རྔ་བ་བློ་གྲོས་རབ་བརྟན།
ང་ནི་མི་ལས་ངན་ཞིག་ཡིན་ས་རེད། རྩོམ་ཡིག་རེ་བྲིས་ཏེ་ཡོངས་ཁྱབ་ཏུ་སྤེལ་ན། རྐུན་མ་ཁག་ཅིག་གིས་བརྐུས་བརྐུས་པ་རེད། ད་ཐེངས་ཡང་༼ཀླུ་མཁར་བྱམས་འདི་ན་བྲིས་ཡོད༽ ཅེས་པའི་ཆེད་རྩོམ་དེ་རྐུན་ལ་ཤོར་སོང་། ངས་ཆེད་རྩོམ་དེ་༼བོད་ཀྱི་དུས་བབ༽ དྲ་རྒྱར་ 3/16/17 ཉིན་སྤེལ་བ་ཡིན་ལ། ཀློག་མཁན་ཡང་གང་འཚམས་མང་པོ་བྱུང་འདུག འོན་ཀྱང་ཉིན་འགའི་སྔོན་ངོ་དེབ་ནས་ Tenzin Kay འབོད་པ་ཞིག་གིས་ཁོའི་ངོ་དེབ་ཏུ་སྤེལ་ཏེ་རང་རྩོམ་ཡིན་མདོག་བསྟན་འདུག་ལ། རྩོམ་དེ་གང་ནས་འདྲེན་བཀོད་བྱས་པ་དང་རྩོམ་པ་པོའི་མིང་བྲིས་མི་འདུག་ལ། རྩོམ་གྱི་ཁ་བྱང་དེ་ཡང་མེད་པར་བཟོས་འདུག
ངས་ངོ་དེབ་ཀྱི་སྒེར་འབྲེལ་དང་གཞན་མཆན་འགོད་ས་དེར་གསལ་བཤད་དགོས་པའི་འཕྲིན་ཡིག་བསྐུར་ཏེ། ཉིན་འགའ་འགོར་རྗེས་སྒེར་ཐོག་ཏུ་ལན་འགའ་འབྱོར་འདུག ༼ལན་པར་ལ་གཟིགས་རོགས༽
རྩོམ་ཡིག་ཅིག་རང་ལ་དགོས་མཁོའམ་དེ་ཡག་པོ་མཐོང་ན། དེ་འདྲེན་བཀོད་བྱ་ཆོག་ལ། དེ་བེད་སྤྱོད་ཀྱང་ཆོག་པའི་རིགས་གཅིག་ཡོད། ཡིན་ནའང་རྩོམ་དེ་འདྲེན་ཁོངས་དང་རྩོམ་པ་པོ་གསལ་དགོས་པ་དེ་འགྲོ་སྟངས་ཤིག་རེད། དེ་ལྟར་མ་བྱས་པར་རྩོམ་དེ་བཀོད་ན་རྐུན་མ་རེད་ལ། རྐུན་མའི་ནང་ནས་རྩོམ་རྐུན་རེད།
ད་དུང་བཤད་ན། རྩོམ་ཡིག་དེ་རྩོམ་པ་པོའི་རྒྱུ་ནོར་རེད། གཞན་གྱི་རྒྱུ་ནོར་ཆོག་མཆན་མེད་པར་འཕྲོག་པ་རེད། དེ་བདག་དབང་འཕྲོག་པའི་གནད་དོན་ཀྱང་རེད། བརྐུ་བྱས་པའི་ནག་ཉེས་དང་གཞན་གྱི་བདག་དབང་འཕྲོག་པའི་གནད་དོན་བཅས་ཕྱོགས་གཉིས་ནས་ཁ་མཆུ་རྒྱག་ཆོག
