འདབ་པ་ཚེ་དབང་མགོན་པོ།
བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། ཡིག་ཚངས། དེ་བཞིན་ཁ་རྒྱུན་དང་། བཤད་རྒྱུན་སོགས་ཇི་སྙེད་མཆིས་ནའང་། དེ་དག་གི་ནང་དུ་འཁྱོག་བཤད་དང་ཕྱོགས་ལྷུང་གིས་དྲི་མས་མ་སྦགས་པར་དྲང་པོའི་དོན་སྙིང་ལྡན་པའི་གཏམ་ཞིག་དབེན་པ་མ་ཟད། རང་ཕྱོགས་དང་མ་འབྲེལ་བའི་ལོ་རྒྱུས་དང་བྱུང་རབས་རྣམས་གསལ་པོ་མི་བཤད་དང་། དེ་བས་སྦས་གསང་བྱེད་པའི་ལུགས་སྲོལ་དེ་དག་གནའ་ནས་ད་ལྟའི་བར་བོད་ཁམས་ཡོངས་ལ་རྒྱུན་འབྱམས་སུ་གནས་བཞིན་པ་ཡིན་པར་ཤེས་དགོས་སོ།
དེས་ན་བོད་ཀྱི་མཁས་པའི་ཁྲོད་དུ་སྙན་གྲགས་ཆེ་བའི་ཆོས་རྗེ་ས་པཎ་ཁུ་དབེན་རྣམས་སོག་པོར་ཕེབས་ཚུལ་གྱི་ཐད་དུ། དེ་སྔོན་བཀའ་བརྒྱུད་པ་དང་ས་སྐྱ་གཉིས་ཀྱི་དབར་ལ་ཟིང་འཁྲུག་བསླངས་ཆེ་བའི་དབང་གིས་བོད་ཀྱི་བྱུང་རབས་སྤྱི་དང་། ལྷག་པར་ལོ་རྒྱུས་ཡིག་ཚངས་ཁག་ཏུ་ཕྱོགས་འཁྲེང་གི་བབ་ཅོལ་མང་ཕྱིར། གང་ཞིག་ཡང་དག་ཡིན་མིན་དང་། བདེན་པ་ཡིན་མིན་བཅས་ཀྱི་གནས་ཚུལ་ཐད་ལ་ཤེས་རྟོགས་དཀའ་བར་གྱུར་ཟིན་ནོ། དཔེར་ན། ས་སྐྱ་པའི་ལོ་རྒྱུས་ཕལ་མོ་ཆེའི་ནང་ལ་སོག་པོ་གོ་ཏན་གྱིས་རང་གི་ཡུལ་ལ་ནང་ཆོས་དར་སྤེལ་གཏང་ཕྱིར། བོད་ཀྱི་བླ་མ་དང་གྲུབ་མཐའ་ཁག་ལ་བརྟག་པ་བགྱིད་སྐབས་སུ་གླེང་ཚུལ་ཞིག་ལ། དགེ་འདུན་གྱི་སྡེ་ནི་བཀའ་གདམས་ཆེ། གཟི་བརྗིད་ནི་འབྲི་གུང་ཆེ། མི་ཆོས་ནི་སྟག་ལུང་མཁས། ཆོས་ནི་ས་སྐྱ་བཟང་ཟེར་བ་སོགས་ཀྱི་བཤད་སྲོལ་ཡོད་པ་འདི་དག་ས་སྐྱ་པའི་གྲུབ་མཐའི་ཕྱོགས་ལ་འཁྲེང་སེམས་ཆེ་བ་དང་བློ་སྙིང་བཏད་པའི་ལོ་རྒྱུས་སྨྲ་བ་རྣམས་དང་། ལོ་རྒྱུས་ཀྱི་བྱུང་རབས་ལ་དཔྱད་པར་མི་བྱེད་པར་གཞན་གྱི་ལད་མོའི་ཁོ་ནས་ཡིད་འཚེངས་པའི་མི་སྣ་དག་གིས་བཤད་པ་ཞིག་ཡིན་པར་སྣང་ངོ་།
དོན་ངོ་མར་ས་སྐྱ་པའི་གྲུབ་མཐའ་དང་སོག་པོ་གཉིས་ཀྱི་དབར་དུ་འབྲེལ་བ་མ་བྱུང་པའི་གོང་ལ། ཚལ་པ་བཀའ་བརྒྱུད་ཀྱི་སྲོལ་འབྱེད་པ་པོ་ཞང་ཚལ་པ་འགྲོ་བའི་མགོན་པོའི་ཞལ་སློབ་གཙང་པ་དུར་ཁུར་བ་དཔོན་སློབ་བདུན་མི་ཉག་གི་བརྒྱུད་ནས་སོག་ཡུལ་དུ་ཕེབས་པ་དེ། སོག་པོའི་ཡུལ་དུ་བོད་ཀྱི་ཆོས་བྱེད་མི་སྣ་ཕེབས་པ་ཐོག་མ་དེ་ཡིན། དེའི་རྗེས་སུ་རྒྱལ་བུ་གོ་དན་གྱི་དམག་དཔོན་ཧོར་དོར་ད་ནག་པོའི་དམག་དཔུང་བོད་ལ་ལྷགས་ཏེ་བྱུང་རྭ་སྒྲེང་དང་། འཕན་ཡུལ་ཕྱོགས་སུ་མཆིས་པའི་དགོན་སྡེ་དག་གི་ཆོས་བྱེད་མི་སྣ་དང་དགེ་འདུན་པ་མང་པོ་ཞིག་བཀྲོངས་པ་དང་རྨས་པ་སོགས་བགྱིད་པའི་སྐབས་སུ། འབྲི་གུང་རྗེ་སྤྱན་སྔས་ཐབས་ཀྱིས་སྒོ་ནས་སོག་པོས་གཏོང་བའི་མནར་གཅོད་དེ་དག་དང་། བོད་ཡུལ་ལྷོ་བྱུང་རྣམས་སུ་སོག་དམག་གིས་བསླངས་པའི་སྡེ་གཟར་ལྷོད་འཇགས་སུ་བཏང་བས། དམག་དཔོན་ཧོར་དོར་ད་ནག་པོ་ཁོང་ཡང་རྗེ་སྤྱན་སྔ་བར་དད་པ་ལྷག་མེད་དུ་སྐྱེས་ཏེ། རྗེ་ཉིད་སོག་ཡུལ་ལ་ཕེབས་ཏེ་དམ་པའི་ཆོས་ཀྱི་སྒོ་དང་། བླངས་དོར་གྱི་གནས་རྣམས་ཚུལ་བཞིན་དུ་བསྟན་པའི་བླ་མཆོད་དུ་ནན་མོར་བོས་ཀྱང་། རྗེ་སྤྱན་སྔ་ཁོང་གིས་ཆོས་ཁོ་ན་མ་གཏོགས་འཇིག་རྟེན་གྱི་བྱ་བའི་ཕྱོགས་སུ་མཛད་པ་ཡེ་ནས་མི་བསྐྱང་པས། དེ་དག་ཞལ་བཞེས་མ་གནང་པར་ས་པཎ་ཉིད་སོག་ཡུལ་དུ་གདན་འདྲེན་ན་ལེགས་ཚུལ་གྱི་བསླབ་བྱ་མཛད་ཅིང་། ས་པཎ་ཁོང་ལ་ཡང་སོག་ཡུལ་ལ་ཕེབས་དགོས་པའི་སྐུལ་མ་ཡང་དུ་མཛད་པ་མ་ཟད། ཆོས་རྗེ་ས་པཎ་ཁུ་དབེན་རྣམས་སོག་པོར་ཕེབས་དུས་འབུལ་ཆེན་གྱི་རྫོང་བ་ཡང་གཏོས་ཆེ་བ་བརྫངས་པ་ཡིན་ནོ།
དེ་ནས་ཤིང་འབྲུག་སྤྱི་ལོ་༡༢༤༤ ལོར་ཆོས་རྗེ་ས་པཎ་ཁུ་དབེན་རྣམས་བྱང་ལམ་གྱི་བརྒྱུད་ནས་སོག་པར་ཕེབས་ནས། ཐོག་མར་མེ་ལུག་སྤྱི་ལོ ༡༢༤༧་ལོར་རྒྱལ་བུ་གོ་ཏན་དང་མཇལ་འཕྲད་མཛད་ཀྱང་ཁོང་ནི་སྐབས་དེར་རྒྱལ་བུ་ཡིན་པ་ལས་རྒྱལ་པོ་མིན་ལ། ཆོས་རྗེ་ས་པཎ་མཆོག་དང་རྒྱལ་བུ་གོ་ཏན་གཉིས་ཀྱིས་ཆོས་དང་འཇིག་རྟེན་གཉིས་ཀའི་ཐོག་ཏུ་གསུང་གླེང་མང་དུ་མཛད་རྗེས། ཆོས་རྗེ་ས་པཎ་གྱིས་ས་སྐྱ་པའི་གྲུབ་མཐའ་དེ་ཡར་ངོས་ཟླ་བ་བཞིན་དུ་འཕེལ་རྒྱས་ཡོང་ཕྱིར། བོད་ཀྱི་ལྷ་སྡེ་མི་སྡེ་ཐམས་ཅད་ཧོར་གྱི་འོག་ཏུ་འདུས་དགོས་པའི་བསྐུལ་མ་མཛད་པ་མ་ཟད། གལ་ཏེ་མ་འདུས་ཚེ་སོག་པོ་ནི་སྟོབས་འབྱོར་ལྡན་པའི་རྒྱལ་ཁབ་ཅིག་ཡིན་ཕྱིར། སུ་ཞིག་གིས་འགྲན་དུ་མེད་པའི་དྲག་པོའི་སྟོབས་ཤུགས་ལྡན་རབས་སོགས་བཤད་དེ་བོད་མི་རྣམས་ཀྱི་བླ་སྲོག་འདར་དགོས་པར་བཟོས་ཡོད་ཅིང་། དེ་ནས་སོག་པོ་ལ་སྤྲེལ་ལད་གྱི་ཚུལ་དུ་བོད་རྣམས་ཀྱིས་ཧོར་ལ་ཁྲལ་རིགས་ཀྱི་དོད་དུ་འདབ་ནོར་ཞེས་པ་ཞིག་སྤྲད་དགོས་པའི་ཚད་གཞི་ལ་ཡིག་ཐོག་ཏུ་གཏན་འབེབས་བྱས་ནས་གཅིག་ས་པཎ་རང་ལ་བསྐུར་དགོས་པ་དང་། གཅིག་ས་སྐྱར་འཇོག་རྒྱུ། གཅིག་སྡེ་དཔོན་སོ་སོར་སྤྲད་རྒྱུ་བཅས་བྱས་ནས། སོག་པོ་ལ་དོན་དུ་བོད་ཀྱི་ལག་ནས་ལོ་རེ་ལ་འདབ་ནོར་ཆགས་མེད་དུ་ལེན་ཆོག་པར་བཟོས་པ་ཞིག་ཡིན་ལ། འདི་དག་གིས་སོག་པོ་དང་ཆོས་རྗེ་ས་པཎ་གཉིས་ཟུང་འབྲེལ་གྱིས་བོད་ལ་མཆོད་ཡོན་གྱི་འབྲེལ་བ་ཞེས་པ་ལ་ཡོངས་སུ་བརྒལ་ཏེ། ས་སྐྱ་པའི་གྲུབ་མཐའི་ཕྱོགས་དང་། སོག་པོའི་ཆབ་སྲིད་ཀྱི་གཉིས་ལ་སྒྲིག་འཛུགས་ལྡན་པའི་སྟངས་འཛིན་ཞིག་བྱས་ཡོད་པ་གསལ་པོར་ཤེས་ནུས།
དེ་བས་ཆོས་རྗེ་ས་པཎ་ཁོང་འབྲི་གུང་རྗེ་སྔ་བས་ཆོས་ལུགས་ཀྱི་འཕེལ་རྒྱས་དང་། སེམས་ཅན་བདེ་སྐྱིད་ཀྱི་དོན་དུ་སོག་པོར་ཕེབས་བར་སྐུལ་མ་མཛད་དུས། ས་པཎ་ཁོང་གིས་ད་ནི་སོག་པོ་ཞེས་པའི་རྒྱལ་ཁམས་ཏེ་ཤར་ཕྱོགས་པའི་ཡུལ་གྲུ་ཀུན་ཏུ་སྟོབས་ཤུགས་དང་། མངའ་ཐང་རྒྱས་བཞིན་པའི་གོ་སྐབས་དེ་དང་བསྟུན་ནས། ས་སྐྱ་པའི་གྲུབ་མཐའ་འཕེལ་རྒྱས་གཏོང་རྒྱུའི་དངོས་གྲུབ་ཅིག་བརྙེད་སོང་སྙམ་པའི་དགོངས་པ་ཞིག་འཆར་ཡོད་པ་གསལ་པོ་རེད། གང་ཡིན་ཞེ་ན། ས་པཎ་ཁོང་གིས་འགྲོ་མགོན་ཆོས་འཕགས་ཏེ་དགུང་ལོ་དགུ་ལ་སླེབས་པའི་ཕྲུག་གུ་ཞིག་དང་། འགྲོ་མགོན་ཕྱག་ན་དགུང་ལོ་དྲུག་ཅན་གྱི་ཕྲུ་གུ་གཉིས་མཉམ་དུ་ཁྲིད་དེ་སོང་ཕྱིར། ས་པཎ་གྱི་དགོངས་པ་དེ་གཙང་མ་གཙང་རྐྱང་ཞིག་མ་ཡིན་པར་རྟོགས་ནུས། དེ་ཡང་ཕྲུ་གུ་དེ་གཉིས་ན་ཚོད་མ་སྨིན་པའི་ཕྱིར་ན། ཆོས་རྗེ་ས་པཎ་ཁོང་གི་རིམ་གྲོ་མི་འཇོན་པ་དང་གཅིག ས་པཎ་ཁོང་ཕྲུ་གུ་དེ་གཉིས་ཀྱི་ཕ་མ་མིན་པ་དང་གཉིས། དེ་གཉིས་ཕ་མ་མེད་པའི་དྭ་ཕྲུག་མིན་པ་དང་གསུམ། སོག་པོ་དང་བོད་གཉིས་ཀྱི་བར་ལེ་དབར་ཁྲི་ཕྲུག་དུ་མས་བར་དུ་བཅད་པའི་ས་ཐག་རིང་ས་ཞིག་ལ་ཕྲུ་གུ་དེ་གཉིས་ཁྲིད་སོང་པའི་རྒྱུ་མཚན་བཞི་པོས། ཆོས་རྗེ་ས་པཎ་མཆོག་གིས་ས་སྐྱ་པའི་གྲུབ་མཐའ་འཕེལ་རྒྱས་ཡོང་ཆེད་མཛད་པ་བསྐྱངས་ཡོད་པ་གསལ་པོ་རེད།
