༄༅། །བརྟག་ཐབས་རིག་པའི་རྒྱལ་ཡོངས་ཚོགས་འདུའི་སྒོ་འབྱེད་གཏམ་བཤད།
གསོ་རིག་སློབ་དཔོན་རག་རྡོ་བློ་བཟང་བསྟན་འཛིན།
དེའང་རྒྱ་གར་འཕགས་པའི་ཡུལ་ནི་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ཅིང་། ཆེས་སྔ་མོ་ནས་ཆོས་དང་རིག་གཞུང་སོགས་ཀྱི་འབྲེལ་བ་ཐུན་མོང་མ་ཡིན་པ་ཡོད་པ་མ་ཟད། དེང་གི་དུས་སུའང་བོད་ཀྱི་ཆོས་དང་རིག་གཞུང་འཚོ་འཆིའི་འགག་རྩའི་དུས་རབས་འཕོ་འགྱུར་གྱི་གཉན་འཕྲང་རིང་པོའི་ཁྲོད་དུ་བོད་མི་རིགས་རིག་གཞུང་དང་བཅས་པར་སྲོག་གི་ཆད་མཐུད་བྱེད་པོ་བཀའ་དྲིན་འཁོར་མཐའ་བྲལ་བའི་བྱམས་བརྩེའི་དྲོ་སྐྱིད་ཅན་གྱི་ཕ་ཡུལ་གཉིས་པ་ཡིན།
རྒྱལ་ཁབ་ཆེན་པོ་དེར་འཛམ་བུ་གླིང་འདིར་སྲིད་པའི་ཆོས་ལུགས་གྲུབ་མཐའི་ལྟ་གྲུབ་མི་འདྲ་བ་རྣམས་དང་། ལེགས་བྱང་དང་རིགས་གཞུང་མི་འདྲ་བ་དུ་མ་ལྷན་ཅིག་ཏུ་འཚོ་གནས་ ཐུབ་པ་མ་ཟད། ཕན་ཚུན་བརྩི་བཀུར་གཞོགས་འདེགས་བྱེད་པའི་རང་གཤིས་རང་བྱུང་ལྷན་སྐྱེས་སུ་ཡོད་པའི་ངོ་མཚར་རྨད་དུ་བྱུང་བ་དང་། འཛམ་གླིང་ཡོངས་ཀྱི་མིག་དཔེར་འོས་པ་ རྒྱལ་ཁབ་དེར་ཕུན་སུམ་ཚོགས་པའི་རིག་གནས་སྣ་ཚོགས་ཤིག་ཡོད་པའི་ཁྲོད་ནས་སྐྱེ་རྒུ་རྣམས་ཀྱི་དོན་དུ་གཉེར་བྱ་གཅིག་པུར་གྱུར་པ་བདེ་ཐང་དང་སྨན་བཅོས་ཀྱི་རིག་པ་ཁོ་ན་ལའང་དེའི་ལག་ལེན་དང་རིག་པའི་གཞུང་ལུགས་མི་འདྲ་བ་དུ་མ་ཡོད་ཅིང་། དེ་དག་གིས་དངོས་སུ་རྒྱལ་ཁབ་ཀྱི་ཆབ་འབངས་ཀྱི་འཕྲོད་བསྟེན་ལ་ཞབས་འདེགས་སྒྲུབ་བཞིན་པ་རྣམས་ལས་ དེ་རིང་འདིར་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གིས་གསོ་བ་རིག་པ་དང་། ཚེའི་རིག་བྱེད། ཡུ་ན་ནི། སིདྡྷ། ཧོ་མོ་པེ་ཐཱི་བཅས་ཡོངས་སུ་གྲགས་པའི་སྲོལ་རྒྱུན་གྱི་སྨན་བཅོས་ སམ་བདེ་ཐང་འཕྲོད་བསྟེན་གྱི་རིག་པ་རྣམས་ལྷན་དུ་དེ་དག་སོ་སོའི་དམིགས་བསལ་ནད་ཀྱི་བརྟག་ཐབས་རིག་པར་རྒྱལ་ཡོངས་རང་བཞིན་ཅན་གྱི་མཁས་པའི་བགྲོ་གླེང་ཚོགས་འདུ་སྐོང་ཚོགས་བྱས་པ་འདི་ནི་སྲོལ་རྒྱུན་འཕྲོད་བསྟེན་རིག་པ་དེ་དག་གི་རིག་པའི་གཞུང་ལུགས་རྣམས་ཕན་ཚུན་ཤེས་རྟོགས་དང་། ལྷག་པར་ནད་གཞི་ངོ་མ་ཇི་བཞིན་མ་ཤེས་ན་སྨན་བཅོས་ཀྱི་ ཡོ་བྱད་དང་ལག་རྩལ་གྱི་ཆུ་ཚད་ཇི་ཙམ་མཐོ་ཞིང་སྤྱོད་ཀྱང་སྨན་བཅོས་གནད་དུ་མི་འགྲོ་བ་མ་ཟད་དམན་ལྷག་ལོག་སྐྱོན་གྱིས་ནད་གཞི་གསར་པ་དུ་མར་འགྱུར་བ་དང་། དེ་ལྟ་ནའང་ དེང་དུས་ཀྱི་ཚན་རིག་འཕྲུལ་ཐབས་རྩེ་མོར་སོང་ཞིང་བརྟག་ཞིབ་ཁང་མེད་སའི་ཡུལ་གྲུ་བཙལ་ཀྱང་མི་བརྙེས་པས་གནའ་རབས་སྲོལ་རྒྱུན་གཞུང་ལུགས་ཀྱི་བརྟག་ཐབས་རྣམས་ལ་དགོས་པ་མེད་དོ་སྙམ་ཡང་། སྲོལ་རྒྱུན་སྨན་བཅོས་རྣམས་ཀྱིས་འཛམ་གླིང་གི་འགྲོ་བ་དུ་མ་དང་། ལྷག་པར་བཅོས་རྡུགས་ཀྱི་ནད་ངན་མང་པོར་ཕན་ཐོགས་ཡོད་པ་མངོན་སུམ་ཚད་མར་གྱུར་པ་དང་། འགའ་ཞིག་དེང་དུས་ཀྱི་བརྟག་ཐབས་སྤྱད་དེ་ཚེའི་རིག་བྱེད་སོགས་སྲོལ་རྒྱུན་གྱི་སྨན་འབོགས་ཀྱང་དེ་གཉིས་ནི་ནད་དང་སྨན་གྱི་ལྟ་གྲུབ་གཞི་རྩའི་ཆ་ནས་ཐ་དད་ཡིན་པའི་ཕྱིར་ཡ་མ་ཟུང་ དང་། ར་མགོ་ལུག་སྦྱོར་དུ་གྱུར་བ་མ་ཟད་སྨན་བཅོས་གནད་དུ་འགྲོ་བ་ཡང་མི་སྲིད་པས་བརྟག་ཐབས་རིག་པ་དེང་དུས་ལ་རེ་བའི་ནང་གི་མྱོས་རྫས་སྤངས་ཏེ་དྲི་མ་མེད་པའི་སྲོལ་རྒྱུན་
སྨན་བཅོས་འཕྲོད་བསྟེན་རིག་པ་རྣམས་ཀྱི་ཆ་ཤས་ཙམ་ཡང་མི་ཉམས་རྒྱུན་འཛིན་དང་། མཁས་པ་སོ་སོའི་ཉམས་མྱོང་གི་གོ་རྟོགས་སྤེལ་རེས་དང་། རྒྱུས་ལོན་གཏིང་ཟབ་བྱས་ཏེ་
གང་ཟག་གཅིག་གི་ནད་ཀྱི་ཟུག་རྔུ་ཞི་བ་དང་། བདེ་ཐང་རྒྱུན་སྐྱོང་དང་། ཡར་རྒྱས་བཅས་ཀྱི་ཆེད་དུ་སྨན་བཅོས་ཀྱི་རིག་གཞུང་མི་འདྲ་བ་རྣམས་འགལ་མེད་གྲུ་བཞི་ལམ་དུ་ ཁྱེར་ཤིང་མཁས་པ་དང་། བྱམས་པ་དང་སྙིང་རྗེས་རྒྱུད་རླན་པའི་འཚོ་བྱེད་སྨན་པ་དུ་མ་ཞིག་འཛམ་བུ་གླིང་གི་འགྲོ་བ་རྣམས་ཀྱི་དཔལ་དུ་ཡོང་བའི་དོན་དུ་ཡིན།
བོད་ཀྱི་ལོ་རྒྱུས་ལྟར་ན་འདི་འདྲ་བའི་ཉམས་མྱོང་སྤེལ་རེས་ཀྱི་ཚོགས་འདུ་ཞིག་བོད་བཙན་པོའི་དུས་རབས་(༧-༨)སུ་བྱུང་ཡོད་ཅིང་། བོད་ཀྱི་བཙན་པོས། ལུགས་ཆེན་གསུམ་པོའི་ཚུལ་དག་(རྒྱ་གར། རྒྱ་ནག གྷི་རི་སེའི་)མ་རྟོགས་ན། ། སྨན་པ་མཁས་པའི་གྲལ་དུ་མི་ཚུད་དེ། །བར་སྣང་མཁའ་ལ་མཐོ་ཡིས་སྙབ་པ་བཞིན། །ཞེས་བོད་ཀྱི་སྨན་པ་རྣམས་ལ་བོད་ཀྱི་གསོ་བ་རིག་པའི་ལག་ལེན་དང་རིག་པའི་གཞུང་ལུགས་ཙམ་ཤེས་པས་མི་ཕན་པར་དེའི་སྟེང་དུ་ལུགས་ཆེན་གསུམ་ཤེས་དགོས་ཤིང་། དེ་དག་མ་ཤེས་ན་ཚད་ལྡན་སྨན་པའི་གྲལ་དུ་མི་ཚུད་ཅིང་ཁྲིམས་མཐུན་གྱི་སྨན་པ་མིན་པར་བཅས་པ་མཛད་པའི་སྲོལ་རྒྱུན་གྱི་རྒྱུན་སྐྱོང་བ་ཞིག་ཀྱང་ཡིན།
གསོ་བ་རིག་པ།
འཛམ་གླིང་གི་གཙུག་ཏོར་དུ་གནས་པའི་བོད་ཀྱི་ཡུལ་ནི་ལྷོ་ཤར་ཨེ་ཤའི་ཡུལ་གྲུར་འབབ་པའི་ཆུ་ཀླུང་ཆེན་པོ་རྣམས་ཀྱི་འབྱུང་ཁུངས་དང་། འགྲོ་བ་མིའི་ དཔལ་ཡོན་འབྱུང་སྔ་ཤོས་ཡིན་པ་མ་ཟད་གླིང་ཆེན་དེའི་རིག་གནས་ཀྱི་ཐོག་མའི་འབྱུང་ཁུངས་ལྟ་བུ་ཡིན། གནས་དེར་འགྲོ་བ་མིའི་དཔལ་ཡོན་དར་བའི་རྒྱུད་རིམ་རིང་པོའི་ཁྲོད་ནས་ རིམ་པར་དར་བའི་ཆོས་དང་ལེགས་བྱང་དུ་མ་ཞིག་ཡོད་པ་ལས་བོད་ཀྱི་གསོ་བ་རིག་པ་ནི་དེའི་ཡ་གྱལ་ཞིག་རེད། དེའང་སྤྱི་ཚོགས་ཚན་རིག་གི་ལོ་རྒྱུས་སྨྲ་བའི་ལྟ་ཚུལ་ལྟར་ན་མི་དང་། ནད། སྨན་བཅོས་གསུམ་ནི་མཉམ་ཆགས་མཉམ་གནས་ཡིན་པར་འདོད་ཅིང་། བོད་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ནད་ལ་སྔ་བ་མ་ཞུ་བ་དང་། སྨན་ལ་སྔ་བ་ཆུ་ཁོལ། ནད་པ་ལ་སྔ་བ་སྐྱེས་བུ། སྨན་པ་ལ་སྔ་བ་མེས་པོ་ཞེས་པ་ནི་ལོ་རྒྱུས་ཚན་རིག་གི་ལྟ་བ་དང་མཐུན་པའི་གསོ་རིག་འཕེལ་རིམ་གྱི་ལོ་རྒྱུས་ཀྱི་སྡོམ་ཚིགས་ཤིག་ཡིན།
དེའང་བོད་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་རྒྱལ་རབས་དེབ་ཐེར་དུ་བཀོད་པ་ལྟར་ན་བོད་ཀྱི་གསོ་བ་རིག་པའི་ཐོག་མའི་སྟོན་པ་གཤེན་རབ་མི་བོ་ཆེ་ནི་སྤྱི་ལོའི་སྔོན་གྱི་ལོ་སྟོང་ཕྲག་བཅུ་ཙམ་ལ་ཕེབས་པར་བཤད་པ་ནི་བྱུང་བ་ངོ་མ་ཡིན་པའི་སྒྲུབ་བྱེད་གནའ་ཤུལ་དང་གནའ་རྫས་ཀྱི་དཔང་རྟགས་ཁུངས་ཐུབ་དུ་མ་ཡོད་པ་ཡིན། དེས་ན་བོད་ཀྱི་གསོ་བ་རིག་པ་ནི་འཛམ་གླིང་འདིར་ འཚོ་གནས་ཡོད་པའི་གནའ་རབས་སྲོལ་རྒྱུན་གྱི་སྨན་བཅོས་རིག་པ་ཆེན་པོ་བཞིར་གྲགས་པའི་ཡ་གྱལ་ཡིན་ཅིང་། དེ་ལྟར་ཆེས་སྔ་བའི་དུས་རབས་ནས་མགོ་ཚུགས་ནས་ད་ལྟའི་བར་ ལག་ལེན་དང་བརྒྱུད་རིམ་ཟམ་མ་ཆད་པ་མ་ཟད། དུས་རབས་ཀྱི་འགྱུར་འགྲོས་དང་མཐུན་པར་རིག་པའི་གཞུང་ལུགས་དང་ལག་ལེན་རྣམས་ཡར་རྒྱས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་དང་། དུས་རབས་ཉེར་གཅིག་པ་ཚན་རིག་འཕྲུལ་ཐབས་ཀྱི་དུས་རབས་འདིར་ཡང་ཤར་ནུབ་ཀྱི་རྒྱལ་ཁབ་དུ་མའི་གཙུག་ལག་སློབ་གཉེར་ཁང་དང་། ཉམས་ཞིབ་ཀྱི་སྡེ་ཚན་དུ་མར་ཉམས་ཞིབ་ དང་སློབ་གཉེར་བྱེད་བཞིན་པ་མ་ཟད། རྒྱ་གར་དང་། རྒྱ་ནག བལ་པོ། འབྲུག སོག་པོ་སོགས་རྒྱལ་ཁབ་དུ་མའི་ཁྲིམས་ཐོག་ནས་ངོས་ལེན་ཐོབ་པ་དང་། གོང་སྨོས་རྒྱལ་ཁབ་རྣམས་ཀྱི་ མི་དམངས་ཀྱི་བདེ་ཐང་དང་འཕྲོད་བསྟེན་ལ་དོན་ངོ་མའི་ཕན་ཐོགས་ཅན་གྱི་རིག་པའི་གཞུང་ལུགས་དང་ལག་ལེན་གྱི་ཆ་ཤས་ཡོངས་སུ་རྫོགས་པའི་གསོ་ཐབས་ཀྱི་རིག་པ་ཞིག་ཡིན།།
རྟགས་ཀྱིས་ནད་རྟོགས་པའི་རིགས་པ།
གསོ་བ་རིག་པའི་བརྗོད་བྱ་མཐའ་དག་ལུས་ནད་གཉེན་པོ་གསུམ་དུ་འདུ་བ་དང་། གཉེན་པོ་ལ་དངོས་དང་། ནད་དང་གཉེན་པོ་ཇི་ལྟར་སྤྲོད་ཚུལ་གཉིས་སུ་གཏོགས་ཤིང་། དེ་ནི་སྨན་བཅོས་དང་གསོ་ཐབས་ཀྱི་རིག་པ་ཐམས་ཅད་ཀྱི་གདམས་ངག་དང་ཤེས་རབ་ཀྱི་སྙིང་པོ་ཡིན། དེ་ལའང་མདའ་རྡེག་པར་འབེན་མཐོང་དགོས་པ་བཞིན་ཐོག་མར་ གཉེན་པོ་གང་ལ་སྤྲོད་པའི་ནད་ཀྱི་གནས་ལུགས་སམ་ཡིན་ཚུལ་ཇི་ལྟ་བ་བཞིན་རྟོགས་དགོས་ཤིང་། དེ་རྟོགས་ཐབས་ལ་བརྟག་ཐབས་ཀྱི་རིག་པ་བྱ་བ་ཡིན།
དེའང་ནད་དེས་གནོད་བྱ་ལ་ཇི་ཙམ་གནོད་པ་དང་། ཇི་ལྟར་གནོད་པ་སོགས་ནི་འཕགས་ལམ་ཐོབ་པའམ་ལྷ་མིག་ལྡན་པའི་དྲང་སྲོང་རྣམས་སམ། ཡང་ན་དེང་རབས་འཕྲུལ་ཐབས་རབ་མཐོང་འཕྲུལ་འཁོར་གྱིས་མཐོང་ན་མ་གཏོགས་ཇི་ལྟར་རྟོགས་སམ་སྙམ་པ་ནི་དཔྱོད་ལྡན་ལ་འཆར་བའི་དོགས་གཞི་ཆེ་བ་ཞིག་ཡིན་ཀྱང་། དཔེར་ན་ཕ་རིའི་ཁང་ཆུང་དུ་མེ་བཏང་ནས་དེར་སྤྱོད་པའི་མིས་མེ་ཇི་ལྟར་ཡོད་པ་དེ་ལྟར་མཐོང་ཞིང་མྱོང་ཡང་། དེ་དང་ས་ཐག་རིང་བའི་ཚུར་རིར་ཡོད་ཅིང་ནད་སོགས་ཀྱི་དབང་པོ་ལ་ འཁྲུལ་སྐྱོན་མེད་པའི་མི་དེས་ཕ་རིའི་ཁང་པའི་ཐོག་གི་བར་སྣང་ལ་དུ་བ་ཡོད་པ་མཐོང་ནས་ཕ་གིར་དུ་བ་སྣང་བས་མེ་ཡོད་སྙམ་དུ་རྗེས་སུ་དཔག་ནས་དེར་མེ་ཡོད་པ་ངེས་ཤེས་སྐྱེ་བ་ཡིན་མོད། འོན་ཏེ་མེའི་འགྲམ་དུ་སྡད་ཅིང་དེ་ལ་སྤྱོད་བཞིན་པ་རྣམས་ཀྱིས་དངོས་སུམ་དུ་ཇི་ལྟར་སྣང་ཞིང་མྱོང་བ་བཞིན་ཐག་རིང་ནས་དུ་བའི་རྟགས་ལས་མེ་ཡོད་པར་ཤེས་པ་རྣམས་ཀྱིས་དེ་ལྟར་མཐོང་ཞིང་མི་མྱོང་བའི་ཕྱིར་ན་ཡུལ་རྗེན་པར་མཐོང་བའི་དབང་པོའི་མངོན་སུམ་ཁོ་ན་ཡུལ་ལ་ཚད་མ་ཡིན་གྱི་མིང་དང་བརྡ་ལ་བརྟེན་པའི་རྗེས་དཔག་རྣམས་ནི་རྣམ་པར་རྟོག་པ་སྟེ་ཡུལ་གྱི་ཡོད་ལུགས་སམ་ཇི་ལྟ་བ་བཞིན་གནས་ཚུལ་ལ་མ་ནོར་བ་མིན་པས་མི་བསླུ་བའི་ཚད་མར་མི་རུང་བས་ཚད་མ་མངོན་སུམ་གཅིག་པུར་འདོད་ཀྱང་། དེ་ལྟར་ན་ཤེས་བྱ་ཐམས་ཅད་རྟོག་པ་ཁོ་ན་ལས་ མངོན་སུམ མི་སྲིད་པར་འགྱུར་ཏེ། བྱིས་པའི་གནས་སྐབས་ཤེས་བྱ་གང་ཡང་དངོས་སུམ་མེད་པ་མ་ཟད་ཤར་གྱི་ཊོ་ཀྵོ་གྲོང་ཁྱེར་ཡང་ཁྱེད་ལ་མེད་པར་འགྱུར་ཏེ་ཝཱ་རཱ་ཎཱ་སི་ནས་ མི་མཐོང་བའི་ཕྱིར་རོ། ། དེས་ན་ཐག་རིང་ནས་མཐོང་བའི་དུ་བའི་རྟགས་ལས་ཁང་པ་དེར་མེ་དཔོག་པའི་རྗེས་དཔག་དེ་ནི་མེ་ལ་བརྒྱུད་ནས་འབྲེལ་བའི་ཐ་སྙད་དོན་མཐུན་པ་ཡིན་པའི་ཕྱིར་ཁང་པའི་མེ་ལ་ཚད་མ་ཡིན་ཏེ་དཔལ་ཆོས་ཀྱི་གྲགས་པས།
རྒྱུད་པ་ཡིས་ནི་རང་མཚན་ལ། །
འབྲེལ་ཕྱིར་དེ་སྣང་བ་ཡིས་ནི། །
གཏོང་ཡང་བསླུ་བྱེད་་ཉིད་མ་ཡིན། ། ཞེས་དང་།
བསམ་པ་ལ་ནི་བསླུ་མེད་ཕྱིར། །
འཁྲུལ་བ་ཡིན་ཡང་ཚད་མ་ཉིད། ། ཅེས་ཁང་པ་ཕ་གིར་མེ་མེད་ན་དུ་བ་མི་འབྱུང་། དུ་བ་མེད་ན་རང་རྒྱུད་ཀྱི་དུ་བ་མཐོང་བའི་མིག་ཤེས་དངོས་སུམ་འབྱུང་མི་སྲིད། དུ་བ་མཐོང་བ་ལས་ ཕ་རོལ་གྱི་ཁང་པ་ལ་དུ་བ་འདུག་པས་མེ་ཡོད་དོ་སྙམ་ནས་ཐག་བཅད་པ་ཡིན་པའི་རྗེས་དཔག་དེར་མེའི་འགྲམ་དུ་སྡད་པའི་མིའི་སྣང་ཚུལ་ལྟར་མི་བདེན་ཅིང་འཁྲུལ་བ་ཡིན་ཀྱང་། རྗེས་དཔག་དེས་ཁང་པ་ཕ་གིར་ཚ་ཞིང་བསྲེག་པའི་མེ་ཡོད་དོ་སྙམ་པའི་དོན་ཚ་རེག་ཅན་གྱི་མེ་ཡོད་པ་དེ་ལ་ཡོངས་སུ་མི་བསླུ་བའི་ཚད་མ་ཡིན་ནོ།
དེའང་རྟགས་ནི་དངོས་པོ་དེ་ཉིད་ཀྱི་ཆོས་སམ་རང་བཞིན་ཏེ། རང་ཉིད་དངོས་པོ་གཞན་དང་རྣམ་པར་གཅོད་པའི་སྒོ་ནས་མཚོན་པར་བྱེད་པའི་ཁྱད་ཆོས་ཏེ། གནས་བརྒྱད་ལས། མཚན་མ་ནི་འདིས་མཚོན་པར་བྱེད་པས་མཚན་མ་སྟེ་སྣང་བར་ནུས་པའོ། ཞེས་གསུངས་པ་ལྟར་རོ།།
དེས་ན་བཅོས་དགོས་ཀྱི་ནད་གང་ཡིན་གྱི་ངོས་ནི་ནད་ལ་ལྡན་པའི་རྟགས་སམ་མཚན་མ་ལས་འཁྲུལ་མེད་དུ་ངོས་བཟུང་དགོས་ཤིང་། དཔེར་ན་བུད་ཤིང་བསྲེག་པའི་མེ་དང་ལྷན་དུ་ཡོད་པའི་དུ་བ་བཞིན་རྒྱུ་འབྲས་རྟེན་འབྱུང་གི་རིགས་པས་ངེས་དགོས་ཏེ། དེའང་དུ་བ་ཡོད་མེད་ལས་མེ་ཡོད་མེད་དང་། དུ་བ་ཆེ་ཆུང་ལས་མེ་ཆེ་ཆུང་དང་། དུ་བ་གང་དུ་ཡོད་སར་མེ་ཡོད་པ་རྗེས་དཔག་ཚད་མས་ངེས་པ་ལྟར། གནོད་བྱ་ལུས་ཟུངས་ལ་གནོད་བྱེད་ཀྱིས་གནོད་པའམ་གཙེས་པ་དང་ ལྷན་དུ་ཡོད་པའི་རྟགས་ལས་རྒྱུ་འབྲས་རྟེན་འབྱུང་གི་རིགས་པས་ནད་ཀྱི་ངོ་བོ་ནི་དེ་ལས་བྱུང་བའི་རྟགས་ཁོ་ན་ལས་ངོས་བཟུང་དགོས་སོ།།
འོན་ཏེ་བརྟག་ཐབས་ཀྱི་རིག་པ་མི་ཤེས་པ་དང་མ་གོམས་པས་ནི་རྟགས་ཉིད་རྟགས་སུ་མི་ཤེས་ཏེ། ཀ་ཁ་མ་བསླབ་པའི་བྱིས་པ་ཀ་ཁའི་གཟུགས་དབྱིབས་མཐོང་ཡང་དེ་ ཀ་ཁར་མི་ཤེས་པ་བཞིན་ཏེ། ཐབས་ལ་མ་གོམས་པའམ་ཚུལ་བཞིན་མ་ཤེས་ནའང་ལོང་ལོང་སྤུན་སྤུན་དུ་འདུག་པ་སོགས་ཀྱི་སྣང་ཚུལ་ལྟར་སྣང་འགའ་ཞིག་ལ་བརྟེན་ནས་ རླང་པ་ལ་དུ་བར་འཁྲུལ་བ་ལྟ་བུ་ངོ་བོ་ལ་འཁྲུལ་བ་དང་། ནམ་མཁར་སྤྲིན་འདུས་པ་ཙམ་གྱིས་འཆར་འབབ་པར་བརྟག་པ་མ་ངེས་པའི་རྟགས་ལ་ནད་རྟགས་ངོ་མར་འཁྲུལ་ནས་ བཅོས་ཐབས་དང་ཁ་དམར་ཐམས་ཅད་དོན་ལ་མི་གནས་པར་འགྱུར་བས་བརྟག་ཐབས་ཀྱི་རིག་པ་ལ་སློབ་སྦྱོང་དང་གོམས་འདྲིས་ཡོང་བ་ལ་སྒོ་ཀུན་ནས་འབད་རིགས་སོ།།
བརྟག་ཐབས་དངོས།
