རྩེཿ མུན་སེལ།
དང་པོ། བརྗོད་གཞི་དང་འབྲེལ་བའི་གཏམ།
དེང་གི་ཆར་ནི། འཛམ་གླིང་ཡུལ་གྲུ་གང་སར་སྨྲ་བརྗོད་རང་དབང་གི་གོ་སྐབས་ཡངས་པོར་ཕྱེ་བ་དང་སྟབས་ཅིག མི་དང་མི་ཕན་ཚུན་གྱི་བསམ་ཚུལ་ཡི་གེར་འགོད་པ་དང་། འཕྲིན་ཡིག་གཏོང་རེས་བགྱི་བ་སོགས་ཀྱི་མཐུན་རྐྱེན་གྱི་ཐད་ནས་ཀྱང་སྔར་བས་ཕུན་སུམ་ཚོགས་པ་ཞིག་ཏུ་གྱུར་ཡོད་ལ། གོ་སྐབས་འདི་དག་ནི། སྙན་ངག་མཁན་ནམ་རྩོམ་པ་པོ་ཞིག་ལ་མཚོན་ན་ཧ་ཅང་དགའ་བ་སྐྱེ་བའི་དོན་དག་ཅིག་ཡིན་ཏེ། ཁོ་ཚོའི་ཕྲག་ཏུ་རང་བཞིན་གྱིས་བབས་པ་ལྟ་བུའི་འོས་འགན་གཙོ་བོ་ཞིག་ནི། མཐོ་བླ་དྲག་གི་འཁོར་ནས་དམན་སྤྲང་བོའི་སྤྱི་ཚོགས་ཁྲོད་ཀྱི་དངོས་ཡོད་གནས་ཚུལ་རྣམས་ཡིག་རིས་སུ་འགོད་པ་དང་། བདེན་པའི་རྒྱབ་རྩར་འགྱུར་བའི་སྐད་ཆ། འཁྱོགས་པ་དྲང་བོར་སྲོང་བའི་གཏན་ཚིགས་སོགས་རང་གི་ནང་བསམ་བློའི་འཁྱེར་སོའི་ཚུལ་གང་ཞིག་སྐྱེ་བོ་མང་པོ་ཞིག་གི་མིག་ལམ་དུ་འགྲེམ་པ་ལ་དཀའ་ཚེགས་ཆུང་བུར་གྱུར་པ་མ་ཟད། ཧ་ཅང་སྐྱེན་པོའི་ངང་ནས་སྤེལ་ཏེ་ཁྱབ་བརྡལ་དུ་འགྲོ་ནུས་པར་གྱུར་པས་སོ།།
ཁོ་བོ་ལ་མཚོན་ན། སྙན་ངག་མཁན་དང་། རྩོམ་པ་པོ་ཞིག་ལ་ཚང་དགོས་པའི་ཡོན་ཏན་གྱི་ཆ་ནི་ཏིལ་འབྲུ་ཙམ་མི་ལྡན་མོད། སྨྲ་བརྗོད་རང་དབང་ནི་ཐུན་མོང་ལ་དབང་བའི་རང་དབང་ཞིག་ཡིན་པས། ངས་ཀྱང་གོ་སྐབས་འདི་ལ་བརྟེན་ནས་རང་ཉིད་ཀྱི་མི་ཚེའི་ནང་བྱུང་བའི་ཉམས་མྱོང་དང་། བསམ་ཚུལ་སོགས་ཁོམ་པའི་དུས་དང་བསྟུན་ནས་ཡི་གེའི་རིས་སུ་དགོད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཞིག་ཡིན་པར་སེམས་ཀྱི་ཡོད་པས། བྱ་བ་འདི་ནི་ཇི་སྲིད་ཚེ་ཡི་འཕེན་པ་མ་རྫོགས་བར་དུ་འདོར་བར་མི་འདོད། ད་རེས་གང་གླེང་བར་འདོད་པ་ནི། དེང་སང་ཕྱི་ནང་ཡུལ་གྲུ་གང་དུ་ཡང་བླ་མ་དང་སྤྲུལ་སྐུར་བརྫུས་པ་མང་པོ་ཞིག་གིས་སྐྱེ་བོ་མི་ཉུང་བ་ཞིག་ལོག་ལམ་ལ་འཁྲིད་པ་དང་། རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་རྒྱས་སུ་འགྲོ་བར་འགལ་རྐྱེན་དུ་འགྱུར་བ་སྟེ། ཤིན་ཏུ་ཉེན་ཚབས་ཆེ་བའི་ལས་སྣ་ཚོགས་པ་ཞིག་བགྱིད་ཀྱིན་ཡོད་པར་བརྟེན། བོད་ཕྱི་ནང་གི་སྤྱི་ཚོགས་ཁྲོད་བསྟན་འགྲོ་ལ་ལྷག་བསམ་དཀར་བའི་སྐྱེ་བོ་རྣམས་ཀྱིས་འདི་དག་གི་སྐོར་ལ་རང་རང་གི་བསམ་ཚུལ་མི་འདྲ་བ་ཅི་རིགས་ཤིག་བཀྲམས་དང་འགྲེམ་གྱིན་ཡོད་པ་ནི་བཤད་ཅི་དགོས། དེས་ན་བདག་གིས་ཀྱང་དེའི་སྐོར་ནས་རང་ཉིད་ཀྱི་བསམ་ཚུལ་ཉུང་ཟད་ཙམ་ཞིག་བྲི་བར་མོས་སོ།།
གཉིས་པ། སྤྲུལ་སྐུ་ཞེས་པའི་གོ་དོན་ཉིང་བསྡུས།
སྤྱིར་བཏང་སྤྲུལ་སྐུ་ཞེས་པ་ནི། སངས་རྒྱས་རྣམས་ཀྱི་ཡེ་ཤེས་མཐར་ཐུག་པའི་ཡོན་ཏན་གཟུགས་སྐུ་གཉིས་དང་། ས་གང་རུང་གི་ཡོན་ཏན་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་རྣམ་པའི་ཐུགས་བསྐྱེད་སྨོན་ལམ་གྱི་དབང་གིས་འབྱུང་བའི་སྤྲུལ་བ་ཞིག་ལ་བརྗོད་ཅིང་།དེ་དང་དེ་ལྟ་བུའི་སྤྲུལ་བ་དག་ནི། ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་གཟུགས་སུ་སྣང་བ་དང་མི་སྣང་བའི་ཚུལ་དུ་མའི་སྒོ་ནས་འཁོར་བར་འཕྱན་པའི་འགྲོ་བ་རྣམས་བདེ་བ་ནས་མི་གནས་མྱང་འདས་ཀྱི་ས་ལ་བཀྲི་བའི་སླད་དུ་འཆར་བ་ཞིག་ཡིན། དེ་ལྟ་བུའི་སྤྲུལ་བ་ཡི་ཚད་ནི་འདི་དང་དེ་ཙམ་མོ།ཞེས་དམ་པའི་སྐྱེས་ཆེན་རྣམས་ཀྱིས་ཀྱང་ཚད་འཛིན་པའི་གནས་ཤིག་མིན་ན། བདག་ལྟ་བུའི་སྐྱེ་བོ་ཐ་མལ་བ་ཞིག་གིས་ཇི་ལྟར་ཡོངས་སུ་བརྗོད་ནུས་ཏེ་གནས་མ་ཡིན་ནོ།།