ས་པཎ་ཁོང་སོག་པོར་མ་ཕེབས་པའི་ཡར་སྔོན་དུ་ཚལ་པ་བཀའ་བརྒྱུད་དང་འབྲི་གུང་བཀའ་བརྒྱུད་གཉིས་སོག་པོར་ཆོས་ཕྱོགས་ཀྱི་འབྲེལ་བ་ཡོད་ཅེས་བཤད་འཐུས་མིན་ཙམ་ལས། དམིགས་བསལ་གྱིས་འབྲེལ་བ་མེད་ཕྱིར་བོད་ཀྱི་གྲུབ་མཐའ་ཁག་ལ་བག་ཆགས་ངན་པ་ཞིག་ཐེབས་མེད། ས་པཎ་ཁོང་སོག་པ་ཕེབས་པ་དེས་སྲིད་དོན་གྱི་ཕྱོགས་ལ་ནུས་པ་ཆེན་པོ་བྱུང་ནས། ས་སྐྱ་པའི་གྲུབ་མཐའ་འཕེལ་རྒྱུས་ལ་དཔྱིད་དུས་ཀྱི་གྲུ་ཆར་ལྟར་དོན་སྨིན་ལྡན་པ་ཞིག་བྱུང་བས། བོད་ཀྱི་གྲུབ་མཐའ་དང་ཆོས་བརྒྱུད་ཁག་གིས་སོག་པོར་འབྲེལ་བ་འཛུགས་རྒྱུའི་ཆེད་དུ་འཚང་ཁ་ཤིག་ཤིག་བྱས་ནས་སོག་པོར་ཕེབས་འགོ་བཙུགས་པ་རེད།
དེའི་དབང་གིས་བོད་ཀྱི་གྲུབ་མཐའ་ཁག་གིས་ཆོས་ཕྱོགས་སུ་དོན་གྱི་སྙིང་པོའི་ཉམས་ལེན་དང་། བཟང་པོའི་སྤྱོད་པ་རྣམས་ཡོངས་སུ་ཉམས་ཏེ་སོག་པོའི་སྦྱིན་བདག་འཕྲོག་རེས་ཀྱི་འགྲན་རྩོད་དང་། སོག་པོའི་སྟོབས་འབྱོར་དང་མངའ་ཐང་རྣམས་གི་རང་གི་གྲུབ་མཐའ་ལ་རྒྱབ་སྐྱོར་ཡོང་ཕྱིར་སྤྲེལ་ལད་ཀྱི་འགྲན་རྩོད་བཅས་བྱུང་སྟེ། སྟོན་པ་གཅིག་གི་རྗེས་འཇུག་ཡིན་པར་མི་སེམས་པར་རང་ཉིད་ཀྱི་གྲུབ་མཐའ་འཕེལ་རྒྱས་ཁོ་ན་ལ་དམིགས་པའི་བྱ་བ་འབའ་ཞིག་བསྒྲུབས་པ་མ་ཟད། ས་སྐྱ་དང་ཕག་གྲུའི་བར་དམག་འཁྲུགས། ས་སྐྱ་དང་འབྲི་གུང་བར་དམག་འཁྲུགས། ཕག་གྲུ་དང་འབྲི་གུང་བར་དམག་འཁྲུགས། ཚལ་པ་དང་གཡའ་བཟང་ཕག་གྲུ་གསུམ་གྱི་བར་དམག་འཁྲུགས། རིན་སྤུངས་དང་དགེ་ལུགས་པའི་བར་དམག་འཁྲུགས། གཙང་པ་དང་དགེ་ལུགས་བར་དམག་འཁྲུགས། སྡེ་སྲིད་དང་ལྷ་བཟང་ཧན་བར་དམག་འཁྲུགས། ལྷ་བཟང་ཧན་དང་ཇུན་གེར་ཚེ་དབང་རབ་བརྟན་བར་དམག་འཁྲུགས་སོགས་རྒྱུན་མ་ཆད་པར་བྱུང་བ་ཡིན་ནོ།
དེས་ན་འདི་དག་ལ་རྐྱེན་དམིགས་བསལ་བ་རེ་རེ་ཡོད་ཀྱང་། དོན་ལ་རྒྱུ་ངོ་མ་དེ་སོག་པོས་བོད་ཀྱི་སྲིད་ལ་དམིགས་པ་དང་། བོད་པས་རང་གི་གྲུབ་མཐའ་འཕེལ་རྒྱས་ལ་དམིགས་པའི་མཆོད་ཡོན་གྱི་འབྲེལ་བ་ཞེས་པའི་འབྲེལ་ལམ་ཞིག་བཙུགས་པ་དེས་བོད་ཁམས་ཡོངས་སུ་ཆོས་ལུགས་དང་གྲུབ་མཐའ་ཁག་ལ་ཤུགས་རྐྱེན་ངན་པ་ཞིག་ཐེབས་པ་ཡིན་ནོ།
