དགེ་བཤེས་སེར་སྨད་བློ་དགའ།
(འདོན་ཐེངས་གཉིས་པ། ༢༠༡༧/༤/༤ ཉིན།)
ཆུ་སྒང་ལ་སྤྱི་ཚོགས་བསམ་སྤྱོད་ཀྱི་མོས་མཐུན་འཚོལ་བ། ཞེས་པ་སྤྱིའི་འདོན་ཐེངས་དང་པོ་ནི། བོད་ཀྱི་མང་གཙོ་ http://democracyoftibet.com/ ཞེས་པའི་དྲ་ཚིགས་ནས་གཟིགས་ཐུབ་པ་དང་དེར་མདོར་བསྡུས་ན། ཆུ་སྒང་སྒྲིག་འཛུགས་ཀྱི་རྩ་དོན་གཏན་འཁེལ་དང་ཕྱི་དངོས་འཛུགས་བསྐྲུན་ཐད་ཁམས་པ་མི་མང་གིས་བརྩི་བཀུར་དང་རེ་ཐག་གཏན་པོ་བཟུང་ཡོད་སྟབས། ད་ནས་བཟུང་། རྩ་འཛུགས་འདི་ཉིད་འདོད་རྔམ་ཆེན་པོའི་ཐོག་ནས། ཆོག་ཤེས་རང་བཞིན་དང་རྙིང་ཞེན་མི་འདོར་བ། རང་འདོད་གཙོར་བཟུང་གིས་མི་གཅིག་དབང་འཛིན། སྒེར་འཁོན་རྒྱུན་འཛིན་བྱ་མི་རུང་ཞིང་སྒེར་གཉེར་རྩ་འཛུགས་མགོ་རྟིང་སློག་དགོས་པའི་སྐོར་གླེང་ཙམ་བྱས་ཡོད།
༢༠༡༧/༤/༣ ཁ་སང་། མདོ་ཁམས་ཆུ་སྒང་གི་དབུས་རྒྱུན་སྐབས་ ༢༡ པའི་སྔོན་འགྲོའི་འོས་འབྲས་ཕྱིར་བསྒྲགས་བྱས་སོང་། སྔོན་འགྲོ་དང་དངོས་གཞིའི་སྐབས་སོ་སོར། དབུ་མའི་ལམ་པ་བ་སྐོར་ཞིག་ནས་གཞུང་དང་༸རྒྱལ་བ་རིན་པོ་ཆེ་ཁ་ལ་ཁྱེར་ཏེ་ངོ་ལྐོག་གཉིས་ནས་ཆུ་སྒང་གཤག་བཅོས་བྱ་དགོས་ཟེར། བོད་ཀྱི་ལོ་རྒྱུས་དང་མ་འོངས་པའི་མི་རབས་ལ་འགན་ཁུར་བའམ་ཤ་ཚ་མཁན་རྣམས་ནས་ཆུ་སྒང་རྒྱུན་འཛིན་བྱ་དགོས་ཟེར། གང་ལྟར། ཕྱོགས་གཉིས་ཀའི་རྒྱབ་ནས་རྒྱ་འདྲེ་དང་བོད་འདྲེ་ཡིས་འཚང་ཁ་ཤིག་ཤིག་གིས། རྒྱུགས་རྒྱུགས་དང་ཤོད་ཤོད་ཟེར། འོན་ཏེ། ད་ལན་ཚེ་རིང་མཆེད་ལྔ་དང་དེའི་ཉེ་ཕྱོགས་ནས་དེའི་སྐོར་ཅང་བརྗོད་མི་གདའ་ཟེར།
ཆུ་སྒང་ལ་སྤྱི་ཚོཌ་བསམ་སྤྱོད་ཀྱི་མོས་མཐུན་འཚོལ་བ། ཞེས་པའི་འདོན་ཐེངས་གཉིས་པ་འདི་ནི། ཆུ་སྒང་གི་བྱུང་རབས་དང་འབྲེལ་ནས་ཞོར་བཤད། མ་འོངས་པའི་བྱེད་ཕྱོགས་བཅས་དོན་ཚན་གཉིས་ཀྱི་སྐོར་གླེང་ཙམ་བྱ་འདོད་བྱུང་། དང་པོ། ཆུ་སྒང་གི་བྱུང་རབས་དང་འབྲེལ་ནས་ཞོར་བཤད། རྒྱ་ནག་གིས་བོད་བཙན་འཛུལ་བྱེད་པའི་སྐབས་སུ། དང་བླངས་རྩ་འཛུགས་འདིས་བོད་ཀྱི་ལོ་རྒྱུས་ནང་བྱས་རྗེས་ཇི་ཙམ་བཞག་ཡོད་མེད་ནི། འཛམ་གླིང་གི་ལོ་རྒྱུས་ནང་སྐད་རིགས་འདྲ་མིན་ཐོག་ཡོངས་གྲགས་སུ་ཆགས་ཟིན་པ་དེ་ལྟར་ཡང་། དགྲ་དགའ་གཉེན་སྡུག་གི་གནད་དོན་མང་པོ་ཞིག་གི་ཁྲོད་ནས་ཁམས་པ་མི་མང་གིས་ངེས་པར་དུ་ཤེས་དགོས་པའི་གནད་དོན་གཅིག་ནི། དཔེར་ན། ༡༩༩༤/༣ པའི་ནང་རྒྱ་གར་ལྷོ་ཕྱོགས་ཀྱི་བྷེང་ལོར་གྲོང་ཁྱེར་དུ། ཐེ་ཝན་བོད་སོག་ལས་ཁུངས་ཀྱི་མི་སྣ་ཀྲུང་ཀྲིས་ཅིན་དང༌། སྐབས་དེའི་ཆུ་སྒང་ཚོགས་གཙོ་ལི་ཐང་ཨ་ཐར་ནོར་བུ། ཚོགས་གཞོན་གྲའུ་དཔོན་རིན་ཆེན་ཚེ་རིང་སོགས་ནས། བོད་དོན་སྐོར་དོན་ཚན་གསུམ་གྱི་སྔོན་འགྲོའི་གྲོས་ཆོད་བཞག་པ།
༡ རང་དབང་དམངས་གཙོའི་རིང་ལུགས་འོག་རྒྱ་ནག་གཅིག་བསྒྲིལ་སྐབས་བོད་ཀྱི་རང་ལུགས་རང་སྐྱོང་ལ་སྲུང་སྐྱོབ་དང་ངོས་ལེན་བྱ་རྒྱུ།
༢ ༸གོང་ས་སྐྱབས་༸མགོན་ཆེན་པོ་མཆོག་བོད་ཀྱི་ཆོས་སྲིད་གཉིས་ལྡན་གྱི་དབུ་ཁྲིད་ལ་ངོས་འཛིན་དང་རྒྱབ་སྐྱོར་ཞུ་རྒྱུ།
༣ རྒྱ་བོད་མི་རིགས་གཉིས་ཞི་བདེ་དང་མཐུན་འབྲེལ་ཡུན་གནས་ཡོང་ཆེད་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང༌། དེང་དུས་ཀྱི་ཤེས་རིག་དཔལ་འབྱོར་སོགས་ཡར་རྒྱས་གོང་འཕེལ་གཏོང་ཆེད་འབད་པ་མཉམ་བརྩོན་བྱ་རྒྱུ༌། བཅས་འཁོད་ཡོད།
བོད་གཞུང་གི་སྐབས་དེའི་བོད་དོན་འཐབ་རྩོད་ཀྱི་གནས་བབས་དེའང་ལམ་ཕྱོགས་དེ་འདྲ་ཞིག་ཏུ་སྐྱོད་བཞིན་ཡོད་ནའང་། ལི་ཐང་ཨ་ཐར་ལ་རྒྱོབས་རྒྱོབས་གསོད་གསོད་ཟེར། ༸རྒྱལ་བ་རིན་པོ་ཆེ་འདེམ་གྱི་ཡིན་ནམ། ལི་ཐང་ཨ་ཐར་འདེམ་གྱི་ཡིན། ཞེས་དྲི་བ་འདོན་པ་དང་མང་ཚོགས་ཡར་སློང་གི་ལས་འགུལ་དེ་འདྲ་ཞིག་སྤེལ་བ་དེ་ནི། ཁམས་པ་མི་མང་ལ་ལྟ་ཕྱོགས་དང་དེ་འབྲེལ་གྱི་ཆབ་སྲིད་ནང་འཁོན་ཆེན་པོ་ཞིག་ཕྱིར་མངོན་པ་ལྟར། ཁམས་པའི་དབུ་ཁྲིད་ཚོས་བྱས་རྗེས་ལ་ངོས་ལེན་ཕར་ཞོག་ཞེ་སྡང་མི་བཟོད་པའི་ཕྲག་དོག་མཚོན་པར་བྱེད་པའི་སྡོམ་ཚིག་གཅིག་དང་དཔེ་སྟོན་ཞིག་ཡིན། དེང་སང་གི་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ནི་གོང་ཞུའི་དོན་ཚན་གསུམ་གྱི་གཤམ་དུ་བབས་ཟིན་པས། དེའི་སྐོར་གླེང་ན། ཁ་གཉེར་སྣ་གཉེར་བྱེད་ནའང་དེ་ནི་ལྷ་ཕོག་འདྲེ་ཕོག་གི་གནད་དོན་དམ། རུལ་སུངས་ཀྱི་བྱ་བ་ངན་པའི་དྲི་ངན་སྦས་པའི་ཆེད་དུ་ཞི་མིས་སྐྱག་པ་ཐལ་བས་འགེབས་པ་དང་གཅིག་མཚུངས་སུ་གྱུར་ཏེ། གང་ལྟར། ལོ་རྒྱུས་དུམ་ཚན་དེས་མདོ་ཁམས་པས་བྱས་རྗེས་དང་ནང་ཁུལ་འཐབ་རྩོད་པའི་བྱ་བ་ངན་པ་གཉིས་ཀ་མཚོན་པར་བྱས་ཡོད་པ་རེད།
ཡང་གཅིག་བཤད། བཙན་བྱོལ་ནང་བོད་པའི་རྩ་དོན་ཐོག་རང་ཚུགས་མ་ཟིན་པར་མེས་པོའི་ལོ་རྒྱུས་བཙོང་དགོས་པའི་གནས་ཚུལ་ཆགས་པ་ནི། ༸གོང་ས་ཡིད་བཞིན་ནོར་བུའི་དུས་ཐོག་ཆར་པ་ལྟ་བུའི་ལམ་སྟོན་ལ་སྣང་ཆུང་བཏང་བའམ་སྣང་མེད་ཤོར་བ། བཙན་བྱོལ་ནང་ངོ་དགའ་སྤྲེལ་ལད་བྱེད་མཁན་མང་དྲགས་པ། ཤེས་ཡོན་དང་སྤྱི་སེམས་ཀྱི་མི་འདེང་བས་སྤྱི་རྒྱུ་སྒེར་བདག་བྱེད་པ། གཞུང་ཡིག་ལ་ངོས་ལེན་མི་བྱེད་པ། སྤྱི་དངོས་ཧམ་ཟ་བྱེད་པ། ཆོས་མིན་རྨོངས་དད་བྱེད་པ། ཆོལ་ཞེན། ཆོས་ཞེན། གསར་རྙིང་གི་འཐབ་རྩོད། དབུས་སའི་འགལ་ཟླ། རང་རྒྱལ་གཞན་ཕམ། ང་མ་གཏོགས་ཕ་རོལ་པོས་ཅི་བྱས་ཁས་མི་ལེན་པ་སོགས་ལྟག་ཆུ་ཆད་པའི་སྤྱི་ཚོགས་ཆུང་ཆུང་དེ་རུལ་སུངས་དང་ཉེ་རིང་ཆགས་སྡང་གི་སྒྲིག་འཛུགས་ཤིག་ཏུ་གྱུར། མི་ངན་དེ་ཚོ་༸གོང་ས་མཆོག་དང་བོད་གཞུང་གི་ཐག་ཉེ་སར་ཡོད་པ་ཁོང་རྣམ་པས་མ་མཁྱེན་པ་རྩ་བ་ནས་ཡིན་མི་སྲིད་པ་རེད། ༸རྒྱལ་བ་རིན་པོ་ཆེའི་སྒོ་ཁྱི་ཡིན་ནའང་དོན་དངོས་ཁྱི་ཡིན་དུས། དེ་ཁྱི་རེད་ཅེས་འགྲེལ་བཤད་རྒྱབ་མ་ཆོག་པ་ག་ལ་ཡོད། རྒྱལ་ཞེན་པ་རྣམས་འུ་ཐུག ཕ་མེས་ཀྱི་གཤིན་པོའི་རྣམ་ཤེས་ལ་རེ་ཐག་ཆད། ཐར་སྐྲོད་བཏང་ཟིན་པ་ལུས་རྒྱང་ཐག་རིང་ཡང་སེམས་རྒྱང་ཐག་མི་རིང་བའི་རིགས་གཅིག་སྤུན་རྣམས་བྱ་ཐབས་ཟད། ཤི་གསོན་གྱི་དགྲ་འཁོན་ཡོད་པའི་གུང་ཁྲན་ཏང་དང་དེའི་ལག་ཆར་གྱུར་པ་སེམས་ཐག་མི་ཉེ་ཡང་ལུས་ཐག་ཉེ་བའི་ལྐོག་གྱུར་འཐབ་རྩོད་པ་རྣམས་ཆུ་སྒང་གི་འོས་བསྡུ་ལ་ཁུང་དགོད་ཤོར་བཞིན་པ་བཅས་ནི། ཁམས་རིགས་མང་ཚོགས་ཀྱིས་དོགས་ཟོན་བྱེད་དགོས་པའི་གནས་ཚུལ་ཛ་དྲག་གཅིག་རེད།
དཔེར་ན། སྐྱབས་བཅོལ་བའི་ལྟེ་གནས་རྡ་ས་ལྟ་བུར་དཀའ་ངལ་ཆུང་ཆུང་ཞིག་འཕྲད་དུས། མཐོ་དམན་ཕྲན་བུ་རེ་ཤོར་ན། ལྕེ་བསྣར་ནས་ཡར་ཞུ་ཡང་ཞུ་བྱས་རྗེས། གཞུང་བསྟེན་དགྲ་ལྷའི་རྒྱལ་པོ་སྤྱན་འདྲེན་ཞུས་ནས་ཚར་གཅོད་བྱ་དགོས་པ། (བོད་གཞུང་གི་བཅའ་ཁྲིམས་དང་སྒྲིག་གཞི། མང་གཙོའི་ལམ་ལུགས་ནང་གཞུང་བསྟེན་དགྲ་ལྷའི་རྒྱལ་པོ་ཟེར་བ་ཞིག་འཁོད་མེད་པ་དངོས་ཡོད་ཡིན།) བོད་གཞུང་ཕྱིར་བསྡུ་ཟིན་པས་གཞུང་བསྟེན་ཞིག་ག་ནས་འོང་ཟེར་དུས། ཨ་དང་ཨ་ཟེར་ནས་ཁ་མིག་ཆེ་ཆེར་ལྡང་། བོད་རང་བཙན་རྩོད་ས་བོད་པ་མིན་ཡང་བོད་རང་བཙན་ཟེར་ན་ཁ་སྣ་གླང་སྣ་རྫེ་རྫེ། ལམ་དབུ་མ་རྩོད་ས་གུང་ཁྲན་མིན་ཡང་རྒྱ་ཁོངས་དང་དབུ་མའི་ལམ་མི་ཟེར་ན། རྒྱལ་བ་རིན་པོ་ཆེ་ལ་ངོ་ལོག་དུ་བརྩི་བ་སོགས། གནད་དོན་འདིའི་འོག་ནས་གོ་རྟོགས་མེད་པའི་རྨོངས་དད་དང་ཧོལ་རྒྱུག རང་དོན་སྤྲེལ་ལད་ཆེ་བ་སོགས་ཁ་དོན་མི་མཚུངས་པའི་གནས་ཚུལ་མང་པོ་ཞིག་ལས་སླ་པོས་ངང་ནས་ཤེས་ཐུབ་པ་དེ་རེད།