བོད་ཀྱི་གསོ་བ་རིག་པར་འཕྲོད་བསྟེན་དང་བདེ་ཐང་ནི་རང་ཉིད་གནས་སའི་ཁོར་ཡུག་དང་། དེའི་དུས་སྟེ་སྣོད་བཅུད་ཡུལ་དུས་ཀྱི་འབྲེལ་བ་དང་། སེམས་ཁམས་དང། འཚོ་བ་ཟས་དང་། བྱ་བ་སྤྱོད་ལམ་དང་། ཆོས་སྤྱོད་ཉམས་ལེན་དང་། སྔོན་ལེན་འཕྲལ་རྐྱེན་སོགས་ཕྱོགས་དང་ཆ་ཤས་དུ་མའི་སྒོ་ནས་གཏན་འབེབ་ལག་བསྟར་བྱེད་པ་བཞིན་ ནད་བརྟག་ཐབས་ཀྱི་ཆ་ཤས་རེ་རེ་ལའང་ཕྱོགས་དང་ཆ་དུ་མའི་སྒོ་ནས་བརྟག་པ་སྨོས་ཅི་དགོས། དེ་ལ་གསོ་ནུས་སམ་མི་ནུས་རྟོགས་ཆེད་བླང་དོར་བརྟག་པ་དང་། མཁས་ཁྱད་འབྱིན་པའི་ཆེད་དུ་གཡོ་ཐབས་ཀྱིས་བརྟག་པ་དང་། གསོ་བྱའི་ནད་གཞི་གང་ཡིན་མཐའ་གཞན་དུ་དྭོགས་པ་བསལ་བའི་དོན་དུ་ཉེས་པ་དངོས་སྟོན་བརྟག་ཐབས་སོགས་ དགོས་པ་སོ་སོར་གཞིག་ཏེ་བརྟག་ཐབས་ཀྱང་དུ་མ་ཞིག་ཡོད་ལ། འདིར་ནི་འཕྲལ་དུ་གསོ་དགོས་ཤིང་ལུས་ཟུངས་སམ་གནོད་བྱ་མ་རུང་བར་བྱེད་པའི་ཉེས་པ་གང་ཡིན་ རྗེན་པར་མཐོང་བའི་བརྟག་ཐབས་ཀྱི་དོན་མགོ་སྨོས་ཙམ་ཞུ་ན།
དང་པོ། སློང་བ་རྒྱུ་ལ་བརྟག་པ་སྟེ། ཉེས་པ་དེ་ཉིད་དངོས་སུ་སློང་བྱེད་དུ་གྱུར་པའི་ཟས་གང་ཟོས་པ་དང་། དྲག་དལ་རང་བཞིན་ཅན་གྱི་སྤྱོད་ལམ་གང་བསྟེན་སོགས་ལ་ དཔྱད་དེ་རྟེན་འབྲེལ་གྱི་རིགས་པས་ནད་ཀུན་རྟོགས་པར་ནུས་ཏེ། རོ་ཁ་བ་དང་། ནུས་པ་རྩུབ་པ་དང་ཡང་བ་ལྡན་པའི་ཁ་ཟས་བསྟེན་དྲགས་པ་དང་། ཆགས་པས་དུབ་པ་དང་། ལྟོ་གཉིད་ཆག་པ་དང་། ཁྲག་མང་ཟགས་པ་དང་། འཁྲུ་སྐྱུགས་ཀྱིས་བཏབ་པ་དང་། མྱ་ངན་གྱིས་མནར་བ་དང་། སེམས་ལས་ཆེས་པ་སོགས་སྤྱོད་ལམ་ལས་གྱུར་ན་དེ་ལུས་ཀྱི་ ཆ་ཤས་སྟོད་སྨད་གང་དུ་ཡོད་ཀྱང་རྒྱུ་ནི་རླུང་ལས་གྱུར་བ་དང་། དེ་བཞིན་དུ་རྣོ་ཚའི་ཟས་དང་། དྲག་ཤུལ་དང་། ཞེ་སྡང་དྲག་པོ་སྐྱེས་པ་སོགས་མཁྲིས་པ་དང་། ལྕི་སྣུམ་མངར་བའི་ཟས་དང་། སྤྱོད་ལམ་དལ་བར་འདུག་པ་དང་། འགྲང་རྗེས་གཉིད་ལོག་པ་སོགས་ལས་གྱུར་བ་ནི་བད་ཀན་ནད་དུ་གདོན་མི་ཟ་བ་ཡིན་ཏེ། འབྲས་བུ་རྒྱུའི་རྗེས་ཀྱི་འགྲོ་ལྡོག་བྱེད་པ་ནི་ཆོས་ཉིད་ཡིན་པའི་ ཕྱིར་རོ།།
གཉིས་པ། མཚན་ཉིད་རྟགས་ཀྱིས་བརྟག་པ་ནི། བརྟག་ཐབས་ཐམས་ཅད་ཀྱི་གཙོ་བོ་ཡིན་ཅིང་།
༡ དེ་ལ་བརྟག་པའི་གཞི་ནི་ནད་ཀྱི་ཉེ་རྒྱུར་གྱུར་པ་རྣམ་པར་མ་གྱུར་བའི་ཉེས་པ་གསུམ་པོ་འཕྲལ་རྐྱེན་ཟས་སྤྱོད་སོགས་ཀྱིས་བསྒྱུར་བ་ཡང་རྩུབ་དང་། རྣོ་ཚ་ལྕི་སྣུམ་སོགས་ནད་ཀྱི་ མཚན་ཉིད་ཉི་ཤུ་པོ་རྣམས་ཡིན་ཅིང་། དེའང་མང་དུ་ཕྱེ་ལ་ནད་ངོས་མ་འདྲེས་བཟུང་། །ཞེས་གསུངས་པ་བཞིན་དེ་དག་རང་གི་ཚད་ལས་འཕེལ་ཞིང་ལྷག་པའམ། ཟད་དམ་འགྲིབ་པའམ། རང་གནས་སུ་བསགས་པའམ། གཞན་གནས་ལོག་ལམ་དུ་ལྡང་ཞིང་དེ་དང་མི་མཐུན་ཏེ་འཁྲུགས་པ་སོགས་ཀྱི་མཚན་ཉིད་དམ་རྟགས་ལ་སོ་སོར་རྒྱས་པར་ཕྱེ་ནས་བརྟག་ཅིང་། ཉུང་དུ་བསྡུས་ལ་ཚ་གྲང་གཉིས་སུ་དྲིལ། ། ཅེས་གདམས་པ་བཞིན་མདོ་དོན་དེ་དག་ཚ་གྲང་གཉིས་སུ་དྲིལ་བ་ནི་བརྟག་གཞིའོ།།
༢ གང་ལ་བརྟག་པའི་ཡུལ་ནི། ནད་པའི་མིག་སོགས་དབང་པོ་ལྔ་དང་། དབང་ཤེས་ཀྱི་ཡུལ་གཟུགས་སྒྲ་སོགས་ལྔ་དང་། དེ་བཞིན་དུ་ལུད་པ། འཁྲུ་བ། སྐྱུགས་པ། དྲི་ཆུ། ཁྲག་རྣམས་ལ་ཉེས་པའི་མཚན་ཉིད་ཡང་རྩུབ་སོགས་འཕེལ་ཟད་དང་། ཚ་གྲང་གི་རྟགས་གང་སྣང་བརྟག་པ་པ་སྟེ། ཕྱི་ཡུལ། ནང་དབང་པོ། གསང་བ་ཁམས་དང་ཟག་པ་ལ་བརྟག་པའང་ ཟེར་བ་ཡིན།
༣ བརྟག་པ་ལ་འཇུག་པའི་སྒོའམ་ཡོ་བྱད་ནི། 1 ནད་པ་དེ་ཉིད་གང་ལ་འཚོ་ཞིང་གནས་པའི་ཡུལ་ལ་དཔྱོད་པ་སྟེ། ངད་ཅན་གྲང་བ་དང་། སྐམ་ས་ཚ་གདུང་ཆེ་བ་དང་། རླན་ཅན་སྣུམ་པའི་ཡུལ་སོ་སོར་རླུང་སོགས་ཉེས་པར་བརྟག་པ་དང་། 2 ཚ་གྲང་ཆར་དུས་སོགས་དུས་བཞི་གང་དུ་ན་བ་དང་། 3 དབྱིབས་སྒུར་ཤ་སྐེམ་སོགས་ཉེས་པའི་རང་བཞིན་ གང་ཡིན་དང་། 4 རྒན་དར་སོགས་ན་ཚོད་དང་། 5 ཉིན་ཞག་དགོང་དང་ཐོ་རེངས་དང་། ཉིན་གུང་སོགས་ཉེས་པ་གང་ལྡང་གི་དུས་ལ་བརྟག་པ་དང་། 6 ཟོས་རྗེས་དང་། འཇུ་དུས་དང་། ཞུ་རྗེས་གང་ལ་ལྡང་བ་ཟས་ཟོས་དང་། 7 ལུས་ཀྱི་སྟོད་སྨད་དང་། བྱེ་བྲག་ཚིགས་དང་། རུས་པ། དོན་སྣོད་སོགས་གང་དུ་གདུང་བའི་ནད་ཀྱི་གནས་ལ་དཔྱོད་པ་དང་། 8 མགོ་ལོང་རྒྱུ་མ་སོགས་ཉེས་གསུམ་ཁྱད་པར་གྱི་གནས་གང་དུ་མི་བདེ་བ་ཤས་ཆེར་ཡོད་པ་སོགས་ལ་ཞིབ་པར་དཔྱད་དེ། རིམ་བཞིན་ཐེ་ཚོམ་དང་། དོན་འགྱུར་གྱི་ཐེ་ཚོམ་དང་། རྗེས་སུ་དཔག་པ་བཅས་ཀྱི་སྒོ་ནས་དངོས་སུམ་དུ་རྟོགས་པ་ཡིན་ནོ།།
༤ ཚུལ་ཇི་ལྟར་བརྟག་པ།