འདབ་པ་ཚེ་དབང་མགོན་པོས་དབྱིན་ཡུལ་དུ་བྲིས་པའོ། འོན་ཀྱང་ཡིག་ནོར་ཡོད་ཚེ་དགོངས་དག་ཞུ་རྒྱུ་ཡིན། ཞུ་དག་བྱེད་ཁོམ་མ་བྱུང་ངོ་།
ས་པཎ་སོག་ཡུལ་དུ་སོང་བ་དེས་སྐབས་དེར་བོད་ལ་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་ཡོད། དེར་བརྟེན་ཁོང་སོག་ཡུལ་དུ་ཕེབས་པར་མི་སྐྱོན་གི། ཁྱོད་སོག་ཡུལ་དང་། རྒྱ་ུལ་གང་དུ་མ་འགྲོ་ཨོ།
ས་སྐྱ་དང་ཕག་གྲུའི་བར་དམག་འཁྲུགས། ས་སྐྱ་དང་འབྲི་གུང་བར་དམག་འཁྲུགས། ཕག་གྲུ་དང་འབྲི་གུང་བར་དམག་འཁྲུགས། ཚལ་པ་དང་གཡའ་བཟང་ཕག་གྲུ་གསུམ་གྱི་བར་དམག་འཁྲུགས། རིན་སྤུངས་དང་དགེ་ལུགས་པའི་བར་དམག་འཁྲུགས། གཙང་པ་དང་དགེ་ལུགས་བར་དམག་འཁྲུགས། སྡེ་སྲིད་དང་ལྷ་བཟང་ཧན་བར་དམག་འཁྲུགས། ལྷ་བཟང་ཧན་དང་ཇུན་གེར་ཚེ་དབང་རབ་བརྟན་བར་དམག་འཁྲུགས་སོགས་རྒྱུན་མ་ཆད་པར་བྱུང་བ ཡིན་ནོ་ཟེར། ཁྱེད་་རང་གིས་བཤད་ཚུལ་ལྟར་ན།
འདི་དག་གི་འབྱུང་རྩ་ནི་ཉིད་ཀྱིས་བཤད་པ་ལྟར་ས་པཎ་སོག་པོ་ལ་ཕེབས་པ་དེར་ཐུག་ཡོད་སྲིད་ལ། དེའི་རྩ་བ་ཡང་ཡར་དེད་ན་འབྲུ་གུང་ལ་ཐུག་ཡོད་པ་གསལ་བོ་རེད། ། འབྲི་གུང་རྗེ་སྤྱན་སྔས་པ་ལ་ཐུག་ཡོད་པ་དོན་གྱིས་གྲུབ། གང་ཡིན་ཟེར་ན། ས་པཎ་ཉིད་སོག་ཡུལ་དུ་གདན་འདྲེན་ན་ལེགས་ཚུལ་གྱི་བསླབ་བྱ་མཛད་ཅིང་། ས་པཎ་ཁོང་ལ་ཡང་སོག་ཡུལ་ལ་ཕེབས་དགོས་པའི་སྐུལ་མ་ཡང་དུ་མཛད་པ་མ་ཟད། ཆོས་རྗེ་ས་པཎ་ཁུ་དབེན་རྣམས་སོག་པོར་ཕེབས་དུས་འབུལ་ཆེན་གྱི་རྫོང་བ་ཡང་གཏོས་ཆེ་བ་བརྫངས་པ་ཡིན་ནོ་ཟེར། འདི་ལྟར་བལྟས་ན་ཉེས་པ་ཐམས་ཅད་ཀྱི་འབྲུང་རྩ་འབྲི་གུང་རྗེ་སྤྱན་སྔ་བ་ལ་ཐུག་པ་རེད། འབྲས་པུ་་བཟང་ངན་གང་ཞིག་འབྱུང་མིན་རྒྱུ་བཟང་ངན་ལ་ཐུག་པ་ཡིན་པ་སྨྲས་མ་དགོས་པ་རེད། ཚལ་པ་བཀའ་བརྒྱུད་ཀྱི་སྲོལ་འབྱེད་པ་པོ་ཞང་ཚལ་པ་འགྲོ་བའི་མགོན་པོའི་ཞལ་སློབ་གཙང་པ་དུར་ཁུར་བ་དཔོན་སློབ་བདུན་མི་ཉག་གི་བརྒྱུད་ནས་སོག་ཡུལ་དུ་ཕེབས་པ་དེ། སོག་པོའི་ཡུལ་དུ་བོད་ཀྱི་ཆོས་བྱེད་མི་སྣ་ཕེབས་པ་ཐོག་མ་དེ་ཡིན། དེས་ན་མཆོད་ཡོན་གྱི་འབྲེལ་བ་འཛུགས་མཁན་ས་སྐྱ་མིན་པར་བཀའ་བརྒྱུད་རེད་འདུག མི་བྱེད་དགུ་བྱེད་ཚང་མ་སུས་བྱས་འདུག ཧཧཧ
