།།
སྲིད་པ་གསུམ་གྱི་འགྲོ་བའི་༸མགོན་སྐྱབས་༸པདྨ་དཀར་པོའི་ཕྱག་མཚན་ཅན།།
འདི་ཕྱིའི་འདྲེན་པ་མི་ཡི་གཟུགས་སུ་སྙིང་རྗེའི་མཐུ་ལས་ལེགས་བྱོན་ཏེ།།
མཁའ་དབྱིངས་རྒྱུ་སྐར་རྒྱལ་པོ་བཞིན་དུ་མཁས་མང་དོ་ཤལ་བྱེ་བས་བསྐོར།།
སྐུ་ཡིམཚན་བཟང་མཇལ་བ་ཙམ་གྱིས་དད་པའི་སྤུ་ལོང་རབ་ཏུ་གཡོས།།
གཞན་ཡུལ་འགྲིམ་པའི་དཀའ་སྡུག་ཁྲི་ཁྲག་དོན་ལྡན་དགེ་བའི་ལས་ལ་སྦྱར།།
ལུས་སེམས་གདུང་བའི་ཁུར་གྱིས་ལྗིད་རྣམས་བྱིན་ཆེའི་གསུང་གི་བདུད་བརྩིས་སེལ།།
གང་གི་ཚད་མེད་ཐུགས་རྗེའི་བྱིན་ལས་བདག་ཅག་དེང་འདིར་བདེ་ལེགས་ཐོབ།།
ཟླ་བ་འབུམ་གྱི་འོད་ལྟར་བཀྲ་ཞིང་བསིལ་བས་ནད་ཆེན་འཇོམས་མཛད་པ།།
༸སངས་རྒྱས༸་བྱེ་བ་དུང་ཕྱུར་ལས་ལྷག་༸བསྟན་འཛིན་རྒྱ་མཚོ་༸གང་ཉིད་ལགས།།
གངས་ཅན་དམུ་རྒོད་འདུལ་བའི་དྲིན་ཆེན་འཛམ་གླིང་སྤྱི་ཡི་རྒྱན་དུའང་ཆེ།།
ཐུགས་རྗེའི་བྱིན་རླབས་དྲོན་མོའི་འོག་ནས་བདག་ཅག་ནམ་ཡང་མི་བྲལ་ཤོག།།
རོལ་མོའི་བྱེ་བྲག་སྟོང་གིས་བསྟོད་ཀྱང་བསྟོད་མི་ཚར་བའི་མཛད་ཆེན་བསྐྱངས།།
གངས་ཅན་བོད་མིའི་དཀའ་སྡུག་དུ་མ་ཞི་བའི་ཐུགས་བརྩེས་གསོ་བར་མཛད།།
ལམ་མེད་འཁྱམ་པའི་མུ་ཏོ་བ་རྣམས་སྡོད་པའི་གནས་དང་འགྲོ་བའི་ལམ།།
རེ་རེའང་མི་ཚེ་དོན་དང་ལྡན་ཕྱིར་བྱམས་པའི་མཛད་པས་མཁོ་མགུ་སྦྱིན།།
ཐུབ་པའི་རིང་ལུགས་དྲི་མེད་འཁྲུལ་བྲལ་འཛམ་གླིང་ཀུན་ཏུ་གསལ་མཛད་པ།།
དེ་འཛིན་མཁས་པའི་གཞུང་ལུགས་འཛིན་རྣམས་ཐེ་ཚོམ་དྲི་མ་ཡོད་དགུ་སེལ།།
གཞུང་བརྒྱའི་གནས་ཀུན་ཕྱག་སྲོལ་ཇི་བཞིན་གསལ་མཛད་གངས་ཁྲོད་ཉི་འོད་བཞིན།།
མཁས་མང་འདུལ་བའི་དཀྱིལ་འཁོར་ཀློང་དུ་བསྟན་འཛིན་སྐྱེས་བུས་བྱུར་བུར་བལྟམས།།
ཨེ་མ་སྤྱན་རས་གཟིགས་དབང་ཁྱེད་ཀྱིས་མ་མཁྱེན་ཆོས་ཤིག་སྟོང་པས་ན།།
དམག་འཁྲུག་མཚོན་ཆའི་མཆེ་སྡེར་དྲག་པོ་གང་གིས་གྱང་རིང་ཡུལ་དུ་བསྐྲད།།
གོ་ལའི་དམ་ལྡན་[1]སྐྱེ་བོ་ཀུན་གྱིས་གསུང་གི་བདུད་བརྩིའི་རོ་མཆོག་མྱངས།།
གཏན་བདེའི་བྱང་ཆུབ་ཐར་ལམ་སྟེར་བའི་དེད་དཔོན་སྲིད་ན་དཀོན་གང་རྒྱལ།།
[1] དམ་ལྡན། དད་པ་ཡོད་མེད་ལ་མི་ལྟོས་པར་དམ་ཚིག་དང་ལྡན་པ།
༄༅། བསམ་གླིང་ཚེ་རིང་ལྷ་མོས་བསྟོད་ཕུལ་གནང་བ་དེ་ལ་ང་ཡང་ཁྱེད་ལ་རང་
བཞིན་གྱིས་དགའ་མོས་སྐྱེས་སོང་བ་ཐུགས་རྗེ་ཆེ།
༄༅།་ཡར་འགྲོ་སྤྲིན་དཀར་གྱི་ཕུང་པོ། ལྷོ་ཕྱོགས་རྒྱ་གར་ལ་ཕེབས་ན།
ང་ཡི་དྲིན་ཅན་གྱི་ལྷ་མར་། ཡིད་སྐྱོའི་ཞུ་སྙན་ཞིག་འབུལ་རོགས།
ས་མཐའ་རྒྱང་རིང་གི་ཡུལ་ལ། མི་རིགས་སྐྱ་སེར་གྱི་ཚོགས་ལ།