1 ནད་པའི་གཟུགས་བོང་ཆེ་ཆུང་། དབྱིབས་དྲང་འཁྱོགཁ་དོག་ལེགས་ཉེས། ཤ་རྒྱས་སྐེམ་སོགས་ལུས་སྤྱི་དང་། བྱེ་བྲག་འཁྲུ་སྐྱུག་དྲི་མ་ སོགས་མདོར་ན་སྨན་པའི་མིག་དབང་པོའི་ཡུལ་དུ་གྱུར་པ་ཐམས་ཅད་དང་། ཁྱད་པར་ནད་པའི་ལྕེ་དང་དྲི་ཆུ་ལ་བརྟགས་དགོས་སོ། དེའང་བོད་ཀྱི་གསོ་བ་རིག་པར་ལྕེ་དང་མིག་ལ་ བརྟག་ཐབས་ཞིབ་རྒྱས་ཡོད་ཅིང་། ལྷག་པར་དུ་དྲི་ཆུ་ལ་རྟེན་ནས་ནད་དང་གདོན་ངོས་བཟུང་ཐབས་ཀྱི་རིག་པའི་གཞུང་ལུགས་དང་། དེའི་ལག་ལེན་ལ་ད་ལྟ་འཚོ་གནས་སུ་ཡོད་པའི་ སྲོལ་རྒྱུན་གྱི་སྨན་བཅོས་རིང་ལུགས་གང་གིས་ཀྱང་འགྲན་མི་བཟོད་པར་ཁས་ལེན་ནུས་ཤིང་། ཞིབ་པར་གཞན་དུ་རྟོགས་དགོས་སོ།།
2 སྨན་པའི་སོར་མོས་རེག་སྟེ་ནད་པའི་ལུས་ཀྱི་ཚ་གྲང་། འཇམ་རྩུབ། སྲ་སྙི། འབུར་ཀྱོང་སོགས་ལ་བརྟག་ཅིང་། ལྷག་པར་དུ་རེག་པའི་སྒོ་ནས་རླུང་ཁྲག་གཉིས་ འདོམ་ཞིང། ཚེ་སྲོག་གི་རྟེན་དུ་གྱུར་པའི་སྙིང་གི་འཕར་ལྡེང་ལ་བརྟེན་ནས་འཕར་བའི་རྩ་ལ་བརྟག་པ་ཡིན་ཅིང་། དེ་ལ་རྩར་བལྟ་བའི་སྔོན་འགྲོ་ཟས་སྤྱོད་བསྟེན་སྟངས། ནམ་བརྟག་པའི་དུས། གང་ལ་བརྟག་པའི་གནས། ཇི་ཙམ་མནན་པའི་ཚད། ཇི་ལྟར་བརྟག་པའི་ཚུལ། ཐ་མལ་རང་བཞིན་གྱི་རྩ་རྒྱུད། ཕྱིའི་དུས་བཞི་འགྱུར་འགྲོས་ཀྱིས་ནང་རྩ་ཁམས་ལ་འགྱུར་བའི་མཚན་ཉིད། ངོ་མཚར་ལྐོག་གྱུར་གྱི་གནས་སྟོན་པ། རྣམ་པར་འགྱུར་མ་འགྱུར་གྱི་རྩའི་ཁྱད་ཆོས། རྩ་རྒྱུད་སོ་སོས་ནད་རིགས་དབྱེ་བ་དང་། ཚོན་ཀན་ཆག་གསུམ་གྱི་རྒྱུ་བ་ལས་ནད་གཞི་སྟོད་སྨད་ དོན་སྣོད་བྱེ་བྲག་གར་བབས་བརྟག་པ། འཚོ་འཆི་ལ་ཤན་དབྱེ་བ། གློ་བུར་ཡེ་འདྲོག་གི་གདོན་རྩ་བརྟག་པ། ཚེ་རིང་ནད་མེད་ཀྱི་གཞི་བླའི་གནས་ཚུལ་ལ་བརྟག་ཐབས་སོགས་ཀྱི་ རིགས་པའི་གཞུང་ལུགས་དང་། དེའི་ལག་ལེན་མ་ཉམས་པ་ཡོད་པས་བློ་ལྡན་རྣམས་ཀྱིས་ཉམས་ཞིབ་དང་། མཁྱེན་རྟོགས་མཛད་ན་དགའ་བསུ་ཞུ་རྒྱུ་ཡིན། འདི་ནི་གསོ་བ་པོ་སྨན་པ་དང་། གསོ་བྱའི་ནད་ཀྱི་བར་དུ་འཕྲིན་ལན་སྐྱེལ་མཁན་ལྟ་བུ་སྟེ། བརྟག་ཐབས་འདི་ཉིད་དང་མི་ལྡན་པ་རྣམས་ནི་གཡུལ་ཆེན་གཤོམ་ཚེ་བྱ་པའམ་དགྲ་བོའི་གནས་སྟངས་ཀྱི་ལན་སྐྱེལ་མཁན་གྱི་ སོ་པ་མེད་པའམ་དེའི་བརྡ་ལན་མི་ཤེས་པ་དང་འདྲ་སྟེ། དགྲས་འདི་དང་འདི་བྱེད་ཀྱི་ཕྲིན་མི་སྐྱེལ་བ་ལྟར་ནད་ཀྱིས་འདི་ཡིན་འདི་བྱེད་ཀྱི་སྐད་ཆ་མི་ཤོད་པ་ཡིན་ནོ།།
3 སྨན་པས་ནད་པར་ཐད་ཀར་དྲི་བ་དང་ནད་པས་ལན་བྱེད་པ་སྟེ། དེའང་དྲི་བའི་ཐབས་ཤེས་དམིགས་བསལ་དུ་མ་ཞིག་ཡོད་དེ་སྔར་བཤད་པའི་བལྟ་རེག་གཉིས་ལས་གཞན་དུ་གྱུར་པའི་བརྟག་ཐབས་ཕལ་ཆེར་འདིར་གཏོགས་ཤིང་། མདོར་ན་དྲི་བའི་གནད་ནི་ཟས་སྤྱོད་སོགས་རྒྱུ་རྐྱེན་གང་བསྟེན་དྲིས་པས་ནད་ཀྱི་རྒྱུ་རྟོགས་པ་དང། ཇི་ལྟར་ན་ལུགས་དྲིས་པས་ནད་ཀྱི་མཚན་ཉིད་ཤེས་པ་དང་། གང་དུ་ན་བས་ནད་གནས་དང་། དུས་ཇི་ཙམ་ནས་ན་བས་གསར་རྙིང་ནད་ཁམས་རྟོགས་པ་དང་། བཅོས་ཇི་བྱས་ཀྱིས་དམན་ལྷག་ལོག་པ་རྟོགས་ཤིང་ནད་ཀྱི་ངོ་བོ་རྗེན་ ཆེར་མཐོང་བ་སོགས་བརྟག་ཐབས་འདི་ནིལུགས་སྲོལ་ཐམས་ཅད་ཀྱི་སྨན་པ་ཀུན་གྱིས་སྤྱོད་པ་དང་། ལུས་ནད་གཉེན་པོའི་ཤེས་རིག་ངོ་མ་ལྡན་ཞིང་མྱོང་གོམས་ཕུན་སུམ་ཚོགས་པའི་ སྨན་པ་ལ་ནི་བརྟག་ཐབས་འདི་ཉིད་བརྟག་ཐབས་ཀུན་གྱི་གཙོ་བོ་ཡིན་མོད། དེའི་ཤེས་མྱོང་མི་ལྡན་པ་ནི་ལོང་བར་ལྟད་མོ་བསྟན་པ་ལྟ་བུ་ཡིན།
གསུམ་པ། སྔར་རང་གི་ནད་ཀྱི་གཉེན་པོར་འགྲོ་རྒྱུར་དམིགས་ནས་བསྟེན་པའི་སྤྱོད་ལམ་ཟས་སྨན་རྣམས་ཀྱི་ཕན་གནོད་ལ་ལ་སླར་དཔྱོད་པ་སྟེ། དཔེར་ན་མཁྲིས་པས་སྐྱེད་ པའི་ནད་གཞིར་བཟུང་ནས་སྤྱོད་ལམ་བསིལ་རྩུབ་དང་། ཟས་ཁ་མངར་བསིལ་རྟུལ་བསྟེན་པ་དང་། སྨན་བསིལ་རྟུལ་ཁ་བ་དང་། དཔྱད་གཏར་ཁ་སོགས་བསྟེན་པས་གཉེན་པོ་དེ་དག་གིས་ ཚ་རྣོ་སྣུམ་པ་སོགས་མཁྲིས་པའི་མཚན་ཉིད་རྣམ་འགྱུར་ཀྱི་རྟགས་རྣམས་ཁད་ཀྱིས་ནུབ་སྟེ། རིམ་བཞིན་ལུས་སེམས་བདེ་ལྷོད་དུ་གྱུར་ན་ནད་ཐོག་ཏུ་གཉེན་པོ་ཁེལ་ཞིང་འཕྲོད་པ་ཡིན་པ་ དང་། དེ་ལས་ལྡོག་སྟེ་གཉེན་པོ་དེ་དག་གིས་ནད་རྟགས་དང་ཟུག་གཟེར་རྣམས་སྔར་བཞིན་གནས་པའམ་བསྐྱེད་ན་གཉེན་པོ་ནད་ཀྱི་ངོ་བོ་དང་མཐུན་པའམ་ཕྱོགས་སུ་གྱུར་ནས་མི་འཕྲོད་པ་ ཡིན་པའི་ཕྱིར་སྔར་གྱི་ནད་ངོས་བཟུང་བ་འཁྲུལ་བར་བརྟག་པ་སྟེ། མན་ངག་རྒྱུད་ལས། ཟས་སྤྱོད་སྨན་དཔྱད་ཆུ་བཞི་བསྟེན་པ་ཡིས། འཕྲོད་དང་མི་འཕྲོད་གོམས་པས་ངེས་པ་རྙེད། ། ཅེས་གསུངས་པ་ལྟར་སྟེ། དེ་བཞིན་ཚ་གྲང་ལྡན་འདུས་ཐམས་ཅད་ལ་དེའི་རིགས་པས་བརྟག་དགོས་ཤིང་། དེའང་ལྟར་སྣང་ཙམ་ལ་ནི་ངེས་པ་མེད་དེ། ནད་དང་གཉེན་པོ་འཐབ་པས་ མི་འཕྲོད་འདྲ། ། ལྟར་སྣང་རྟགས་ཀྱིས་ངོ་སླན་འཕྲོད་པ་འདྲ། ། ཞེས་འཕྲུལ་སོ་མང་པོ་ཡོད་པས་འདིའི་སྐོར་འཁྲུལ་གཞི་བསལ་བ་ཚ་གྲང་གལ་མདོ་དང་། རི་ཐང་བརྟག་པ་སོགས་ དམིགས་བསལ་གྱི་བརྟག་ཐབས་རྣམས་ལས་ཞིབ་པར་རྟོགས་དགོས་སོ། མདོར་ན། རྒྱུ་རྐྱེན་ཡུལ་དུས་རང་བཞིན་ན་ཚོད་དང་། ། གནས་ས་ཉིན་ཞག་ཟས་ཟོས་གོམས་པ་ཆུ། ། འདི་བཅུའི་སྒོ་ནས་འཁྲུལ་མེད་ངོ་ཡིས་ཟུངས། ། ཞེས་གསུངས་པ་བཞིན་ཕྱོགས་གཅིག་ཁོ་ན་མིན་པར་ཡོང་སྲིད་པའི་ཕྱོགས་ཐམས་ཅད་ལ་བརྟག་སྟེ་རང་གི་མྱོང་གོམས་དང་ སྦྱར་ནས་ནད་ཀྱི་ངོ་བོ་ངོ་མ་རྟོགས་དགོས་སོ། གཞན་ཡང་འདུ་བ་གཞན་དང་རྒྱབ་ཤ་གཅོད་པ་དང་། གསང་བ་ཕུག་ཚོལ་སྨན་གྱིས་བརྟག་པ་སོགས་བརྟག་ཐབས་ཀྱི་གནད་དང་ལག་ལེན་ ཞིབ་ཕྲན་དུ་མ་ཡོད།།
ཚེའི་རིག་བྱེད་ཀྱི་བརྟག་ཐབས།
དེ་སང་ཚེའི་རིག་བྱེད་ཀྱི་ལོ་རྒྱུས་སྨྲ་བ་ལྟར་ན་དེ་ནི་སྤྱི་ལོའི་སྔོན་གྱི་ལོ་ལྔ་སྟོང་(5000 BC)ཡས་མས་ནས་བྱུང་བར་བཤད་ཅིང་། ཁོ་བོ་བསམ་པར་དེ་ལས་མ་སྔ་ནའང་ ཕྱི་དོན་མེད་ལ། གང་ལྟར་ཆེས་སྔ་མོ་ནས་དྲང་སྲོང་རྣམས་ཀྱིས་སྲོལ་གཏོད་ཅིང་རིམ་བཞིན་མཁས་ཤིང་གྲུབ་པའི་སྐྱེས་བུ་དུ་མས་ཉམས་ལེན་དང་དར་རྒྱས་ཟམ་མ་ཆད་པར་མཛད་དེ་ ད་བར་ལག་ལེན་གྱི་བརྒྱུད་པ་བར་མ་ཆད་ཅིང་རིས་མེད་སྐྱེ་འགྲོ་དུ་མའི་ཚེ་སྲོག་དང་འཕྲོད་བསྟེན་གྱི་དཔལ་དུ་གྱུར་བའི་རིག་གཞུང་གསོན་པོ་ཞིག་ཡིན། ཚེའི་རིག་བྱེད་ནི་བོད་དུ་ཕྱི་རྒྱལ་གྱི་ རིག་གཞུང་ནས་འདྲེན་བྱས་པའི་ནང་གི་སྔ་ཤོས་ཡིན་ཅིང་དུས་རབས་བཞི་པ་ཙམ་ནས་དར་མགོ་ཚུགས་པ་དང་། དུས་རབས་བརྒྱད་པར་སློབ་དཔོན་དཔའ་བོས་མཛད་པའི་ ཡན་ལག་ བརྒྱད་པའི་སྙིང་པོ་བསྡུས་པ་བོད་སྐད་དུ་བསྒྱུར་བ་དང་། དུས་རབས་བཅུ་པར་དེའི་འགྲེལ་བ་གཉིས་བསྒྱུར་བ་རྣམས་ཀྱང་ད་ལྟ་བསྟན་འགྱུར་ཁྲོད་དུ་བཞུགས་པ་མ་ཟད་དེ་དག་གི་ འཆད་ཉན་དང་ལག་ལེན་གྱི་རྒྱུན་ཀྱང་དུས་རབས་བཅུ་དྲུག་པའི་བར་དམིགས་བསལ་ཟུར་དུ་བཞུགས་པ་སོགས་བོད་ཀྱི་གསོ་བ་རིག་པའི་རིགས་པའི་གཞུང་ལུགས་ལ་ཐད་ཀར་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད་ཤན་ཞུགས་ཆེན་པོ་ཡོད་པ་ཞིག་རེད།
ཚེའི་རིག་བྱེད་རྣམས་སུ་གསོ་བ་རིག་པ་ལྟར་བརྟག་ཐབས་ཀྱི་གནས་ཤིག་ཟུར་དུ་མ་མཛད་པར་ནད་གཞིའི་གནས་སུ་ནད་བསྐྱེད་བྱེད་རྒྱུ་རྐྱེན་ཡུལ་དུས་རྣམས་ཀྱིས་གསལ་བའི་སྣང་བ་ལས་ནད་ཀྱི་ངོ་བོ་མཐོང་བར་མཛད་པ་སྟེ། བརྒྱད་པར། ནད་གཞི་སྔར་བྱུང་ཚུལ་དང་(PURVARUPA)ནི། །དེ་བཞིན་ཚུལ་ཕྱེད་(RUPA)གོམས་བྱེད་ (URASAYA) དང་། །དཀྱེལ་གྱུར་(SAMPRATI)ཤེས་པར་བྱ་བ་སྟེ། །ཞེས་དང་། འདི་ལྔ་རྩ་བའི་ནད་རྟོགས་པའི། །མ་ལུས་ཤེས་རབ་ཐོབ་པ་ཡིན། །ཞེས་གསུངས་པ་ལྟར། ༡ ནད་གསོག་ལྡང་གི་རྒྱུར་གྱུར་པའི་གནས་ས་ཡུལ་དུས་རང་བཞིན་ན་ཚོད་ཟས་སྤྱོད་སོགས་ལ་དཔྱོད་པ་དང་། ༢ དང་པོའི་ཚུལ་ལམ་སྔར་ཚུལ་ཏེ་ ནད་འཕེལ་བ་མ་རྫོགས་པས་ཐ་མལ་གྱི་རང་བཞིན་ལས་འགྱུར་བ་ཙམ་ལས་བྱེ་བྲག་གི་རྟགས་མ་གསལ་བའི་དུས་དང་། ༣ ཚ་རྣོ་ཡང་རྩུབ་སོགས་ནད་ཀྱི་མཚན་ཉིད་རྣམས་ མ་འདྲེས་པར་མངོན་པ་དང་། ༤ ནད་ཀྱི་མཚན་ཉིད་དང་མཐུན་པའི་ཟས་དང་སྨན་གྱིས་ནད་ལ་ཕན་གནོད་མངོན་པར་གསལ་བ། ༥ ནད་ཀྱི་མཚན་ཉིད་དང་། མིང་དང་བྱེད་ལས་གང་ཡིན་ བྱེ་བྲག་གསལ་བར་ཕྱེད་པ་སྟེ་འདི་ལྔ་པོ་ནི་བློ་མིག་ཅན་ལ་ནད་རྟོགས་པའི་ཤེས་རབ་ཀྱི་ཉི་མ་ཆེན་པོ་ཡིན་པར་གསུངས། དེའང་ནད་ཇི་ལྟར་བསྐྱེད་པ་དང་། སྐྱེད་པའི་ནད་ཀྱི་ངོ་བོ་དང་། དེའི་བྱེད་ལས་རྣམས་ལ་ཉམས་རྟོགས་རྒྱས་པ་ལས་གཞན་དུ་བརྟག་ཐབས་ཤིག་ཟུར་དུ་ཡོད་དགོས་པར་སྣང་བ་ནི་ལས་དང་པོའི་བློ་གྲོས་སུ་སྣང་ངོ་། །ཚེའི་རིག་བྱེད་དུ་ནད་བརྟག་ ཐབས་ཀྱི་ཚད་མ་གཉིས་གསུངས་ཏེ། དྲི་བས་བརྟག་པདང་། དབང་པོའི་མངོན་སུམ་གྱིས་བརྟག་པ་གཉིས་ཡིན་ཅིང་། དེང་དུས་རིག་གསར་འཕྲུལ་ཐབས་ཡར་རྒྱས་ཕྱིན་པས་ བརྟག་བྱེད་ཀྱི་ཡོ་བྱད་མང་རུ་ཕྱིན་པ་ལས་འཇལ་བྱེད་ཀྱི་ཚད་མ་ནི་དེ་གཉིས་ལས་མ་འདས་སོ།།