དེ་སྔོན་ཞིག་ལ་ཡང་ངའི་རྩོམ་ཡིག་ཅིག་རྐུན་ལ་ཤོར་བའི་གནས་ཚུལ་ཞིག་སྤེལ་བ་ཡིན་ལ། མཆན་འགོད་མཁན་འགས་དེ་ག་རེ་ཡོད་རེད། རྩོམ་ཆོག་དེ་ཟེར་ནས་རྐུན་མའི་སྒང་ལ་ཁྲོ་བའི་ཚབ་ལ་རྩོམ་པ་པོའི་སྒང་ལ་ཁྲོ་མཁན་ཡང་འདུག ད་དུང་ཁྱོད་ཀྱི་རྩོམ་ཡིག་འགྲེམ་སྤེལ་ལ་རོགས་འདེགས་བྱས་པ་རེད། ཁྱོད་ཀྱིས་ཁོ་ལ་ཐུགས་རྗེ་ཆེ་ཞུ་དགོས་པ་རེད་ཟེར། ང་དངོས་ནས་སྐད་ཆ་བཤད་སྟངས་དེར་ཕྲན་བུ་ཡ་མཚན་པོ་བྱུང་ལ། ལན་ཅི་ཞིག་རྒྱག་དགོས་པ་འང་ཤེས་མ་སོང་། རྐུན་མ་ལ་དཔའ་དར་ཟེར་བའི་གཏམ་དཔེ་དེ་དྲན་སོང་།
ད་ཐེངས་ཡིན་ལུགས་ཚུལ་མཐུན་གྱིས་Tenzin Kay ལ་གསལ་བཤད་དགོས་སྐོར་ཞུས་པར་ལན་སྐྱག་པ་ཕུལ་ཡོད་ཟེར། འདི་མི་ཞིག་ཡིན་པ་གཞིར་བཞག་གིས་བསམ་བློ་བཏང་ན། མི་ཞིག་གི་ས་ནས་སམ་བསམ་བློ་ཡོད་མཁན་ཞིག་གི་གནས་རིམ་ན་མེད་པར་གསལ་བོ་ཆགས་སོང་། དེར་བརྟེན་ལས་ཀ་འང་དེ་འདྲ་མ་གཏོགས་མེད་པའམ་མི་ཤེས་པ་དེ་འདི་ནས་གསལ་བོ་མཐོང་སོང་།
ང་ནི་ང་རང་གི་རྩོམ་ལ་ཡིད་ཆེས་ཡོད་མཁན་ཞིག་ཡིན་ལ། རང་ཉིད་ནས་བསམ་བློ་མང་པོ་བཏང་ནས་འབྲི་བཞིན་ཡོད། གཞན་ལ་ལད་ཟློས་དང་ལུང་འདྲེན། ཐ་ན་གཏམ་དཔེ་རེ་བཀོལ་བ་འང་དེ་ཙམ་དགའ་བོ་མེད་མཁན་ཞིག་ཡིན། དེར་བརྟེན་རྩོམ་ཡིག་དེ་རང་གི་བསམ་བློ་རྣལ་མ་ཡིག་གཟིགས་སུ་ཐོན་པ་རང་ཡིན་ཞིང་། དེའི་ནང་དུ་བསམ་བློའི་དཀའ་ཚགས་ག་ཚོད་ཡོད་པ་འང་ངས་ཤེས་ལ། དེ་ནི་ང་ལ་མཚོན་ན་རང་གི་ནོར་བུ་ཡིན། ནོར་བུ་དེའི་བདག་དབང་ང་ལ་ཡོད་དགོས་པ་ཞུ་མི་དགོས་པ་རེད།
ལར་ནས་བོད་པ་ཚོ་ནི་རང་གི་བདག་དབང་གཞན་ལག་ཏུ་ཤོར་བ་དེ་ཕྱིར་འཐོབ་པར་རྩོད་ལེན་མཁན་ཞིག་ཡིན། རང་ལ་བདག་དབང་དེ་འཐོབ་དགོས་ན། ཐོག་མར་རང་ཉིད་ནས་མི་སྒེར་གྱི་བདག་དབང་ལ་བརྩི་སྲུང་བྱེད་དགོས་པ་སྨྲོས་མེད་རེད། གལ་ཏེ་རང་ཉིད་ནས་མི་སྒེར་གྱི་བདག་དབང་ལ་བརྩི་སྲུང་མི་བྱེད་ན། ཁྱོད་ཀྱིས་མི་རིགས་ཤིག་གི་བདག་དབང་ཇི་ལྟར་རྩོད་ལེན་བྱེད་ཐུབ་བམ།