ལེགས་བཤད་བླང་འདོར་གྱི་བསླབ་བྱ། ཉིན་མཚན་ལྟོས་མེད་དུ་གནང་ནས།
སྐུ་ཁམས་བདེ་ཐང་དུ་ཡིན་ནམ།
སྒོ་གསུམ་གུས་པ་ཡི་ཆེན་པོས། བཀའ་དྲིན་བླ་མེད་དུ་ཆེ་ཞུ།
ང་ཚོ་གངས་ལྗོངས་ཀྱི་བོད་མིས། སེམས་ནང་བརྗེད་ཐབས་ནི་མེད་དོ།
ནམ་ཡང་ཐུགས་བརྕེ་ཡི་འཛིན་རོགས།
བསམ་གླིང་བུ་མོ་བྱོན་པ་ལེགས། སྙན་ངག་བདུད་རྩི་བསྐྱིལ་བ་ལེགས།
བསམ་གླིང་ལྷ་མོས་བོད་སྐད་རྒྱལ་མཚན་སྒྲེང་བར་འདོད་སེམས་ཀྱིས།
སྙན་དངགས་ལམ་ནས་བོད་ཀྱི་རྣམ་འདྲེན་ཆེན་པོར་བསྟོད་ཚིག་མེ་ཏོག་ཕུལ།
སྙན་རྩོམ་མེ་ཏོག་འདི་ཡིས་ལྷ་མོ་དབེན་པར་མ་བཞུགས་ཁ་བརྡ་རུ།
ཡུན་རིངས་ཤིག་ནས་ཕེབས་པའི་ཉི་གཞོན་ཟེར་གྱིས་ཀློག་པའི་པདྨ་བཞད། །
་
བོད་ཡིག་སྲུང་ཕྱིར་མིང་ཚིག་དག་པར་རང་རེ་ཀུན་ལ་་རྣམ་དཔྱོད་དགོས། དེ་ཡང་།
་
ལུས་སེམས་གདུང་བའི་ཁུར་གྱིས་ལྗིད་རྣམས་བྱིན་ཆེའི་གསུང་གི་བདུད་བརྩིས་སེལ།།
ཁུར་གྱིས་ལྗིད་རྣམས། བྱེད་སྒྲའམ་འབྲེལ་གང་དགོས་བརྟག་བྱ་ལས། ཁོ་བོས་འབྲེལ་སྒྲ་དགོས་པར་སེམས།
ལྕིད། ཅེས་པ་གྱུར་ནས། ལྗིད། ཅེས་ཆགས་པར་སེམས། ལྕི་བ་དང་ཡང་བ་གཉིས། བསྡུས་གྲྭ་ན་ཡོད།
མུ་ཏོ་བ། མུ་ལྟོ་བ། ཞེས་པའི་ཁྱད་པར་ཤེས་པར་ཡི་གེ་རེ་རེ་བཞིན་བོས་ཏེ། སྦྱོར་ཀློག་དགོས་པ་གལ་ཆེ་བར་མཐོང་།
འགྲེང་། སྒྲེང་། དང་པོ་དེ་ཡུལ་མེད་དང་། ཕྱི་མ་དེ་ཡུལ་ཡོད་བྱ་ཚིག་ཏུ་འདོད།
གྱང་། ས་ལས་བཟོས་པའི་རྩིག་པ་མཐུག་པོ་དང་། རྒྱང་། ཞེས་པ། བར་ཐག་གི་ཚད། ཅེས་བོད་རྒྱ་ཚིག་མཛོད་ན་གསལ། བལྟམས། ཞེས་པར་དག་ཡིག་ཟ་མ་ཏོག་ཏུ། གང་བའི་དོན་ཏེ། གཏམས། ཞེས་པའང་། འཐད་། ཅེས་གསུངས་ཀྱང་། ལེགས་པར་གང་བའི་དོན་ལ། ངག་སྒྲོན་དུ། ཡོངས་གཏམས། ཞེས་གསུངས།
སྤྱིར་ན། བལྟམས་པ། འཁྲུངས་པའི་དོན་དུ་འབྱུང་བས། བྱ་ཚིག་འདི་ཡི། ད་ལྟ་འདས་མ་འོངས་སྐུལ་ཚིག་བཅས་པ་ལ་མི་འདྲ་བའི་ཁྱད་པར་དེ་དག་མཁྱེན་མཁན་འདྲ་བཞུགས་སམ།
ཡིག་ནོར་དག་ལ་ཞུས་དག་མཛད་ན། བོད་ཡིག་ལ་ཕན་ནོ།
ལྷན་རྒྱས་ལ་ཕེབས་བསུ་ཞུ།
རྒན་བློ་བཟང་འཇམ་དཔལ་ལགས།
མ་མཇལ་ཡུན་རིང་སྐུ་ཁམས་བཟང་།
དག་བཅོས་གནང་བར་བཀའ་དྲིན་ཆེ།
བལྟམས།
བྱ་བྱེད་ཐ་མི་ཐད་པ། སྐུུ་བལྟམས་ཟིན། བལྟམས་བཞིན། བལྟམས་རྒྱུ། སྐུལ་ཚིག་མེད།
གཏམ།
ཐ་དད་པ། གཏམ་བཤད་གཏམས་ཟིན། གཏམ་བཞིན། གཏམ་རྒྱུ། གཏོམས་ཤིག
བསམ་གླིང་ཚེ་རིང་ལྷ་མོའི་སྙན་འཇེབས་ལྡན་པའི་བསྟོད་ཚིག་ལ་བསྟོད་དོ།། རང་གི་དད་དམ་གཡོ་མེད་ལ་བསྟོད་དོ།།