ཡིག་འགོད་པ། གླིང་ལོ་མ་སེར་པོ།
ཁ་སང་དེ་རིང་སྒོར་མོའི་ཆེད་དུ་འདྲ་མིན་མང་པོ་བྱེད་ནས་འབད་པ་བྱེད་མཁན་ཧ་ཅང་མང་པོ་འདུག ཁྱེད་རྣམ་པས་ཞིབ་ཕྲ་བྱེད་ནས་གཟིགས་དང་། དཀར་མཛེས་རྫོང་དང་བྲག་འགོ་རྫོང་གི་ས་ཆ་ཕལ་ཆེ་བ་བླ་མ་དག་གིས་ཉོས་ནས་བདག་བཟུང་བྱས་ཟིན་པ་རེད། དོན་དངོས་སྒོར་མོ་འདི་དག་ཡོང་ཁུངས་རྩད་ཞིབ་ཅིག་བྱ་ན་དྲང་བདེན་བྱས་ནས་ཐོབ་ཡོང་བ་ཞིག་མ་རེད། སྒོར་མོ་བྱེ་བ་མང་པོས་འཛུགས་སྐྲུན་བཟོ་བྱེད་དེ་དག་གང་ནས་ཡོང་བ་མི་མང་པོ་ཞིག་གིས་སེམས་ནང་ཁྲིགས་སེ་ཡོད་རེད། རླངས་འཁོར་སྒོར་མོ་ཁྲི་བརྒྱ་དང་ཉིས་བརྒྱ་མ་གཏོགས་ཁྲི་སུམ་ཅུ་བཞི་ཅུ་དག་འདྲུད་འཐེན་ཞིག་གི་ཚད་ལའང་མི་འཇོག་པར་མ་ཟད་སྒོར་བྱེ་བ་མང་པོས་སྒེར་གྱི་མགྲོན་ཁང་དང་བླ་བྲང་ཆེན་པོ་འཛུགས་སྐྲུན་བྱས་པ་དེ་དག་ལ་ཆོས་ལུགས་རུལ་སུངས་ཟེར་བ་རེད། དཔོན་པོ་དག་གིས་སྒོར་མོ་མང་པོ་བཟའ་བ་ནི་རྒྱལ་ཁབ་རུལ་སུངས་ཟེར་བ་བཞིན་གོང་གི་བྱ་ཚུལ་དག་ཆོས་ལུགས་རུལ་སུངས་ཟེར་བ་དེ་རེད།
འདི་དག་གིས་བོད་མི་རིགས་ཀྱི་སློབ་གསོ་ལ་ཕན་ཐོགས་པའམ་སེམས་ཅན་ལ་ཕན་ཐོགས་པ་ཡིན་ན་འགྲིག་པ་རེད། བསླབ་བཏུས་ནང་དུ་རྒྱལ་སྲས་ཞི་བ་ལྷས། གཞན་དོན་ནི་དོན་མང་ཞིང་བྱ་བ་མང་བ་ཞིག་དགོས་གསུང་པ་ཇི་བཞིན་རེད། གཞན་ཁ་སང་དེ་རིང་སངས་རྒྱས་བསྟན་པ་ཉམས་དམའ་བའི་སྐབས་ཡིན་པས་བསྟན་པ་ལ་རྨ་འབྱིན་མཁན་དག་ལ་ཟེར་མཁན་སུ་ཡང་ཡོད་མ་རེད་མ་གཏོགས་དཔེར་ན་ཡེ་ཤུའི་ཆོས་ལུགས་ལྟ་བུ་ཡིན་ན་སྒྲིག་འཛུགས་ཧ་ཅང་དམ་པོ་ཡོད་པས་བྱ་ཚུལ་འདི་འདྲ་ཞིག་བྱས་པ་ཡིན་ན་ཁྲིམས་ཐོག་ལ་གཏུགས་ནས་ཉེས་ཆད་བཅད་པ་སོགས་བྱ་རྒྱུ་རེད། ང་ཚོ་ནང་པ་ལ་དེ་འདྲ་མེད་པས་བསྟན་པ་ལ་རྨ་འབྱིན་པའི་ལས་ཀ་འདྲ་མིན་མང་པོ་སུས་བྱས་ཀྱང་བཤད་མཁན་མེད་པར་མ་ཟད་ད་རུང་དགོན་དཔོན་དག་དང་ལག་སྦྲེལ་བྱས་ནས་སྒོར་མོའི་དོན་དུ་སྤྲུལ་སྐུའི་མིང་འདོགས་མཁན་ཅི་འདྲའི་མང་པོ་ཞིག་འདུག