དཔེར་ན། བློ་བཟང་སེང་གེ་ཟེར་བ་དེ་ཁམས་ལི་ཐང་ནས་རེད། ༢༠༡༦ གི་རྒྱལ་ཡོངས་སྲིད་སྐྱོང་འོས་བསྡུའི་སྐབས་སུ། ཉེ་རིང་ཆགས་སྡང་ས་འགུལ་བ། རྣམ་འགྱུར་སྡུག་མོ་རི་ཉིལ་བ་ལྟབུ། སྐབས་དེར་ཕྲན་གྱི་སེམས་ནང་དྲི་བ་ཆེན་པོ་གཉིས་ཀྱང་རང་བཞིན་གྱིས་སླེབས་སོང་།
དྲི་བ་དང་པོ། དེའི་བྱུང་རིམ་ནི། རྒྱལ་བ་རིན་པོ་ཆེ་འདེམ་གྱི་ཡིན་ནམ། བོད་ཀྱི་མང་གཙོ་འདེམ་གྱི་ཡིན། ཟེར་བའི་དྲི་བ་ཞེད་སྣང་ཅན་ཞིག་བཙན་བྱོལ་སྤྱི་ཚོགས་ནང་སླེབས་ནས་ཡུན་རིང་སོང་མེད། དེ་དུས་ལག་མཐིལ་ལྟ་བུའི་སྤྱི་ཚོགས་ཆུང་ཆུང་འདི་དང་ཆེས་མི་འཚམས་པའི་ཟིང་ཆ་ཆེན་པོ་ཞིག་ཀྱང་བྱུང་ཟིན་པ་རེད། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ནས་ ༢༠༡༣/༠༦/༢༨ ཉིན། “འཛམ་གླིང་གི་བཙན་བྱོལ་སྒྲིག་འཛུགས་མང་ཆེ་བར་མང་གཙོ་ལག་ལེན་བསྟར་བཞག་པ་མེད། མང་གཙོ་དང་བཙན་བྱོལ་གཉིས་དབར་ལྟ་གྲུབ་ཐོག་ནས་འགལ་ཟླ་ཡོད། མང་གཙོའི་ནང་ཆིག་སྒྲིལ་མེད་གཤིས། རྩ་དོན་རྩོད་མཁན་ལ་ཆིག་སྒྲིལ་དགོས་པ་དེ་གསལ་པོ་རེད།” ཅེས་བཀའ་ཕེབས་ནས་ཡུན་རིང་མ་སོང་བའི་ཐོག གསར་འགྱུར་བརྒྱུད་ལམ་རེ་ཟུང་ནས་ཀྱང་། མང་གཙོ་དང་བཙན་བྱོལ་གཉིས་བར་ལྟ་གྲུབ་ཐོག་ནས་འགལ་ཟླ་ཡོད། ཅེས་པའི་འགོ་བརྗོད་འོག་ཡོངས་གྲགས་ཀྱི་གསར་འགྱུར་སྤེལ་ཚར་བ་ཡིན་དུས། མཁས་དབང་བློ་བཟང་སེང་གེ་མཆོག་ནས་སྲིད་སྐྱོང་གི་འོས་བསྡུའི་རྒྱལ་ཁ་ཤོར་ཆེད། བློ་བཟང་སེངྒེ་འདེམ་གྱི་ཡིན་ནམ། བོད་ཀྱི་མང་གཙོ་འདེམ་གྱི་ཡིན། ཟེར་བའི་དྲི་བ་དེ་ཏན་ཏན་སླེབས་ཀྱི་རེད་བསམ་བྱུང་།
དྲི་བ་གཉིས་པ། ༡༩༩༤ ལོའི་ཟླ་ ༣ པའི་རྗེས་སུ། སྒེར་འཁོན་གྱི་ཀུན་སློང་འོག་ནས་ཆུ་སྒང་དང་འབྲེལ་བའི་གཞི་མེད་རྩོད་རྙོག་ཅིག་བསླངས་ཏེ། སྐབས་དེའི་བདེ་སྲུང་བཀའ་བློན་རྒྱ་ལོ་དོན་འགྲུབ་ཀྱིས་སྣེ་ཁྲིད་ནས། རྒྱལ་བ་རིན་པོ་ཆེ་འདེམ་གྱི་ཡིན་ནམ། ལི་ཐང་ཨ་ཐར་འདེམ་གྱི་ཡིན། ཟེར་བའི་ཡོངས་ཁྱབ་ཀྱི་དྲི་བ་ཞིག་གིས་ལི་ཐང་ཨ་ཐར་ཅན་ལ་འཐབ་འཛིང་ནན་པོ་བྱས་པ། དེ་དཔེར་བླངས་ནས། ཐེངས་འདིར་ཡང་། ༸རྒྱལ་བ་རིན་པོ་ཆེ་དང་བློ་བཟང་སེངྒེ་གཉིས་ཀྱི་སུ་འདེམ། ཟེར་བའི་དྲི་བ་གནག་པོ་ཞིག་སླེབས་ནས་མཁས་དབང་བློ་བཟང་སེང་གེ་མཆོག་སྲིད་སྐྱོང་གི་ཁྲི་ལས་ཕབ་པར་དོགས་པ་ཆེ་ཡང་། ཕ་རོལ་པོའི་ཕྱི་ཆེ་ནང་ཆུང་གི་ཆབ་སྲིད་མི་སྣ་ཚོས་ལག་ཆ་དེ་བེད་སྤྱོད་གཏོང་བར་བསམ་བློ་མ་འཁོར་བ་དེ། སྟབས་ལེགས་པོ་བྱུང་པ་རེད་སྙམ།
གཞན་ཡང་། ༢༠༡༦/༣/༢༣ ཉིན། ༸གོང་ས་མཆོག་གིས། བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་ ༡༠༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་གནང་བའི་བཀའ་སློབ་དེ་དང་། དེའི་རྗེས་སུ་བོད་ཀྱི་དུས་བབ་གསར་ཁང་ནས། ༢༠༡༦/༡༠/༠༧ ཉིན། བཀའ་ཟུར་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་བཅར་འདྲི་ཞུས་པའི་གནས་ཚུལ་གཉིས་བྱུང་། སྐུའི་གཅེན་པོས། “གལ་ཆེ་ཤོས། ང་ཚོ་བོད་ལ་མ་ལོག་བར་དུ། བཀའ་ཤག་གི་སྒང་ལ་༸རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་ཐད་ཀར་གནང་དགོས། བར་ལམ་༸རྒྱལ་བ་རིན་པོ་ཆེས་ཐད་ཀར་དབུ་ཁྲིད་གནང་གི་མེད། དེ་སྐྱོན་ཆེན་པོ་གཅིག་རེད། ཚང་མ་གཅིག་འཛོམས་ན་ཡག་པོ་འདུག དེའི་སྐོར་ངས་༸རྒྱལ་བ་རིན་པོ་ཆེ་དང་བཀའ་ཤག