དོན་མེད་ཀུ་ཅོ་མ་འདོན།
བསམ་བློའི་ཉིང་བཅུད་ཅིག་བརྐུས་སོང་ཟེར་བའི་འཆལ་གཏམ།
རྩོམ་ཆག་དེ་འདྲ་ལ་བདག་དབང་རྩོད་དགོས་ན་དངོས་གནས་ཁྱོད་ཚར་བ་རེད།
མ་གཞི་ནས་རིན་ཐང་ཡོད་པའི་རྩོམ་ཞིང་མིན་པ། དེའི་སྒང་ལ་དྲ་འབུ་ཞིག་གིས་བེད་སྤྱོད་བཏང་བ་དེའང་ཨའུ་ཙམ་རེད།
ཀློག་རིན་ཡོད་པའི་རྩོམ་ཞིག་ཏུ་མ་མཐོང་། བརྐུས་པའི་དབང་དུ་བཏང་ནའང་དེ་ཙམ་གནད་དོན་མི་འདུག
རྩོམ་ཆག་ཅིག་ལ་བདག་དབང་གིས་ཅི་བྱེད། རྩོད་རིན་ཆོག་པ་ཞིག་རྩོད་དང་། འདིས་ཡར་འཐེན་མར་འཇོག་གང་ཡང་བྱེད་ཀི་མ་རེད།
རྩོམ་རྙོག་ཅིག་བྲིས་ནས་སྐད་ངན་མ་རྒྱབ།
རྩོམ་ཡིག་ཡག་རུང་བཙོག་རུང་དེའི་རྩོམ་པ་ོཔར་བདག་དབང་ཡོད་པ་རེད། རྩོམ་ཡག་བཙོག་གང་བརྐུས་ནའང་རྐུན་མ་རེད། སྐྱག་པ་ཆེ་ཆུང་གང་ཟོས་རུང་སྐྱག་ཟན་རེད། ཧ་ཧ་ཧ
དགག་བྱེད་དང་གཡུ་ཐོག་བུ་ལ།
ང་ལ་དོན་ཡོད་ཡིན། གལ་ཆེན་ཡིན། རྩོམ་དེ་ངའི་རེད། ངའི་རྩོམ་ཡིག་བརྐུས་པ་རེད། རྐུན་མ་བརྒྱབ་ན་འགྲིག་པ་ཁྱོད་ལྟ་བུ་འགའ་རེ་འདུག ཁྱོད་ཚོས་རྐུན་མ་དཔའ་དར་སྒྲོན་རོགས། རྐུན་ལ་རྒྱབ་སྐྱོར་གནང་རོགས། རྐུན་མ་ལ་བརྐུ་རོགས་བྱེད་རོགས།
རྗེས་མ་ནས་རྩོམ་ཡིག་གི་བར་གསེང་ཚང་མར་སོ་སོའི་མིང་བཅུགས་ནས་བཞག་དགོས།
སློབ་དཔོན་ཐོན་མི་མ་གཏོགས་བོད་ཡིག་འབྲི་མཁན་ཚང་མ་རྐུན་མ་རེད། གང་ལགས་ཞུས་ན། ཀ་མད་སུམ་ཅུའི་བདག་དབང་དེ་ཐོན་མི་ལ་ཡོད་པ་རེད།
བདག་དབང་སྐོར་མི་ཤེས་པ་ཚོས་རྙོག་གཏམ་མ་བཤད། ང་ལ་མཚོན་ན་དེ་དག་བཟི་གཏམ་རེད།