དེའང་བཅོས་དགོས་ནད་པའི་བརྟག་ཐབས་ཀྱི་རྒྱུད་རིམ་བསྡུ་ན་ནད་པ་ལ་བརྟག་པ་དང་། ནད་ལ་བརྟག་པ་(ROG-ROGI)གཉིས་ཡིན་ཅིང་།
1 ནད་པ་ལ་བརྟག་པ་ནི། ནད་གཞི་དང་འབྲེལ་བར་དོགས་པ་མཐའ་དག་སྟེ་མིའི་རང་བཞིན་དང་། ཉམས་སྟོབས། མེ་དྲོད། ལུས་ཟུངས། སེམས་ཁམས། སྙིང་སྟོབས། ཁོར་ཡུགདུས་ཀྱི་འགྱུར་བ། ན་ཚོད་སོགས་བཅུ་ལ་དཔྱོད་པར་ཙ་ར་ཀ་ལས་གསུངས།
2 ནད་ལ་བརྟག་པ་ནི། གཙོ་གནད་ཀྱི་ནད་དེའི་ན་ལུགས། གནས་ས། དུས་ནམ་ན་བ་སོགས་ནད་ཀྱི་ལོ་རྒྱུས་རྣམས་དང་། ནད་པ་དེ་དང་། དེའི་རིགས་བརྒྱུད་ཀྱི་ནད་དང་འབྲེལ་བའི་ལོ་ རྒྱུས་དང་། སྔར་ནད་དེས་གཙེས་མིན་སོགས་དྲི་བའི་སྒོ་ནས་དང་། གཞན་ཡང་དབང་པོའི་ཡུལ་དུ་གྱུར་པ་རྣམས་ལ་དངོས་སུམ་ཚད་མས་བརྟག་པ་བརྒྱད་ཡོད་དེ།
༡ རྩའི་འཕར་ཚུལ་ལ་བརྟག་པ། ༢ དྲི་ཆུ་ལ་བརྟག་པ། ༣ འཁྲུ་བ་ལ་བརྟག་པ། ༤ ལྕེར་བརྟག་པ། ༥ སྐད་གདངས་ལ་བརྟག་པ། ༦ ལྤགས་པར་བརྟག་པ། ༧ མིག་ལ་བརྟག་པ། ༨ གཞན་མངོན་པར་གསལ་བ་ཀུན་ལ་བརྟག་པ་སྟེ་བརྒྱད་དོ།།
དེ་ལ་རྩའི་ལྟ་གནས་སོགས་གསོ་བ་རིག་པ་དང་འདྲ་ཡང་དེའི་རིག་པའི་གཞུང་ལུགས་སོགས་ལ་ཁྱད་པར་དང་རྒྱས་བསྡུས་ཡོད་པ་མ་ཟད་ཙ་ར་ཀ་སོགས་གཞུང་རྙིང་རྣམས་སུ་མི་གསལ་བས་ཕྱིས་སུ་གཞན་ནས་ཁ་སྐོང་བར་མངོན།
དྲི་ཆུར་བརྟག་པར་དེའི་ཁ་དོག་དང་རྫས་འགྱུར་སོགས་ལ་རྟགས་ཀྱང་། འདིར་ནི་ཉེས་གསུམ་གྱི་རང་བཞིན་གྱི་རིགས་པས་གཙོ་གནད་སྣུམ་ཐིག་བླུག་པའི་དཔྱད་ ཐབས་ཀྱིས་བརྟག་པ་དང་། འཁྲུ་བ་ལ་བརྟག་པ་ནི། ནད་པའི་མེ་དྲོད་ཀྱི་ཉམས་སྟོབས་དང་། སྤྱད་པའི་ཟས་སྐོམ་ལེགས་པར་སྨིན་མ་སྨིན་སོགས་རྟོགས་པའི་ཐབས་ཏེ། དེའང་སྣོད་དྲི་མ་མེད་པར་བཀང་བའི་ཆུར་བླུག་པས་བྱིང་བ་ན་མེ་དྲོད་ཞན་ཅིང་དྭངས་སྙིགས་མ་ཞུ་བ་དང་། ལྡེང་བས་མེ་དྲོད་ཀྱི་སྟོབས་ཆེ་ཞིང་མ་ཞུ་བའི་སྐྱོན་མེད་པར་སྟོན་པ་ལྟ་བུའོ།།
ལྕེ་ནི་ལུས་ཡོངས་ཀྱི་གནས་ལུགས་ཀྱི་གཟུགས་བརྙན་གསལ་བའི་མེ་ལོང་ཡིན་ཏེ། དེའི་མདོག་གི་ཁྱད་པར། སྐམ་རློན། གཙང་བཙོག་སོགས་ལས་ནད་ཀྱི་ རྒྱུ་དང་དེའི་རང་བཞིན་གསལ་བ་དང་། ནད་པའི་སྐད་གདང་ལས་དེའི་ལུས་ཀྱི་ཉམས་སྟོབས་དང་ཉེས་པའི་ཁྱད་པར་རྣམས་འབྱེད་ནུས་པ་དང་། པགས་པ་ནི་ཕྱི་ནས་གཡོགས་པ་ཙམ་ མ་ཟད་དབང་རྩས་ཁྱབ་ཅིང་། ལུས་ཀྱི་གལ་ཆེའི་བྱེད་ལས་དུ་མར་ཁ་ལོས་བསྒྱུར་བ་དང་། ཉེས་པ་གསུམ་གའི་གནས་ཡིན་པའི་ཕྱིར་དེའི་རེག་བྱ་ཚ་གྲང་། འཇམ་རྩུབ། ཁ་དོགཚོར་མྱོང་། སྐམ་རློན་སོགས་ལས་ནད་གཞིའི་ངོ་བོ་རྟོགས་ཐུབ་པ་དང་།
མིག་ནི་ལུས་སྤྱི་དང་། སྲོག་འཚོ་བའི་གཞིར་གྱུར་བའི་ཁྲག་གི་ཚད་དང་མཚན་ཉིད་འཇལ་བའི་མེ་ལོང་ཡིན་པར་གསུངས། གཞན་ཡང་སྨན་པའི་མིག་ལམ་དུ་གསལ་བ་ ནད་པའི་ལུས་ཁམས་ཉམས་ཚགས་གདོང་གི་མདངས་མདོགཚུལ་ལུགས། རྣམ་འགྱུར། སེམས་ཁམས་སོགས་དུ་མ་ཞིག་ལ་དཔྱད་པས་ལུས་སེམས་འགྱུར་བྱེད་ཀྱི་ནད་རྒྱུ་ མཐོང་ཐུབ་བོ།།
ཡུ་ནཱ་ནིའི་བརྟག་ཐབས།
བོད་ཀྱི་བཙན་པོའི་དུས་རབས་(དུས་རབས་དྲུག་པ་ནས་བཅུ་པ་)སུ་བོད་ཀྱི་ནུབ་བརྒྱུད་དུ་ཡོད་པའི་པར་སིག་གམ་པར་ཤེ་ཡིའི་ཡུལ་ནི་ཏ་སིག་ནོར་གྱི་རྒྱལ་པོ་ཞེས་ཚོང་དོན་དང་རིག་གཞུང་གི་འབྲེལ་བ་དམ་ཟབ་ཡོད་པའི་རྒྱལ་ཁམས་ཞིག་ཡིན་ཅིང་། ལྷག་པར་དུས་རབས་བདུན་པར་བཙན་པོས་ཕྱོགས་ནས་སྤྲུལ་པའི་སྲས་གསུམ་གདན་དྲངས་ཏེ། བྱང་ཆུབ་ཆེན་པོའི་སྲོལ་ གཏོད་མཛད་པའི་ཡ་གྱལ་ནི་མནའ་བོའི་གྷི་རིག་སེའི་ལུགས་ཏ་སིག་ནས་གདན་དྲངས་པ་ཡིན་པ་མ་ཟད་བད་ཀན་སྨུག་པོ་ལྟ་བུ་ནད་གཞི་དུ་མའི་ལྟ་གྲུབ་སོགས་ཕྱོགས་དུ་མ་ནས་མཚུངས་པ་སོགས་བོད་ཀྱི་གསོ་རིག་དང་འབྲེལ་བ་ཡོད་པ་ཞིག་ཡིན།
ལུགས་འདིའི་ནད་གཞི་བརྟག་ཐབས་ནི་སྲོལ་རྒྱུན་གྱི་སྨན་གཞུང་སྤྱི་དང་འདྲ་བར་བརྟག་བྱའི་ནད་པ་བྱེ་བྲག་པ་དེའི་ལུས་ཀྱི་ཚགས་དམ་ལྷོད། མེ་དྲོད་ཉམས་སྟོབས། ལུས་ཟུངས། སེམས་ཁམས། ན་ཚོད། རང་ཉིད་གནས་སའི་ཁོར་ཡུག་དང་། སྤྱི་ཚོགས་ཀྱི་ཆོས་ཉིད་སོགས་ཕྱོགས་དུ་མའི་གནས་ལུགས་ལ་དྲི་བ་དང་། དབང་པོའི་དངོས་སུམ་ ཚད་མས་དཔྱད་དེ་རྟགས་ཀྱིས་མཚོན་བྱའི་ནད་རྒྱུ་ངོ་མར་དཔྱོད་པ་ཡིན། བརྟག་ཐབས་སམ་རྟོགས་བྱེད་ཡོ་བྱད་ནི། 1དབུགས་ཀྱི་འབྱིན་རྔུབ་དང་། སྙིང་འཕར་ལྡེང་ལ་བརྟེན་ནས་འཕར་བའི་ རྩའི་གྲངས་དང་། ཤུགས་དང་། འཕར་ཚུལ་སོགས་ལ་བརྟག་པ་དང་། 2གཞན་ཡང་མེ་དྲོད་ཀྱི་སྟོབས་དང་འབྲེལ་བའི་ལུས་ཟུངས་ཀྱི་སྙིགས་མ་དྲི་ཆེན་དང་། 3དྲི་ཆུ་ལ་བརྟག་པ་སྟེ། དེའང་ཐ་མལ་གྱི་དྲི་མ་རྣམས་ཀྱི་གནས་ལུགས་རྟོགས་པའི་སྒོ་ནས་རྣམ་འགྱུར་གྱི་དྲི་མ་ལ་བརྟག་པ་དང་། 4སྔར་སྨོས་པ་ལྟར་ན་ལུགས་དང་། ན་དུས་སོགས་ལའང་ནད་པའི་ལོ་རྒྱུས་ ལས་རྩོམ་པའི་དྲི་བ་དང་། 5གཞན་ཡང་ལུས་ཟུངས་ཉམས་སྟོབས་དང་གདོང་དང་མིག་གི་མདངས་སོགས་དབང་པོའི་དངོས་སུམ་ཐམས་ཅད་ལེགས་པར་གཞལ་ནས་བརྟག་པ་ཡིན་ནོ།།
སིདྡྷའི་བརྟག་ཐབས།
སི་དྡྷིའི་གཞུང་ལུགས་དངོས་སུ་བོད་དུ་བསྒྱུར་བ་མེད་ཀྱང་གཞུང་འགར་དབང་ཕྱུགས་ནག་པོའི་རྒྱུད་ཅེས་གསལ་བ་དེ་ཉིད་ཡིན་པར་སྣང་། འདི་ནི་མིའི་ལུས་དང་དེ་ཉིད་ བདེ་ཐང་དུ་གནས་པ་ཉེས་པ་གསུམ་ཆ་སྙོམ་དུ་གནས་པ་ལ་རགས་ལས་ཤིང་། དེ་ལ་ཟས་སྤྱོད་དང་ཉིན་རེའི་བྱ་བ་དང་། ཁོར་ཡུག་སོགས་ཀྱི་རྐྱེན་གྱིས་ཉེས་པ་གང་རུང་ཞིག་མ་སྙོམས་པ་ ལས་ནད་དུ་འགྱུར་བ་དང་། དེའང་ལུགས་འདིར་ནད་དང་ནད་ཀྱི་རྒྱུ་ཇི་བཞིན་རྟོགས་ཐབས་ཐུན་མོང་མ་ཡིན་པ་རྣམས་ནི་ཐད་ཀར་བཅོས་དགོས་ཀྱི་ནད་པར་སྨན་པས་བརྟག་པ་ ཡིན་ཏེ་དེ་ལ་བརྟག་ཐབས་བརྒྱད་ཅེས་གྲགས་ཤིང་། ༡ རྩ་འཕར་ཚུལ་ལ་བརྟག་པ། ༢ ལྕེ་ལ་བརྟག་པ། ༣ མངོན་པར་གསལ་བའི་ལུས་ཀྱི་ཁ་དོག་ལ་བརྟག་པ། ༤ སྐད་ཀྱི་གདངས་ ལ་བརྟག་པ། ༥ མིག་ལ་བརྟག་པ། ༦ ལྤགས་པ་དང་རེག་བྱར་བརྟག་པ། ༧ འཁྲུ་བ་ལ་བརྟག་པ། ༨ དྲི་ཆུ་ལ་བརྟག་པ་རྣམས་ཡིན་ཅིང་། དེ་དག་གི་འགྱུར་བ་དང་རང་བཞིན་གྱི་ ཁྱད་ཆོས་རྣམས་ཞིབ་པར་བསྟན་ཡོད།།
ཧོ་མེའོ་པེ་ཐིག་གི་བརྟག་ཐབས།
བོད་དུ་ཧོ་མེའོ་པེ་ཐིག་གི་གཞུང་དང་ལག་ལེན་དངོས་སུ་དར་བ་མེད་ཀྱང་དེང་དུས་གོ་ལ་གཅིག་གྱུར་གྱི་དུས་རབས་སུ་འགྲོ་བ་མིའི་ལུས་སེམས་ཀྱི་འཕྲོད་བསྟེན་ལ་ཧ་ཅང་གལ་ཆེ་བའི་རིང་ལུགས་ཤིག་ཡིན། འདི་ནི་གསོ་བ་རིག་པ་སོགས་སྲོལ་རྒྱུན་གྱི་སྨན་བཅོས་རིང་ལུགས་སྤྱི་དང་འདྲ་བར་ཆ་ཤས་ཡོངས་སུ་རྫོགས་པར་བལྟ་བ་ཞིག་ཡིན་ཅིང་། རྩ་བའི་ལྟ་གྲུབ་ཀྱི་རྨང་ གཞི་ནི་རང་བཞིན་རྣལ་མའི་སྨན་ལུགས་(Principles of naturopathic)ཀྱི་ལྟ་གྲུབ་ཡིན་པ་དང་། འདིའི་བརྟག་ཐབས་ནི་གློ་བུར་བཅོས་དགོས་ཀྱི་ནད་གཞི་དང་ ཐད་ཀར་འབྲེལ་ཞིང་། དེའང་ནད་པ་ལ་དྲི་བ་དང་ལན་འདེབས་པའི་ཐབས་ཀྱིས་རྟོགས་པ་བྱ་བ་སྟེ། དེ་ལ་ཞིབ་མོ་རྣམ་དག་གི་སྒོ་ནས་གཙོ་གནད་ལ་དམིགས་ནས་དྲི་བ་ཡིན་ཅིང་། དགོས་ངེས་བྱུང་ཚེ་རྒྱུས་ལོན་ཡོད་པའི་ནང་མི་གཞན་གྱི་གྲོགས་དང་བཅས་ཏེ་ནད་པའི་ན་ལུགས་དང་། དཀའ་ངལ་གཙོ་བོ་དང་། རང་གི་ནད་དང་ཟུག་རྔུའི་མྱོང་བ་ངོ་མ། གང་དུ་ན་བའི་ ལུས་ཀྱི་ཆ་ཤས་ནད་པས་ཐུག་རེག་མང་ས་དང་། ལུས་ཀྱི་ཆ་ཤས་བྱེ་བྲག་པར་དབྱིབས་དང་ཁ་དོག་རེག་བྱ་སོགས་ཀྱི་འགྱུར་བ། བྱིས་པའི་འཚར་ལོངས་སྐབས་ཀྱི་ལོ་རྒྱུས། ད་ལྟའི་གནས་སྐབས་ཀྱི་རྨི་ལམ་དང་། འཇིགས་པ། རྒྱུན་ལྡན་ཟས་སྤྱོད་དང་། དམིགས་བསལ་དེ་དག་གི་འཕྲོད་མིན། དུས་བཞི་ནད་ཀྱི་འགྱུར་བ་དང་། གནམ་གཤིས་དང་ཁོར་ཡུག་གི་ དཀའ་ངལ་དང་འགྱུར་བ་སོགས་ལ་ལེགས་པར་དཔྱད་པའི་སྒོ་ནས་གཙོ་གནད་ཀྱི་ནད་གཞི་ངོ་མ་གཏན་འབེབས་བྱེད་པའི་ཕྱིར་དཔེར་ན་མགོ་གཟེར་ཅན་ལྟ་བུ་ནད་པ་གཉིས་ཀྱང་ནད་རྒྱུ་སོ་སོར་བརྟག་ནས་བཅོས་ཐབས་ཀྱང་སོ་སོར་བྱེད་པ་ཡིན་ནོ།།
དེ་རིང་འདིར་ལྷན་དུ་འཛོམས་པའི་སྲོལ་རྒྱུན་གྱི་སྨན་གྱི་རིང་ལུགས་རྣམས་ནི་རྒྱ་གར་ཙམ་དུ་མ་ཟད་འཛམ་གླིང་ཡོངས་ཀྱི་སྲོལ་རྒྱུན་གྱི་རིང་ལུགས་ཆེན་པོ་རྣམས་ཡིན་པས་དེ་དག་གི་ཕན་ཚུན་གོ་རྟོགས་དང་ཤེས་མྱོང་གོང་འཕེལ་ཕྱིན་ནས་འགྲོ་བ་སྤྱིའི་བདེ་ཐང་དང་འཕྲོད་བསྟེན་ལ་ཞབས་ཞུ་ཆེན་པོ་ཐུབ་པའི་རེ་སྨོན་དང་བཅས། ཐུགས་རྗེ་ཆེ།།
སྨན་རྩིས་དྲ་བ་ http://www.mentsee.org ནས་དྲངས།
[གསོ་རིག་སློབ་དཔོན་རག་རྡོ་བློ་བཟང་བསྟན་འཛིན། ཝཱརཱཎསཱི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སྨན་རྩིས་རིག་སྡེ་འགན་འཛིན།]