གཞོན་ནུ་ལྷན་ཚོགས། ཨ་མདོའི་ཚོགས་པ་ཚོ་ལ་ཞུས་པ་ཡིན།” ཞེས་༸རྒྱལ་བ་རིན་པོ་ཆེ་ནས་མང་ཚོགས་ལ་མར་གནང་པའི་མང་གཙོའི་སྐུ་དབང་དེ་བསྐྱར་དུ་ཡར་བཞེས་དགོས་པར་སྐུལ་སློང་གནང་བར་བརྟེན། སྐབས་དེའི་སྤེན་ཚེའི་རྒྱབ་སྐྱོར་བ་སྐོར་ཞིག་ནས་༸གོང་ས་མཆོག་དང་སྐོུ་རྒྱལ་ལོ་གཉིས་ཀྱི་བཀའ་དེ་ཕེབས་པ་ཕྱིས་དྲགས་སོང་། ཞེས་འགྱོད་པ་ཆེན་པོ་བྱེད་བཞིན་པ་ནི་སྤྱི་ཚོགས་ནང་གི་ཡོངས་གྲགས་ཀྱི་སྐད་ཆ་ཞིག་རེད། གནད་དོན་དེ་ཚོར་ཞིབ་ནན་བྱས་ཚེ་གོང་ཞུའི་དོགས་པ་ཆེན་པོ་གཉིས་ངང་གིས་སླེབས་སོང་། གང་ལྟར་སྲས་རྒྱལ་ལོ་དོན་འགྲུབ་ཀྱིས་ཕུལ་བྱུང་གི་དཔའ་བོ་ལི་ཐང་ཨ་ཐར་ནོར་བུ་དང་མཁས་དབང་བློ་བཟང་སེངྒེ་གཉིས་ལ་ཆབ་སྲིད་ཀྱི་ཐོག་ནས་ལྟ་སྟངས་དང་སྲིད་དོན་གྱི་མེ་མདའི་རྭ་ཁ་སྐོར་སྟངས་འདྲ་མོ་ཡོད་པ་རེད།
གཉིས་པ། ཆུ་སྒང་གི་མ་འོངས་པའི་བྱེད་ཕྱོགས་ཐད། བོད་རང་ཁོངས་ཀྱི་སྤྱི་ཚོགས་གང་འདྲ་ཞིག་ཡིན་ཡང་། སྒྲིག་འཛུགས་ཀྱི་མདུན་ལམ་དང་། དམིགས་ཡུལ། ཁ་ཕྱོགས། ཡར་རྒྱས། ལེགས་སྤེལ་ཉེས་འགོག་བཅས་ཀྱི་ཐད་ནས་བསམ་བློ་གཏོང་དུས། ངེས་པར་དུ་ཉེན་ཁའི་ཕྱོགས་སམ་སྡུག་ས་ནས་ཕྱི་ནང་གིས་ཚུལ་རྒོལ་ལ་གདོང་ལེན་བྱེད་ཕྱོགས་བཅས་ཀྱི་གྲ་སྒྲིག་འཐུས་སྒོ་ཚང་བ། དམིགས་ཡུལ་ལ་རེ་བ་བཟང་ས་ནས་འཆར་སྣང་ཡག་པོ་ཞིག་ཡོད་དགོས་པ་དེ་རེད།
དེར་བརྟེན། གྲ་སྒྲིག་སྡུག་ས་ནས་བྱོས། རེ་བ་བཟང་ས་ནས་རྒྱོབས། ཟེར་བའི་སྐད་ཆ་དེའང་ཡོང་ཆོག་གི་རེད། འགག་དོག་སར་ཐུག་དུས། དཔེར་ན། ༢༠༡༦ གི་བོད་ཀྱི་རྒྱལ་ཡོངས་སྲིད་སྤྱིའི་འོས་བསྡུའི་སྐབས་ཀྱི་བྱེད་སྟངས་ལྟར། ལྷ་འཁྲུགས་འདྲེ་འཁྲུགས་བྱེད་ན་ཨེ་དགའ། ངོ་ལྐོག་ཕྱི་ནང་སློག་ན་ཨེ་དྲག དགྲ་དགའ་གཉེན་སྡུག་བྱེད་ན་ཨེ་བཟང་། ༸གོང་ས་མཆོག་གིས་གཙོས་རླབས་ཆེན་གྱི་མི་རབས་གོང་མ་ཚོས་སྐུ་ལས་སྐྱོན་པའི་སྤྱི་ཚོགས་ཧྲིལ་པོ་དེ་མདའ་དཀྲུགས་ཕུ་དཀྲུགས་བྱེད་ན་ཨེ་ཡོང་།
གང་ལྟར་ཤོག་ཁག་བསྒྲིགས་ནས་གནམ་འོག་གི་ཟིང་ཆ་ཡོད་ཚད་བསླངས་ན་ཡང་། མདོ་ཁམས་པའི་ཕྱོགས་ནས་ལངས་ཕྱོགས་གཏན་པོ་བཟུང་བ་ནི་མ་འོངས་མི་རབས་གསར་པས་མིག་དཔེ་འོས་པ་ཞིག་ཆགས་ཡོད། ཆུ་སྒང་གི་ལོ་རྒྱུས་ཐོག་གི་བྱས་རྗེས་དང་༸གོང་ས་མཆོག་གི་བཀའ་དགོངས་ལྟར་ད་ལྟ་ཉམས་ལེན་བྱེད་བཞིན་པའི་བོད་ཀྱི་མང་གཙོ། མང་གཙོའི་ལག་ལེན་ནང་འོས་བསྡུ་བྱས་ཏེ་སྤྱི་ཚོགས་ཀྱི་འགོ་ཁྲིད་འདེམས་ཕྱོགས་བཅས་ནི། བཙན་བྱོལ་ནང་གི་ཆོལ་ཁ་གཞན་པ་དང་། སྡེ་ཁག་གཞན་པ་སུས་ཀྱང་ཉམས་ལེན་བྱེད་མི་ཐུབ་པའི་བོད་ཀྱི་མང་གཙོའི་ཐད་ཀྱི་ལེགས་སྐྱེས་ཕུལ་དུ་བྱུང་བ་ཞིག་ཡིན།
ཆོལ་ཁ་གཞན་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་པོའི་ནང་མང་གཙོའི་ཐོག་ནས་འོས་འདེམས་ཀྱིས་འགོ་ཁྲིད་བསྐོ་བཞག་བྱས་པ་ཙམ་ཡོད་ཀྱང་། ཆུ་སྒང་གིས་བོད་གཞུང་ལྟར་ས་ཕྱོགས་སོ་སོར་ཡོངས་ཁྱབ་གསལ་བསྒྲགས་བྱས་ཏེ་རྒྱལ་ཡོངས་འོས་བསྡུའི་ལམ་ནས་འགོ་ཁྲིད་བསྐོ་བཞག་བྱས་པ་དེ་འདྲ་ཞིག་བྱུང་མ་མྱོང་། མི་སྨོན་རང་སྐྱིད་ཀྱི་རྗེས་དྲན་འོས་པའི་བྱ་བ་བཟང་པོ་དེ་དག་ནི་ནམ་ཡང་མདོ་ཁམས་ཆུ་སྒང་དབུས་ས་གཉིས་ནས་རྒྱུན་འཁྱོང་ལག་ལེན་བྱ་དགོས་པ་ཡིན། བྱེད་སྟངས་མང་པོ་ཞིག་ལ་ལྟ་དུས། ལས་དོན་དེའི་ཐོག་ཕྱོགས་གཞན་པས་སྡུག་ས་ནས་རྒྱ་དམར་གུང་ཁྲན་ལའང་ལག་པ་གཏོང་བའི་ཉེན་ཁ་མེད། ཅེས་སུས་ཀྱང་ཁ་ཚོད་བཅད་ནས་བཤད་མི་ཐུབ་པའི་ཚད་དུ་སླེབས་ཡོད་པས། ཁམས་པ་མི་མང་གིས་ངེས་པར་དུ་དོ་སྣང་དང་ཡིད་གཟབ་ཆེན་པོ་གནང་དགོོས།