རྒྱལ་ཁབ་ཀྱི་སྤྲུལ་སྐུའི་ལག་ཁྱེར་དག་སྒོར་མོ་དང་བརྗེས་ནས་ཁྲིམས་ཁང་ནང་དུ་ལྷུང་མཁན་ཡང་བྱུང་བ་རེད།
བླ་མ་རྣམ་པ་ང་དང་བསྡུར་ན་བརྒྱ་འགྱུར་སྟོང་འགྱུར་ཞིག་གིས་ཁོང་རྣམ་པའི་རྟོགས་པ་མཐོ་རྒྱུ་རེད། ཡིན་ན་ཡང་། ཁོང་རྣམ་པས་ཁ་སང་དེ་རིང་སྤྱི་ཚོགས་ཀྱི་གནས་ཚུལ་དག་ཅི་ཡང་ཤེས་ཀྱིན་མི་འདུག ན་ནིང་རྒྱ་ཞིག་གིས་ཐང་ག་ཞིག་བྲིས་ནས་དེའི་ཐོག་ཏུ་ཁམས་ཕྱོགས་ཀྱི་དགོན་པ་མང་ཆེ་བའི་བླ་མ་དག་གི་མིང་དང་མཛུབ་ཐེལ་ཡང་བརྒྱབ་འདུག ང་ལ་ཡང་དེའི་ཐོག་མཛུབ་ཐེལ་ཞིག་བརྒྱབ་རོགས་ཟེར་བས་ངས་ཅི་ཞིག་གི་ཆེད་དང་དམིགས་ཡུལ་ཅི་ཞིག་ཡིན་ཁོ་ལ་དྲིས་པས་དེ་ནི་ཁོའི་དད་རྟེན་གྱི་ཆེད་དུ་ཡིན་ཟེར། དེ་དག་ནི་རྫུན་ངོ་མ་རེད། ལོ་འགའི་རྗེས་སུ་དྲྭ་ཐོག་ལ་འཇོག་ནས་ཁོ་ནི་ལྷ་བཟོ་མི་འདྲ་བ་ཞིག་བོད་ཀྱི་བླ་མ་དག་གིས་ངོས་འཛིན་བྱས་པ་ཟེར་ནས་རྫུན་བཤད་བྱེད་ཅིག་ཡིན་རྒྱུ་རེད།
ལོ་འགའི་སྔོན་ནས་ཁོ་རྡོ་རྗེ་འཆང་ཡིན་ཟེར་ནས་བོད་ཀྱི་བླ་རྒན་ཉི་ཤུ་སུམ་ཅུ་ཞིག་གིས་ཡི་གེ་བྲིས་བཞག་འདུག ངས་དེ་དུས་ཆོས་འཁྲིད་སྐབས་སུ་གཅིག་བཤད་པ་རེད། དེའི་རྗེས་ལ་དེ་ཚང་གི་སློབ་མ་དག་གིས་ང་ལ་ཁ་པར་ཞི་དྲག་གཉིས་ཀ་བརྒྱབ་ནས་མང་པོ་ཞིག་བཤད་པ་རེད། དེ་འདྲ་བྱེད་ན་མ་བྱེད་ན་དེ་དག་ཐད་ནས་བླ་རྒན་དག་གིས་ཚོད་ཅིག་བཟུང་ན་དགའ་ས་རེད། ང་ཚོ་ལ་ནང་གི་རྙོག་གྲ་འདི་འདྲ་ཞིག་ཡོད་རེད། སྤྲུལ་སྐུ་མིན་ནའང་ཡིན་ཁུལ་བྱེད་པ་མ་ཟད་ད་གཞན་པ་དག་ལ་རྫུན་བཤད་རོགས་བྱེད་ཀྱིན་ཡོད་པ་རེད། བླ་རྒན་གཅིག་པུ་མ་ཡིན་པར་གནའ་དེང་གཉིས་ཀ་ཤེས་མཁན་དང་རྒྱལ་ཁབ་ཕྱི་ནང་མང་པོའི་གནས་ཚུལ་ཤེས་ཀྱི་ཡོད་ཟེར་མཁན་དག་གིས་ཀྱང་ཡི་གེ་བྲིས་ནས་མཛུབ་ཐེལ་བརྒྱབ་བཞག་འདུག