ཕག་གྲུ་དང་འབྲི་གུང་བར་དམག་འཁྲུགས་དེ་ག་འདྲ་སེ་རེད། ཕག་གྲུའི་སི་ཏུ་བྱང་ཆུབ་རྒྱལ་མཚན་དང་འབྲི་གུང་བར་གྱི་དམག་རེད་དམ།
“བཀའ་བརྒྱུད་ཀྱི་སྲོལ་འབྱེད་པ་པོ་ཞང་ཚལ་པ་འགྲོ་བའི་མགོན་པོའི་” ཞེས་ཟེར་བ་མིན། བཀའ་བརྒྱུད་པའི་སྲོལ་འབྱེད་ངོ་མ་དེ་མངའ་བདག་མར་པ་ལོ་ཙཱ་བ་མཆོག་ཡིན།
འདབ་ཚེ་ལགས། དང་པོ་ས་པཎ་སོག་ཡུལ་རང་དུ་གཏན་གཏན་རང་དོན་དངོས་སུ་ཕེབས་ཐུབ་ཨེ་ཡོད་བརྩད་གཅོད་དགོས་པ་ཞིག་མིན་ནམ། སོག་པོ་ཚོ་དང་ལྷན་དུ་ལན་ཏའོ་Liangzhouསྟེ་ཨ་མདོའི་ས་མཚམས་ཤིག་ལ་ནི་ཕེབས་ཡོད་སྐད་ཡིན་པ་དང་། ས་གནས་དེ་རང་དུ་༡༢༥༡ ལོར་གཤེགས་ཚུལ་ཡོད་པས་ད་དུང་དཔྱད་པར་བའོ།།
འདབ་པ་ཚེ་དབང་མགོན་པོའི་ལོ་རྒྱུཨ་ཇི་ཙམ་ཚད་ལྡན་ཡིན་པར་ཐེ་ཚོམ། འོན་ཀྱང་དོན་མང་པོ་ཞིག་གོ་རྟོགས་བྱུང་། ཐུགས་རྗེ་ཆེ།
སོག་པོའི་དམག་དང་། རྒྱལ་བུ་གོ་ཏན་རྒྱ་ནག་དང་བོད་ཀྱི་མཚམས། ལན་ཀྲུ་ཞེས་པའི་ཡུལ་ལུང་དུ་མཇལ་ཕྲད་བྱུང་། ས་པན་ཀུན་དགའ་རྒྱལ་མཚན་ཞབས་དེར་སྐུ་གཤེགས། ༢༠༠༦ ལོར་ས་པཎ་གྱི་མཆོད་རྟེན་དེ་མཇལ་བའི་སྐལ་བཟང་བྱུང་། བོད་ཀྱི་བླ་མ་ཞིག་སོག་ཡུལ་དུ་འགྲོ་བའི་ལམ་འདིར་སྐུ་གཤེགས་པའི་མཆོད་རྟེན་ཡིན་ཞེས་གནས་བཤད་བྱེད་པ་པོ་ལས་ཐོས།
ས་པཎ་གྱི་ཚ་བོ་སྟེ། སྤུན་མཆེད་སྲས། ཆོས་རྒྱལ་འཕགས་པར་གྲགས། སོག་པོ་རྒྱ་ནག་གི་གོང་མ་རྒྱལ་པོ་ཆེན་པོར་གྱུར་པ། ཀུབ་ལི་ཁན་གྱི་ཆོས་ཞུ་བའི་བླ་མ་ཆེན་པོར་གྱུར། ཆོས་རྒྱལ་འཕགས་པོ་སོགས་ས་སྐྱ་པའི་བླ་མ་སོག་ཡུལ་དུ་འབྱོར་ཡོད་མེད་ཀྱི་གཞི་རྩ་ཞིག་ཀྱང་ཁོ་བོས་མ་ཤེས་སོ།
་
ཚིག་ལ་དོགས་པ་གཅོད་པ་སོགས་རྗེས་སུ་འབྲི་ངེས།
རྩོམ་ཡིག་འདི་ནི་གཡག་ཞ་རས་རྩ་ཟ་བའི་ངང་ཚུལ་བཞིན་ཕྱོགས་གཅིག་གི་ལྟ་ཚུལ་ཁྱེར་ནས་སྤྱི་ཡོངས་ལ་བཀབ་འདུག