སྤྱིར་དེང་སང་གི་དུས་ཚོད་དེ་དྲ་རྒྱའི་དུས་རབས་ཤིག་ཡིན་པས། རང་ངོས་ནས་སྤྱི་དོན་ལ་བྱས་རྗེས་ཇི་ཙམ་བཞག་ཡོད་མེད་དང་འགན་འཁུར་ཅི་ཞིག་ཁྱེར་ཡོད་མེད་ལ་བསམ་གཞིག་མི་བྱེད་པར། ཕ་རོལ་པོའི་བྱས་རྗེས་དང་ཡར་རྒྱས་ཀྱི་རྣམ་པར་ཕྲག་དོག་ནས་ཞེ་སྡང་མི་བཟོད་པས་དབང་གིས་དམའ་འབེབ་སྐྱོན་འདོགས་ཁོ་ནས་དུས་ཚོད་བསྐྱེལ། དེའི་ཁྱབ་ཁོངས་སུ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ད་ལྟའི་ལྷིང་འཇགས་དང་ཡར་རྒྱས། མང་གཙོའི་མདུན་སྐྱོད་བཅས་ནི་ཁོང་ཚོའི་སེམས་ནང་གི་ན་ཚ་ཆེ་ཤོས་སུ་གྱུར་ཡོད། ཐེངས་འདིའི་ཆུ་སྒང་གི་རྒྱལ་ཡོངས་འོས་བསྡུ་དེ་ ༢༠༡༦ གི་བོད་ཀྱི་འོས་བསྡུའི་ཟིང་སློང་ལྟ་བུ་ཞིག་བྱུང་ན་སྙམ་པའི་རེ་བ་དང་། གོ་སྐབས་དེ་བཟུང་ནས་དབུ་མ་དང་རང་བཙན་གྱི་ནང་རྩོད་ལག་ཆ་བྱས་ཏེ་ཁམས་པའི་གོང་བུ་གཅིག་གྱུར་ལ་གཏོར་གཤིག་གཏོང་ཐབས། དེ་སྔ་བེད་སྤྱོད་ཡག་པོ་ཞིག་གཏོང་མྱོང་བ་ཆུ་སྒང་གསར་རྙིང་གཉིས། མི་རབས་གསར་རྙིང་གཉིས། གསར་འབྱོར་རྙིང་འབྱོར་གཉིས། ལམ་ལུགས་གསར་རྙིང་གཉིས། བཀའ་བརྒྱུད་པ་ཁག་གཉིས། གཞོན་ནུ་ཤོག་ཁག་གཉིས། ཤུགས་ལྡན་དང་འབྲེལ་བའི་ནང་ཁུལ་འབུར་འཇོམས་ཀྱི་འཐབ་རྩོད། སོགས་ཅི་ཐོབ་ཐོབ་ཀྱིས་ལག་ཆ་མཁོ་བསྡུ་བྱས་པ། དད་པ་དང་བྱས་རྗེས་ཆེ་མིན་ཇི་ལྟར་ཡང་། ༸གོང་ས་མཆོག་དང་ཐག་ཉེ་བའི་གོ་གནས་བཟུང་སྟེ་དབུ་མའི་ལམ་དང་ཁམས་པའི་འོས་བསྡུ་གཉིས་ཀྱི་གནད་དོན་མཉམ་བསྲེས་བྱས་ནས། གོང་མའི་ཞབས་ཕྱི་དང་བཅས་པར་སྤྲེལ་ལད་བྱེད་པའི་ལག་ཆར་བེད་སྤྱོད་གཏོང་བ་སོགས། ཐག་ཉེ་རིང་གི་ཉེན་ཁ་མང་པོ་ཞིག་འདུག་ན། ཁམས་རིགས་མི་མང་ནས། ཤི་གསོན་གཉིས་ཀའི་དགྲ་འཁོན་ཡོད་པའི་འཐབ་རྩོད་བྱ་ཡུལ་རྒྱ་དམར་གུང་ཁྲན་དང་། འཐབ་ཕྱོགས་གཅིག་འགྱུར་གྱི་མིང་འཛིན་པའི་སྡེ་ཁག་གཞན་པའི་ཕྱོགས་བཅས། ཕྱི་ནང་གཉིས་ཐད་ནས་གཟབ་གཟབ་བྱེད་དགོས་པ་ནི་ཁ་ཚ་དགོས་བསྟུག་གི་ཆབ་སྲིད་ཀྱི་གནད་དོན་ཞིག་ཏུ་གྱུར་ཡོད་པ་རེད།
མདོར་ན། སླེབས་ལ་ཉེ་བའི་ཆུ་སྒང་དབུས་རྒྱུན་གསར་པ་ནི། ཆུ་སྒང་གི་ལོ་རྒྱུས་བདག་པོ་རྒྱབ་ཐུབ་མཁན། ཆུ་སྒང་རྒྱུན་འཛིན་ལ་ནུས་ཤུགས་འདོན་ཐུབ་པ་ཞིག་དགོས་པ་མ་གཏོགས། ཆུ་སྒང་ལ་གཤག་བཅོས་གཏོང་མཁན་གྱི་ཕྱི་ཇུས་ནང་འདྲེན་བྱེད་མཁན་ཞིག་ནམ་ཡང་དགོས་ཀྱི་མེད། མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱལ་ཡོངས་འོས་བསྡུ་དེ་བཞིན། རྒྱལ་ཁབ་གཞན་པའམ་བོད་གཞུང་གི་ཁྲིམས་སྒྲིག་ཁག་ནས་ལེགས་ཆ་བླངས་ཏེ། རྒྱལ་ཡོངས་འོས་བསྡུ་བྱེད་ཕྱོགས་ཐད། དབུས་དང་ས་གནས་འོས་བསྡུ་ལས་ཁུངས་སོ་སོ་ནས་འོས་བསྡུའི་འགན་ལེན་བྱེད་སྟངས། འོས་གཞིར་ཞུགས་པའི་གནད་ཡོད་མི་སྣས་འོས་གཞིར་མཉམ་ཞུགས་བྱེད་ཕྱོགས། རྒྱལ་ཡོངས་ཁམས་པ་མི་མང་ནས་ཀྱང་འོས་འཕེན་པའི་ཆ་ཤས་བཞེས་སྟངས་སོགས། ད་ཡོད་ཆུ་སྒང་གི་འོས་སྒྲིག་ཡིག་ཆར་མི་གསལ་བ་རྣམས་ཀྱང་ཁ་སྐོང་མཚན་ཉིད་ཚང་བ་བྱ་དགོས་པ་བཅས་ཀྱང་ནན་ཞུ་བྱ་རྒྱུ་ཡིན།
དགེ་བཤེས་སེར་སྨད་བློ་དགའ་ནས། ༢༠༡༧/༤/༤ ཉིན་སྤེལ།
ཧ་ཧ ད་ཡང་སླར་ཡང་ཕྱོགས་ལྷུང་གིས་བསྒྲིབས་པའི་རྩོམ་ཉོག་གཅིག་ལས་གནད་དོན་གསར་པ་གང་ཡང་གོ་རྒྱུ་མི་འདུག
ང་མདོ་སྟོད་པ་ཞིག་ཡིན། སྐད་ཆ་ཕྱོགས་སུ་མ་ལྷུང་པར་ཞུས་ན། སེར་སྨད་བློ་དགས་ཆེན་པོ་ཞིག་བཤད་རྩིས་ཞུས་འདུག་ཀྱང་། ཡི་གེ་ལྷུ་སྒྲིག་སྟངས་ཀྱི་དག་ཆ་དང་སྡེབ་སྦྱོ་གཅིག་པུའི་ངོས་ནས་ཀྱང་བརྡ་འཕྲོད་པ་ཞིག་འབྲི་ནུས་མི་འདུག་པ་དེས། གནད་དོན་མང་པོ་ཞིག་གསལ་བཤད་ཞུས་འདུག
སྤྱིར་སེར་སྨད་བློ་དགའ་ལགས། རྡོ་ཐུག་དུས་རྡོ་དང་ས་ཐུག་དུས་ས་ཡིན་པ་ང་ཚོས་ལོས་ཤེས། དེ་སྔ་དབུ་མའི་ལམ་ཟེར་མཁན་ཁོ་རང་རེད། ལི་ཐང་ཨ་ཐར་གྱིས་གང་མིན་ཚད་བྱས་སོང་ལབ་ནས་ལམ་ཁ་ཞིག་ཨེ་རག་བལྟས་པ་རེད། ལས་བསགས་མེད་སྟབས་འཆར་གཞི་དེར་གྲུབ་འབྲས་མ་ཐོན་པ་རེད།