ཡིག་ཆ་དེ་དག་ཕྱི་རྒྱལ་ལ་ཁྱེར་ནས་དུང་ཕྱུར་དང་བྱེ་ཆེན་མང་པོ་བཀྲམ་གི་ཡོད་རེད། ང་ཚོ་གཞན་གྱིས་བེད་སྤྱོད་བཏང་ནས་འགྲོ་བཞིན་ཡོད་ཀྱང་ཅི་ཡང་ཤེས་ཀྱིན་མི་འདུག
ཁྱེད་རྣམ་པ་བསྐྱེད་རིམ་དང་རྫོགས་རིམ་ས་ལམ་གྱི་རྣམ་གཞག་ཁ་འདོན་དགེ་སྦྱོར་ང་ལས་བརྒྱ་འགྱུར་སྟོང་འགྱུར་ལས་བཟང་རྒྱུ་རེད། ཡིན་ན་ཡང་། ཕྱི་ཕྱོགས་ཀྱི་གནས་ཚུལ་རྩ་བ་ནས་ཤེས་ཀྱིན་མི་འདུག་པས་ལས་ཀ་འདི་འདྲ་མང་པོ་ཞིག་ལས་ཡོང་གི་འདུག གཞན་སྒོར་མོ་ཤ་སྟག་གི་ཆེད་དུ་སྤྲུལ་སྐུའི་མིང་འདོགས་ཀྱིན་འདུག དེ་འདྲ་རྩ་བ་ནས་མ་བྱེད། ང་ཚོ་སུ་ཡིན་ཀྱང་སྒོར་མོ་དང་བསྟན་པ་གཉིས་བར་ཅུང་ཙམ་བསྟན་པ་གལ་ཆེ་བ་སུས་ཀྱང་ལོས་ཤེས། དཔལ་འབྱོར་ང་ཚོ་རྗེས་ལུས་ཡིན་པས་ཡོད་ན་དགའ་བ་བདེན་པ་རེད། དཔེར་ན་རྒྱ་བླ་མེད་སའི་དགོན་པ་དང་ཡོད་སའི་དགོན་པ་གཉིས་ཀྱི་གཙུག་ལག་ཁང་སོགས་ཁྱད་པར་ཆེན་པོ་འདུག འོན་ཀྱང་ཁྱད་པར་དེ་ཚོ་གལ་ཆེན་དེ་ཙམ་མ་རེད། སྤྲུལ་སྐུ་ནི་སངས་རྒྱས་བསྟན་པ་དང་སེམས་ཅན་མགོན་སྐྱབས་ཡིན་པས་དེ་སྒོར་མོ་ཁ་ཤས་ཀྱི་ཆེད་བེད་སྤྱོད་ལོག་པར་གཏང་ན་སྤྲུལ་སྐུ་ལ་རིན་ཐང་སྤུའི་རྩེ་མོ་ཙམ་མེད་པར་འགྱུར་གི་རེད། དེ་དག་ང་ཚོས་བྱས་པ་རེད་མ་གཏོགས་གཞན་གྱིས་བྱ་ཐུབ་པ་ཞིག་མ་རེད།
བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་འདི་ལོ་བརྒྱ་ཕྲག་མང་པོ་ཞིག་སོང་བ་རེད། ང་འདྲ་དག་གིས་སྤྲུལ་སྐུའི་ལམ་ལུགས་ལ་བཤད་པ་དག་གིས་གནོད་ཀྱིན་འདུག་ཟེར་བ་རེད། དེ་ཚོས་མི་གནོད་པ་མ་ཟད་སྤུས་ཀ་ལ་ཕན་ཐོགས་ཡོད་རེད། སྤྲུལ་སྐུ་མེད་པ་བཟོ་བྱེད་ངོ་མ་དེ་རང་ཉིད་སྤྲུལ་སྐུ་མིན་མཁན་དག་གིས་སྒོར་མོའི་ཆེད་དུ་གཞན་སྤྲུལ་སྐུ་རྫུན་མ་ངོས་འཛིན་བྱེད་མཁན་དེ་ཚོ་རེད། དེ་ཚོས་ལུང་རྟོགས་གཉིས་གང་ལ་བྱ་བ་བྱེད་ཀྱིན་འདུག་གམ། རྒྱ་མང་པོ་ཞིག་གིས་ཁོང་ཚོས་བོད་དུ་སློབ་གྲྭ་བཙུག་པར་རོགས་དངུལ་མང་པོ་སྤྲད་པ་ཡིན། འོན་ཀྱང་རྟག་དཔྱད་བྱེད་དུས་སློབ་གྲྭ་མི་འདུག་པས་ད་ཅི་ཞིག་བྱ་དགོས་ཟེར་ནས་བཤད་མཁན་མང་པོ་ངའི་རྩར་ཡོང་གྱིན་འདུག
ཡང་ལ་ཤས་ཀྱིས་གཙུག་ལག་ཁང་བརྒྱབ་པར་རོགས་དངུལ་མང་པོ་ཕུལ་བ་ཡིན། སྐབས་དེ་དུས་གཙུག་ལག་ཁང་གསར་བཞེངས་ཀྱི་འདྲ་པར་མང་པོ་བསྐུར་ཡོང་རྒྱུ་འདུག་ཀྱང་ད་སྐབས་གཙུག་ལག་ཁང་ལྟ་བར་ཡོང་དུས་ཡར་མར་མང་པོ་འཁྲིད་ནས་སྟོན་རྒྱུ་མི་འདུག་པས་ཅི་ཞིག་བྱ་དགོས་སམ་ཟེར་ནས་འདྲི་མཁན་མང་པོ་འདུག ལས་ཀ་དེ་འདྲ་མང་པོ་ཞིག་བྱེད་ནས་རིན་ཐང་མེད་པར་འགྱུར་འགྲོ་གི་འདུག ད་ནི་རིན་ཐང་མེད་པར་གྱུར་སོང་ན་དགའ་ས་རེད་མ་གཏོགས་འདི་དག་གིས་བསྟན་པ་བཤིག་འགྲོ་ས་རེད། སྤྲུལ་སྐུ་རྣམ་པ་དག་རིན་ཐང་རྩ་བ་ནས་མེད་པ་སུས་བྱས་པ་རེད་དམ་ཞེ་ན་སྤྲུལ་སྐུ་ངོས་འཛིན་བྱེད་མཁན་དག་གིས་བྱས་པ་རེད། མདོར་ན་བྱས་རྗེས་བཞག་ཡོད་ན་ཁོང་རྣམ་པ་རེད་ལ་ཉེས་པ་ཡོད་ན་ཁོང་རྣམ་པ་དག་རེད།
གསལ་བཤད། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་།
http://mp.weixin.qq.com/s/bcuL5KejnlQq70ChBy8BZg
སྤྲུལ་སྐུ་རྣམ་པ་དག་རིན་ཐང་རྩ་བ་ནས་མེད་པ་སུས་བྱས་པ་རེད་དམ་ཞེ་ན་སྤྲུལ་སྐུ་ངོས་འཛིན་བྱེད་མཁན་དག་གིས་བྱས་པ་རེད།