དགེ་འདུན་གྱི་སྡེ་བཀའ་གདམས་པ་ཆེ་བ་ནི་ཇོ་བོ་བརྒྱུད་པར་བཅས་པའི་ཕྲིན་ལས་ཀྱིས་དུས་དེར་དབུས་གཙང་དུ་བཀའ་གདམས་པའི་ཆོས་སྡེ་དུ་མ་དང་དེ་དག་དུ་དགེ་འདུན་མང་དུ་བཞུགས་པ་ཡིག་ཚང་དུ་གསལ་བ་དང་། གཟི་བརྗིད་འབྲི་གུང་པ་ཆེ་བ་ནི་སྤྱན་སྔ་རིན་པོ་ཆེ་སློབ་ཚོགས་དུ་མ་བསྐྱངས་པའི་དུས་ཡིན་པ་དང་། ཆོས་ས་སྐྱ་པ་མཁས་པ་ནི་ད་ལྟ་བཞུགས་པའི་ས་པཎ་གྱི་བཀའ་འབུམ་གྱིས་དཔང་པོ་བྱེད་ཐུབ། ཆོས་རྒྱལ་འཕགས་པ་དང་ཕྱག་ན་དགུང་ལོ་ཆུང་ཡང་མཉམ་དུ་ཁྱིད་ཕེབས་པ་ནི་གཙོ་བོ་ས་པཎ་ནི་འགྲན་ཟླ་བྲལ་བའི་མཁས་པ་ཞིག་ཡིན་པས་ཁོང་གི་མཁྱེན་ཡོན་ཚ་བོར་འཇག་པའི་ཆེད་རེད།
རྒྱལ་པོ་གོ་ཏན་དང་། ཀུབ་ལེ་ཁན་གྱི་སྐོར་འབྲེལ་ཇི་མཆིས་མཁྱེན་མཁན་འདྲ་ཡོད་ན། འབྲི་བར་མཛོད། ཁན་ཞེས་པ་སོག་སྐད་དུ། རྒྱལ་པོ་ལ་ཟེར་བས། རྒྱ་གར་དང་། པཱ་ཀི་སྟཱན་ན། མུ་སུལ་མན་ཕོ་ལ་ཁན་དང་། མོ་ལ་ཁ་ཏུན་ཟེར་བ་ཐོས་སོ།
ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་ཡང་རྒྱལ་བ་ཀློང་ཆེན་རབ་འབྱམས་དང་རྒྱལ་བ་བློ་བཟང་གྲགས་པ་ལྟར་རང་རེ་གངས་ཅན་པ་རྣམས་ལ་བཀྲིན་ཤིན་ཏུ་ཆེ་བ་ཡིན། ཁོང་རྣམ་པ་གསུམ་ལ་འཇམ་དབྱངས་རྣམ་གསུམ་ཞེས་ཡོངས་སུ་གྲགས་པ་ཡིན། སངས་རྒྱས་གཉིས་པ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝས་བཀའ་ཐང་བསྡུས་པར། ཧོར་སེ་ཆེན་རྒྱལ་པོས་བོད་ལ་དམག་དྲངས་ནས། ལྷ་ཁང་རྣམས་ཀྱང་འཇིག་པར་བྱེད་པའི་སྐབས་སུ། དེ་དུས་ང་སྤྲུལ་ས་སྐྱ་ཞེས་སུ་གྲགས། སྟོད་ཀྱི་ཕྱོགས་ནས་ཡབ་མིང་འཇམ་དཔལ་དང་། ཡུམ་མིང་སྒྲོལ་མ་ཞེས་བྱའི་སྲས་སུ་འཁྲུངས། འགྲོ་མགོན་འཕགས་པ་ཀུན་དགའ་རྒྱལ་མཚན་ཞེས། ང་ཡི་ལྷ་ཁང་རྣམས་ལ་ཞིག་གསོ་བྱེད། གསང་སྔགས་བསྟན་པ་དར་ཞིང་རྒྱས་པར་འགྱུར། བོད་འབངས་སེམས་ཅན་བདེ་ཞིང་སྐྱིད་པར་འབྱུང་། ཞེས་ལུང་གིས་ཟིན་པའི་སྐྱེས་བུ་དམ་པ་རེད་འདུག་ན། ནང་པ་སངས་རྒྱས་པར་ཁས་འཆེ་བ་ཀུན་གྱིས་ཕྱག་མཆོད་བྱ་བའི་ཡུལ་ལོ། །
ཚང་མས་བཤད་རྒྱུ་འདོད་ཕྱོགས་རང་རེད་འདུག་ལོ་རྒྱུས་བྱུང་རིམ་གཞིག་ལ་བཞག་ནས་བཤད་པ་ཡིན་ན་དྲང་པོ་མིན་པ་བཤད་མཁས་པོ་དེ་ནི་བོད་ཁོ་རང་གི་ལུགས་སྲོལ་རེད། དཔེར་ན་ད་བར་ཁ་རྩོད་དང་འཐབ་རྩོད་ཤ་སྟག་གིས་བྲིས་བཞག་པ་དེ་ལ་བཀའ་འབུམ་ཟེར་ནས་དེ་ལ་གཙིགས་སུ་འཛིན་ནས་ད་དུང་ཡང་རྩོད་རྒྱུན་མ་ཆད་པ་བསྡད་ཡོད་པ་མ་མཐོང་ངམ།