དེའི་རྗེས་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་ས་གཉིས་ནས་འགན་བླངས་པ་རེད། ད་དུང་རྡ་སར་འབྱོར་རྗེས་མི་མང་པོར་ངས་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེར་དད་གུས་བརྩི་བཀུར་བྱེད་ཀྱི་ཡོད་སྟབས། ང་ཁམས་པ་མི་ངན་ཁ་ཤས་ཀྱིས་དགྲར་འཛིན་པ་མ་ཟད། སྤྱི་འཐུས་ལའང་ཐོབ་ཀྱི་ཡོད་པ་མ་རེད་ཅེས་ཞལ་དྲོན་མོ་ནས་གསུངས་པ་རེད། རྡ་རམ་ཤཱ་ལར་མི་མང་པོས་མཁྱེན་གྱི་ཡོད་པ་རེད། དེ་ནས་སྤྱི་འཐུས་ལ་རེ་བ་མེད་པ་ཁོ་ཐག་ཆོད་ཅིང་། རྒྱལ་ཡོངས་མང་གཙོ་ཚོགས་པ་ཟེར་བ་ལྐོག་ཟ་རུལ་སུངས་པ་ཞིག་དེང་ཚོགས་གཙོ་ཡིན་པའི་ཚོགས་པ་དེ་ནས་དགོངས་པ་ཞུས་པ་རེད། ཁ་གཡར་ས་རྡ་སའི་སེར་སྨད་སྙུང་གནས་ལྷ་ཁང་གི་ཕྱག་མཛོད་དུ་འདུག་དགོས་པས་གསུངས་པ་རེད། དོན་དག ཆབ་སྲིད་ཀྱི་སྡིངས་ཆ་གཡུགས་ཏེ་ཆོས་ཀྱི་སྡིངས་ཆའང་མིན་པའི་པེད་ཤག་མཁོ་སྒྲུབ་བམ་པེད་ཤག་དང་ཐད་འབྲེལ་ཡོད་ས་ཞིག་བདམས་པ་རེད། དེས་ཁོང་གི་ཆོད་སེམས་དང་ཁ་དོག་མཐོང་མཐོང་པ་རེད།
དེ་ནས་སྲིད་སྤྱིའི་འོས་བསྡུའི་ནང་ཞུགས་པ་རེད། སྤྱི་འཐུས་ལ་མི་གཤིས་བརྟན་པོ་མེད་མཁན་སྐབས་འཚོལ་བའི་ལམ་ཀར་ཞུགས་མཁན་ཚོར་རེ་བ་མེད་པ་ཤེས་གསལ་ཡིན་ཡང་། རེ་བ་ཞིག་བསྐྱར་དུ་བརྒྱབས་ནས་སྲིད་སྐྱོང་འོས་མི་བློ་བཟང་སེང་གེར་བསྟད་ན་ཨེ་དྲག སྤྲུལ་སྐུ་ཨྱོན་སྟོབས་རྒྱལ་ལ་སྨད་ན་ཨེ་དྲག སྤེན་པ་ཚེ་རིང་ལ་སྡུག་ན་ཨེ་དྲག གདན་སའི་མཁན་ལས་སྣེ་ཚོར་གསོལ་བ་བཏབས་ན་ཨེ་དྲག མདོ་སྟོད་སྤྱི་འཐུས་ལས་ཐོགས་པ་ཚོར་སྐྱབས་འཇུག་ཞུས་ན་ཨེ་དྲག་སོགས། བྱ་རྒྱུ་མེད་ན་མ་གཏོགས་མ་བྱས་པ་གཅིག་ཀྱང་མེད་སྟབས། གནམ་འོག་གི་གསར་འགྱུར་ཚན་པ་ཞེས་མི་རྣམས་སྐྱུགས་བྲོ་བའི་ཟློས་གར་ཞིག་འཁྲབ་ཡོད། སྐྱུགས་བྲོ་མཁན་དེ་ཆོལ་ཁ་བྱེ་བྲག་པ་ཞིག་གཏན་ནས་མ་རེད། དེ་ཧ་ཅང་གསལ་བོ་ཡིན།
ཐབས་སྐྱོ་བ་ཞིག་ལ། དགེ་ལུགས་སྤྱི་འཐུས་ནང་ལྟ་ཅི། མདོ་སྟོད་སྤྱི་འཐུས་ནང་དུ་ཡང་མ་ཚུད་པར། མཐར་རང་མདོག་གསལ་ཞིང་གསལ་བ་ཞིག་བསྟན་ཚར།
ད་དེ་རིང་སང་ཉིན། མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་གསར་འདེམས་སྐབས། ཡང་མི་རྙིང་པར་ལྷ་གསར་པ་ཞིག་ཞུགས་ཡོད་མདོག་མདོག་བྱེད་ཀྱི་ཡོད་པ་རེད། ཕུ་ག་ཚོད་བརྒྱབས་ཀྱང་། གནམ་ལ་ག་ཚོད་ལྡང་ཡང་། སེར་སྨད་བློ་དགའ་སེར་སྨད་བློ་དགའ་རང་ཡིན་སྟབས། གཏམ་གསར་པ་དང་མི་གཞི་གསར་པ་ཞིག་མེད་པ་ལོས་ཤེས།
འོན་ཏང་ཐབས་སྐྱོ་བ་ཞིག་ནི། ཆུ་སྒང་ནང་ཁུལ་གྱི་བསམ་ཚུལ་ཅུང་མ་མཐུན་པ་རྣམས་སྤྱང་ཀིར་ཤ་རེག་པ་ལྟར་རྒྱ་བསྒྲགས་སྦིར་བསྒྲགས་བྱས་པ་དེ་རེད། བོད་གཞུང་མང་གཙོ་ཡིན་དུས་ཆུ་སྒང་མང་གཙོ་ལོས་ཡིན། བསམ་ཚུལ་མ་མཐུན་པ་ཡོང་ལོས་ཆོག དེ་ཧང་སངས་པ་ཞིག་ཅང་མ་རེད། ད་དུང་། རང་ཉིད་བསམ་ཚུལ་གང་ཡང་རུང་བ་གཅིག་གི་ཕྱོགས་སུ་འདུག་ཁུལ་གྱི་རྣམ་པ་གསལ་སྟོན་བྱ་ཆེད། སྲིད་སྐྱོང་བློ་བཟང་སེང་གེ་ཨ་ཐར་ནོར་བུ་གཉིས་བསྡུར་བ་སོགས་མི་ཚད་ལྡན་ཞིག་གིས་ནམ་ཡང་བཤད་མི་སྲིད། ལས་མི་སྲིད་པའི་གཏམ་འཆལ་ཀུན་དུ་བཀྲམས་དགྲ་དགའ་གཉེན་སྡུག རང་འཚང་ཕྱི་ཤོར་ལས་མེད་པ་གསལ་བོ་རེད་གདའ།
ཨ་ལེ། བྱས་ན་སེར་སྨད་བློ་དགའ་ཟེར་པ་སེ་ར་དགོན་པ་ལ་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་མཁན་དེ་ཡིན་པ་རེད།
ཟིང་བརྒྱག་མཁན་སུ་ཡིན་རང་བློ་རང་ལ་ལྐོག་ཏུ་མ་གྱུར་བ་ཡིན་པས་རྐུན་མ་གནོངས་ཅན་གྱིས་བསྐྱར་བཤད་ཀྱི་དཔེ་རེད།
བཙན་བྱོལ་གྱི་ལོ་རྒྱུས་ནང་དུ་དུས་ངན་སྐྱོན་ཅན་ཁ་ཤས་བྱུང་བ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གི་བཀའ་སློབ་ཅིག་ཏུ་གསལ་པོ་འཁོད་ཡོད་པ་དེར་ཞིབ་གཟིགས་གནང་གལ།