ཅུང་ཐལ་དྲགས་འདུག་་་་་སྤྲུལ་སྐུ་ལ་རིན་ཐང་རྩ་བ་ནས་མེད་ན་་སངས་རྒྱས་ལ་རིན་ཐང་མེད་ཚར་བ་རེད་་་་་ཨ་ཁ་་་རང་ཉིད་སྒྲབ་འདོད་ནས་དགག་པ་ཆེ་དྲགས་སོང་།
@༄༅། སྤྲུལ་སྐུའི་སྐོར་ལ་གླིང་ལོ་མ་སེར་པོས་དངོས་བདེན་གནས་ཚུལ་བྲིས་གནང་བ་དགའ་བསུ་ཡོད།
དེང་སང་རེ་གཉིས་ཙམ་མ་གཏོགས་སྤྲུལ་སྐུ་ཚང་མ་ནང་ཆོས་ཀྱི་དྲི་མ་ཙམ་ཡང་མེད་པར་སྒོར་མོའི་སྤྲུལ་སྐུ་ཤ་སྟག་ཡིན་སྐོར་་སྔོན་མ་ནས་རྩོམ་ཡིག་མཐོང་མྱོང། སྤྲུལ་སྐུ་དངོས་འཛིན་གནང་མཁན་བླ་མ་ཡང་ཆོས་ཀྱི་རྟོགས་པ་གང་ཡང་མེད་པར་པད་ཤག་སྤྲད་ནས་དངོས་འཛིན་གནང་གི་ཡོད་པ།
ད་དངོས་གནས་བསྐལ་པ་ཉམས་ནས་མདོ་སྔགས་ཀྱི་གཞུང་ལ་སྦྱང་པ་ནི་མེད། རྒྱལ་ཁབ་ལ་་་་ལ་རྒྱ་ནི་མེད། དྲང་བདེན་ལ་ཡིད་ཆེས་ནི་མེད། ལས་རྒྱུ་འབྲས་ཚུལ་བཞིན་སྲུང་ནི་མི་ཐུབ་པ་ཁྱིམ་པ་ལས་སྡུག་པ་འདུག་།
་་་་་་་་་་་ སུས་བྱས་ཀྱང་བཤད་མཁན་མེད་པར་མ་ཟད་ད་རུང་དགོན་དཔོན་དག་དང་ལག་སྦྲེལ་བྱས་ནས་སྒོར་མོའི་དོན་དུ་སྤྲུལ་སྐུའི་མིང་འདོགས་མཁན་ཅི་འདྲའི་མང་པོ་ཞིག་འདུག རྒྱལ་ཁབ་ཀྱི་སྤྲུལ་སྐུའི་ལག་ཁྱེར་དག་སྒོར་མོ་དང་བརྗེས་ནས་ཁྲིམས་ཁང་ནང་དུ་ལྷུང་མཁན་ཡང་བྱུང་བ་རེད། ་་་་་་་་་་་
མེ་ཏོག་ཕལ་ཆེར་ཆུ་བོ་འགྲམ་ནས་སྐྱེས།།
སྤྲུལ་སྐུ་ཕལ་ཆེར་ཕྱུག་པོའི་བང་ནས་འཁྲུངས།།
ཟེར་བ་ལྟར།སྤྲུལ་སྐུའི་ལམ་ལུགས་ལ་བསྒྱུར་བཅོས་གཏོང་རག་བར་དུ་ར་མིན་ལུག་མིན་བཞིན་ད་རུང་ལོ་ཤས་འགོར་སྲིད།སྤྱིར་འདིའི་རིགས་སྤྲུལ་སྐུ་འདི་དང་གན་ཞེས་མིང་བཟུང་དོན་བྱས་ན་ལེགས།
བླ་མ་དང་སྤྲུལ་སྐུས་སྤྲོས་པ་ཆེན་པོ་བྱེད་ཡོང་དུས། སངས་རྒྱས་ཀྱི་བསྟན་པ་ཉམས་པའི་འགོ་བཙུགས་པ་རེད། ཨ་ཁ་གང་དྲག།