ཁན་ཞེས་པ་སོག་སྐད་དུ་ས་སྐྱོང་ཞེས་པ་གོ་དགོས། ཕྱིས་སུ་ཨཕ་གྷན་གྱི་པ་ཋན་དང་པ་ཀིསྟན། རྒྱ་གར་ཁ་ཆེའི་མི་རིགས་འགར་རུས་མིང་ངམ་ཁྱིམ་་མིང་ལ་ཁན་ཞེས་པ་མང་པོ་འདུག འདི་ཚོས་སོག་པོས་ཤན་བཞུགས་པ་འདྲ། ཨ་རབ་ཀྱི་ཁ་ཆེའི་མིང་ལ་Khanཁན་ཞེས་པའི་མིང་དེ་ཕལ་ཆེར་མེད་པ་འདྲ།
རྒྱལ་པོ་གོ་ཏན་གྱིས་ཆོས་རྗེ་ས་པཎ་ཞབས་ལ་བྲིས་པའི་ཡི་གེ །
་
བསོད་ནམས་ཆེན་པོའི་དཔལ་ལ་བརྟེན་ནས་རྒྱལ་པོ་ངེད་ཀྱི་ལུང་། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ལ་གོ་བར་བྱེད་པའི་གཏམ། ངེད་ཕ་མ་དང་གནམ་སའི་དྲིན་ལན་འཇལ་བའི་ཕྱིར། ལམ་གྱི་བླང་དོར་མ་ནོར་བར་སྟོན་པའི་བླ་མ་ཞིག་དགོས་པ་བརྟག་པ་བྱས་དུས་ཁྱོད་དུ་འདུག་པས། ལམ་གྱི་དཀའ་ཚེགས་ལ་མི་བལྟ་བར་ཡོང་དགོས། གལ་ཏེ་ན་སོ་རྒས་ཟེར་ན། སྔོན་ཐུབ་པའི་དབང་པོས་ལུས་གྲངས་མེད་པ་སྦྱིན་པར་ཇི་ཙམ། ཁྱོད་ཆོས་གོ་བའི་དམ་བཅའ་དང་ཨེ་འགལ། ངས་མཐའི་ཁྲིམས་ར་བླངས། དམག་དཔུང་ཆེན་པོས་བརྡ་དེད་བྱས་ནས་སེམས་ཅན་མང་པོ་ལ་གནོད་པ་བྱས་ན་མི་སྐྲག་པ་ཨེ་ཡིན། དེས་ན་སངས་རྒྱལ་ཀྱི་བསྟན་པ་དང་།་སེམས་ཅན་མང་པོ་ལ་སོམས་ལ་མགྱོགས་པར་ཤོག ཉི་མ་ནུབ་ཕྱོགས་ཀྱི་བནྡེ་རྣམས་ཁྱོད་ཤེས་སུ་འཇུག་པ་ཡིན།
་
གནང་སྦྱིན་ལ་དངུལ་བྲེ་ཆེན་ལྔ། གོས་ཆེན་གྱི་ཆོས་གོས་མུ་ཏིག་ཚོམ་བུ་ཅན་ལ་མུ་ཏིག་སྟོང་ཕྲག་དྲུག་དང་ཉིས་བརྒྱ། གོས་ལུ་ཧང་གི་རིང་འགག །ལྷམ་འབོབ་དང་བཅས་པ། ཁ་ཏི་ཁ་ཚང་མ་ཡུག་གཉིས། གོས་ཆེན་སྣ་ལྔ་ཡུག་ཉི་ཤུ་རྣམས་ཡོད། འདིའི་ལོན་ལ་རྡོར་སྲི་མགོན་དང་། དབོན་ཇོ་དར་མ་གཉིས་བཏང་བ་ཡིན། འབྲུག་ལོ་ཟླ་བ་བརྒྱད་པའི་གནམ་གང་ལ་བྲིས། [སྤྱི་ལོ་1244]
་
[ས་སྐྱ་གདུང་རབས་ཡིན་ནམ་སྙམ། དེབ་ཤོག་གྲངས། ༡༡༨]
ཡིག་ནོར་དང་ཆད་ལྷག་ལ་ཞུས་དག་མཛོད།
སྤྱིར་ལས་དབང་ལ་རག་ལས་ཕྱིར་ངས་སུ་ལའང་ལས་ཁག་མི་དཀྲི། གལ་ཏེ་དཀྲིས་ན་ལྷ་ལུང་དཔལ་རྡོར་ལ་དཀྲིས། རྒྱལ་པོ་གླང་དར་མ་བཀྲོངས་པ་ནས་བཟུངས་བོད་ཡུལ་གྱི་ཉི་མ་ནུབ་པ་རེད། གལ་ཏེ་ས་སྐྱ་བས་ཐབས་ཤེས་བྱས་མེད་ཚེ་བོད་མི་མང་པོ་སོག་པོའི་འོག་ནས་འཆི་བར་ངེས། །