དེ་བཞིན་ལི་ཐང་ཨ་ཐར་ཅན་སོགས་ཁག་གཅིག་གིས་མདོ་སྟོད་ཚོགས་པའི་མིང་ཐོག་ཐའེ་ཝན་དང་ལྷན་གྲོས་ཆོད་དོན་ཚན་གསུམ་བཞག་པའི་སྐོར་ལའང་ཟམ་གདོང་རིན་པོ་ཆེ་བཀའ་བློན་ཁྲི་བ་གནང་སྐབས་ལང་ཕྱོགས་གསལ་སྟོན་གནང་བ་ལྟར་དེར་གཟིགས་གལ།
ལར་གཏམ་བདག་པོས་བཤད་རྒྱུ་གཡོག་པོས་བཤད་པའི་དཔེ་ལྟར་འཆལ་བོ་བློ་དགའ་ཅན་འདིས་ཐེ་ཆུའི་གྲོས་ཆོད་དོན་ཚན་གསུམ་གླེང་གིན་འདུག་མོད། དཔེར་ན། ནེའུ་ཡོག་ས་གནས་ཆུ་སྒང་རྒྱུན་ལས་ཀྱིས་ཐའེ་ཝན་དང་ལྷན་གྲོས་ཆོད་བཞག་སྟེ་ཆུ་བཞི་སྒང་དྲུག་བོད་ཆོལ་ཁ་གསུམ་གྱི་བྱས་པ་ཅན་གྱི་སྔོན་རབས་དཔའ་བོ་དག་གི་མཚན་གནས་དང་རྗེས་སུ་འབྲེལ་ཡོད་པས་ཆོལ་ཁ་གཅིག་ལ་དབང་བ་མ་ཡིན་པར་ཐུན་མོང་གི་སྤྱི་རྒྱུ་ཡིན་ལྟ་བུའི་གྲོས་ཆོད་ཅིག་བཞག་ཚེ་མདོ་ཁམས་ཆུ་སྒང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ཅི་ཟེར་རམ།
ཡང་ན་དཔེར་ན། ལི་ཐང་སྐྱིད་སྡུག་གིས་རྒྱ་ནག་དང་ལྷན་དུ་བྷང་ལོར་ནས་གྲོས་ཆོད་བཞག་སྟེ་མདོ་སྟོད་ནི་གནའ་སྔ་མོ་ནས་རྒྱ་ཁུངས་ཡིན་པ་དང་རྒྱ་ནག་དང་མཉམ་གནས་ཀྱིས་རང་ལུགས་རང་སྐྱོང་བྱ་རྒྱུ་ཞེས་གྲོས་ཆོད་བཞག་ཚེ་མདོ་ཁམས་ཆུ་སྒང་དབུས་རྒྱུན་གྱིས་དེ་ལྟར་ངོས་ལེན་བྱ་དགོས་པ་རེད་དམ།
ཁྱོད་རང་ཆུ་སྒང་དབུས་རྒྱུན་ལ་འགྲོ་ཆེད་དུ་བོད་ཆོལ་ཁ་གསུམ་ནང་ཁུལ་ལ་ཕུ་དཀྲུགས་མདའ་དཀྲུགས། ལོ་རྒྱུས་འཁོྱག་བརྗོད་བྱེད་རྒྱུར་བག་མི་ཚའམ། རང་དོན་ལ་ཐུག་དུས་སྤྱི་དོན་ཡ་མེད་བྱེད་སྲོལ་འདི་བསོད་ནམས་དམན་པའི་ལས་རང་རེད།
ཤེས་ཡོན་དང་སྤྱི་སེམས་ཀྱི་མི་འདེང་བས། ཞེས་པ་ལ་བོད་སྐད་རྙིང་ལྟར་ན། ཤེས་ཡོན་དང་སྤྱི་སེམས་ཀྱིས་མི་ལྡང་བས། ཞེས་འབྲི་དགོས་པ་ཡིན་ནམ་སྙམ།
་
བོད་ཡུལ་གཞི་་བྱེས་དག་ཏུ་བཀྲ་ཤིས་པར་འདོད་ན།
བོད་ཡིག་གི་དག་ཆ་ལེགས་པར་དགོས་པ་གལ་ཆེ།
་
བསྟན་དར་ལྷ་རམས་པས།་རང་གི་གསུང་འབུམ། དེབ་ཤོག་གྲངས་ ༥༧༥་ན།
“རྒྱལ་དབང་བརྒྱད་པའི་ཡོངས་འཛིན་རིན་པོ་ཆེ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས། གང་དུ་བསྟན་པ་དར་བ་དེ་ན་ཡི་གེ་ཤིན་ཏུ་དག་པོ་བྱུང་ཞིང་བསྟན་པ་འཕང་དམའ་རུ་སོང་བ་ན་ཡི་གེ་ཡང་ཅལ་ཅོལ་དུ་འགྲོ་བ་ཡིན་ཞེས་གསུང་ཆོས་ཀྱི་སྐབས་ཁྲོམ་བཤད་དུ་སྩལ་ཀྱིན་འདུག་པ་བདག་གིས་དངོས་སུ་ཐོས་སོ། ”
ཞེས་པ་འདི་རྣམས་དགེ་བཤེས་སེར་སྨད་བློ་དགའ་ལེགས་ཀྱིས་ཉམས་བཞེས་མཛད་ཅིང་། རང་ཕྱོགས་དག་ལ་ཡང་གསུང་བར་འཚལ།
དམག་མ་འཐོབ་པ་ལ་དམག་གི་སྒྲིག་འཛུགས་ལ་གུས་བཀུར་ཞུ་དགོས་དོན་་མེད།
ལྷག་པར་གསར་འབྱོར་པ་ཚོས་ཆུ་སྒང་གི་དམག་མི་ཡིན་མདོག་བྱེད་པ་དང་ཁོང་ཚོར་ཐོབ་ཐང་དགོས་མདོག་བྱེད་པ་དེ་བགད་མོ་ཤོར་ཡོང་གི་འདུག
ངས་ནི་ཆུ་སྒང་ཟེར་བ་དེ།
གོ་མཚོན་གོ་ཆ་ཐེགས་ནས།
རང་ས་བཞག་ནས།
སྲོག་མགོ་ཐོན་ས་ཞིག་ལ་བྲོས་སོང་བའི་(འཆི་མི་ཐུབ་པའི་གོ་མཚོན་ཅན་)འགའ་ཞིག་ལས། བོད་ཕྱི་ནང་གི་བསྟན་པ་ཆབ་སྲིད་ལ་དེ་འདྲའི་གལ་ཆེན་པོ་ཞིག་ཡིན་པ་མི་ཤེས།
སེར་སྨད་བློ་དགའ་ཟེར་མི་འདིས། ད་རེས་གནད་ལ་ཁེལ་བའི་དཔྱད་རྩོམ་ཞིག་བྲིས་འདུག
དཔའ་བོ་ཡིན་ན་དམག་གི་རྒྱལ་ཁ་འཐོབ་དགོས། དཔེར་ན། སོག་པོ་ཇིང་གིར་རྒྱལ་པོ་ལྟ་བུ་ ༼ Changis khan༽ དེ་མིན་ནའང་འཛིངས་ནས་གཡུལ་སར་ཤི་དགོས། གཞན་དཔའ་བོའི་མིང་མི་ཐོགས། ཁོ་རེ་སྡར་མ་ཚོ།
སེར་སྨད་བློ་དགའ་ལགས་རང་ཉིད་འདོད་བློ་མི་ཁེངས་པའི་གནས་ཚུལ་བྱུང་སྐབས་ཐུགས་རྗེ་གཟིགས་བོད་ཆོལ་ཁ་གསུམ་གྱི་མཐུན་སྒྲིལ་སྡོག་རྩ་གཅིག་སྒྲིལ་དཀྲུགས་ཐབས་མ་གནང་རོག་གནང་་་་་་་་་་་་་་་་་་་་་་་་་་་་མ་གཞི་ནས་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཡོད་བཞིན་དུ་ཨ་ཐར་ཟེར་བའི་མི་ངན་རེ་ཟུང་གིས་དེ་འདྲའི་གྲོད་ཆོད་འཇོག་རྒྱུའི་དབང་ཚད་ཡོད་པ་རེད་དམ་་་་་་་་་་་་་བློ་དགའ་ལགས་སྤྲང་པོའི་དབྱུག་པ་ལའང་མགོ་འཇུག་ཡོད་པ་རེད་་་་་་
སེར་སྨད་བློ་དགས་ཡག་པོ་ཉོན། གོང་གི་ཁྱོད་ཀྱི་འཆལ་གཏམ་དེའི་ནང་། ༼༼༼ དྲི་བ་གཉིས་པ། ༡༩༩༤ ལོའི་ཟླ་ ༣ པའི་རྗེས་སུ། སྒེར་འཁོན་གྱི་ཀུན་སློང་འོག་ནས་ཆུ་སྒང་དང་འབྲེལ་བའི་གཞི་མེད་རྩོད་རྙོག་ཅིག་བསླངས་ཏེ། སྐབས་དེའི་བདེ་སྲུང་བཀའ་བློན་རྒྱ་ལོ་དོན་འགྲུབ་ཀྱིས་སྣེ་ཁྲིད་ནས། རྒྱལ་བ་རིན་པོ་ཆེ་འདེམ་གྱི་ཡིན་ནམ། ལི་ཐང་ཨ་ཐར་འདེམ་གྱི་ཡིན། ཟེར་བའི་ཡོངས་ཁྱབ་ཀྱི་དྲི་བ་ཞིག་གིས་ལི་ཐང་ཨ་ཐར་ཅན་ལ་འཐབ་འཛིང་ནན་པོ་བྱས་པ། ༽༽༽ ཅེས་བྲིས་འདུག་པ་དེ་ཅི་ཟེར་ལེ་རེད། ༡༩༩༤ ལོར་རྒྱ་ལོ་དོན་འགྲུབ་བདེ་སྲུང་བཀའ་བློན་ཡིན་སྟངས་ག་འདྲ་རེད་དམ། སྐྱག་ཟན། སྐྱག་རྫུན་མ་ཤོད་ཏ།
འབྲོང་བུ་ལགས་ཁྱེད་རང་ལ་ཐུགས་ཁག་མེད་འདུག་་་་འོན་ཀྱང་ཁམས་རིགས་ཚང་མ་མ་རེད་བྱེད་སྟེ་མི་ངན་རེ་ཟུང་དང་དེའི་འོག་རྒྱུག་ཁྱི་ཨབ་ཕྲུག་ཁ་བཤད་ལས་ཡོད་མ་རེད་
དཔེ་མཚོན་ཙམ་ཞུས་ན་་་ཇུ་ཆེན་ཐུབ་བསྟར་དང་ལི་ཐང་ཨ་ཐར་་་་བྲའུ་དཔོན་་་ཟེར་མཁན་དེ་ཚོའི་ཨབ་ཕྲུག་དེང་སང་སྤྱི་འཐུས་ནང་ལ་ཡོད་པ་རེད་ལ་གོང་གི་སེར་སྨད་བློ་དགའ་ཟེར་མཁན་དེ་ཚོ་རེད་་་་་་་་་་་་་་དྲ་རྒྱ་དེའོ་ནང་ཕེབས་མཁན་རྣམས་ལ་ཞུ་རྒྱུར་་་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ནས་ཕྱི་ལོ་་2011་་ཟླ་བ་2ཚེས་23་ནིན་འདོན་སྤེལ་བྱས་པའི་་་་་བདེན་དོན་རྡོ་རྗེའི་བྲག་རི།་་་་་ཞེས་པ་ཐེངས་གཅིག་ཀློག་གནང་དང་ཧ་ཅང་གསལ་པོ་མཁྱེན་གྱི་རེད།
བློ་དགའི་བློ་ལོག་ལ།།
ཞེན་པ་གཏིང་ནས་ལོག །
བློ་དཀར་གཞུང་དྲང་ཞིག །
མིན་པ་སྔར་ནས་ཤེས།།
སྲིད་སྐྱོང་འོས་བསྡུས་སྐབས།།
ནང་དཀྲུགས་སྣ་དགུ་བྱས།།
གོ་སར་རྔམ་དྲགས་ནས།།
མི་ཚུགས་གཏིང་ནས་བརྗེད།།
ཆུ་སྒང་འོས་བསྡུ་ལ།།
སླར་ཡང་སྨྱོ་གཏམ་བཤད།།
སྤྱི་དོན་ཡིན་མདོག་གིས།།
རང་དོན་ལྐོག་ནས་བསྒྲུབ།།
ཡིག་ཕྲེང་ཁ་ཤས་འདི།།
རྫུན་དང་ཕྲ་མས་ཁེངས་།།
བདེན་པའི་གནས་ལུགས་ཤིག །
མིག་བརྒྱས་བཙལ་ཀྱང་མེད།།
ཨ་རོད་བློ་དགའ་ཁྱེད་ཀྱི་རྩོམ་ནང་དུ་བློ་བཟང་སེང་གེ་བོད་ཁམས་ཕྱོགས་ཀྱི་ལི་ཐང་ནས་རེད་ཟེར།་་་་ང་བགད་མོ་ཤོར་སོེང་།་་བློ་བཟང་སེང་གེ་རྒྱ་གར་བྱང་ཤར་རྡ་རྗེ་ཀླུ་ནས་སྐྱེས་པའི་རོང་ཕྲུག་ཞིག་རེད།་་དེ་ཁམས་ལི་ཐང་ནས་ཅི་ལྟར་ཡིན་ནམ།
༄༅། སེར་སྨད་བློ་དགའ་ཁྱོེད་ཆོས་བྱེད་དགོས་པ་ལས་སྲིད་དོན་ཤེས་མེད་གཏམ་འཆལ་མ་ཤོད་་་དུས་ཚོད་འཕྲོ་བརླག་རེད། བདེན་ལ་མི་བདེན་པའི་སྐད་ཆ་མ་ཤོག་
མ་གཞི་བོད་པའི་སྤྱི་ཚོགས་ཆུང་ངུའི་ནང་དགྲ་དགའ་གཉེན་སྡུག་བྱེད་མཁན་བྱུང་ཡོད་པ་ནི། ལི་ཐང་ཨ་ཐ་ཟེར་བ་དེ་དང། ཨ་ལོ་ཆོས་མཛད་ཟེར་བ། དགྲ་འུ་དཔོན་རིན་ཆེན་ཟེར་བ་དེ་ཚོ་ཤེས་ཡོན་མེད། རྒྱལ་ཞེན་མེད། སྒོར་མོ་ལ་དགའ་ནས་ཕ་ཡུལ་ལ་གཅེས་འཛིན་མེད་མཁན་དེ་ཚོ་ནི་ཀླད་མེད་རང་རེད། ལམ་ལྷོང་ཡང་ག་ནས་ཡོང། རྒྱ་གུང་བྲན་སྒོར་མོ་བྱུང་ན། བོད་རྒྱལ་ཁབ་སེམས་ནང་མི་འཁོར་། ཞེས་་ལྟར་རོ།
སེར་སྨད་བློ་དགའ་ཟེར་བ་འདི་ཧ་ཅང་འཁྲབ་སྟོན་པ་ཞིག་རེད། སྔོན་མར་མདོ་སྟོད་ཆུ་སྒང་ལ་འདྲ་མིན་སྣ་ཚོགས་བཤད་མཁན་རེད། དེང་སང་ཅི་ཡང་མ་ཐོབ་དུས་ཆོལ་གསུམ་བར་གཡེན་དཀྲུགས་བྱས་ནས་ཆུ་སྒང་འོས་མི་ལ་འཚངས་ཀི་འདུག དུས་ནམ་ཡང་ངོ་གཉིས་དང་ཁེ་ཕན་རྐུབ་ཀྱོག་ལ་རྔམ་པའི་ཁྱེད་ལ་ང་ཚོས་གོ་སྐབས་སྤྲད་ཀྱི་མ་རེད།