འོན་ཀྱང་། ཁྱབ་ཆུང་ས་ཞིག་ནས་ཕྱོགས་མཚོན་ཙམ་ཞིག་དགོད་ན། སྔོན་གྱི་དུས་སུ་རྒྱ་གར་འཕགས་པའི་ཡུལ་དུ་ནི། འཕགས་པའི་གནས་བརྟན་བཅུ་དྲུག གྲུབ་ཆེན་བརྒྱད་ཅུ། རྒྱན་དྲུག་མཆོག་གཉིས་སོགས་དང་། རང་རེའི་བོད་ཡུལ་དུའང་ས་དགེ་རྙིང་གསུམ། བཀའ་ཇོ་བོན་གསུམ་བཅས་སོ་སོའི་བརྒྱུད་པའི་བླ་མའི་རྣམ་པར་རོལ་བ་སོགས་དུ་མ་ཞིག་བྱུང་སྟེ། བསྟན་འགྲོར་སྨན་པའི་མཛད་འཕྲིན་ཇི་ལྟར་རྒྱས་པའི་ཚུལ་རྣམས་མ་ལུས་པར་ནི་དུས་ཡུན་ཐུང་ངུ་ཞིག་གི་རིང་ལ་ཇི་ལྟར་དྲང་། བོད་དང་རྒྱ་གར་གྱི་ཡུལ་ཙམ་དུ་མ་ཟད། འགྲོ་བའི་གནས་གཞན་དང་གཞན་དུ་ཡང་། དགེ་བའི་བཤེས་གཉེན། འཁོར་རྒྱལ། བློན་འབངས། ཚོང་དཔོན། སྨད་འཚོང་མ། བྱ། རི་དྭགས་སོགས་ཤེས་ལྡན་གྱི་རྣམ་པར་སྤྲུལ་བ་དང་།
གཞན་ཡང་། རི་དང་སྐྱེད་མོས་ཚལ། གྲོང་ཁྱེར་དང་ལྗོན་ཤིང་། འབྱུང་བཞི་སོགས་སེམས་མེད་ཀྱི་ཚུལ་དུ་ཤར་ནས་འགྲོ་བ་རྣམས་ལ་ཕན་བདེ་མཛད་པའི་ཚུལ་ཡང་བསམ་གྱིས་མི་ཁྱབ།དེ་དག་ལས་མིའི་རང་གཟུགས་སུ་སྤྲུལ་བའི་རིགས་ནི། ད་ལྟའི་སྤྱི་ཚོགས་ཀྱི་ཁྲོད་ན་ཡང་རེ་འགའ་མཐོང་ཆོས་སུ་མངོན་པ་སྟེ། ཆེ་ས་ནས་ཐར་བ་དང་རྣམ་མཁྱེན་གྱི་ཡོན་ཏན་མངོན་དུ་འགྱུར་བའི་རྒྱུ་མ་ནོར་བར་ངེས་པའི་བླང་དོར་གྱི་གནས་སྟོན་པ་དང་། ཆུང་ས་ནས་འཛམ་གླིང་ཞི་བདེ་དང་། ཤེས་རིག་ཡར་ཐོན། ཟས་སྤྱོད་སྤང་བླང་། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱིས་མཚོན་མདོར་ན། རང་ཅག་ལ་འཕྲལ་ཡུན་ཀུན་ཏུ་དགེ་བར་འགྱུར་བའི་སླད་དུ་ཉིན་མཚན་དབྱེར་མེད་ཀྱི་ངང་ནས་བརྩོན་བཞིན་པའི་སྐྱེས་བུ་དམ་པ་འདི་དག་ཀྱང་། སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གང་རུང་འགའ་ཡི་སྤྲུལ་བ་ཡིན་པར་ཐེ་མི་ཚོམ། སླད་མར་ཡང་དེ་དག་གི་སྤྲུལ་བ་ནི། གཅིག་ཏུ་མ་ངེས་པའི་རྣམ་པར་རོལ་བ་བགྲང་ལས་འདས་པ་ཞིག་བྱུང་སྟེ། འགྲོ་བ་རྣམས་ཇི་སྲིད་གནས་པ་དེ་སྲིད་དུ་གཞན་ཕན་འཕྲིན་ལས་ཀྱི་འཇུག་པར་ཉམས་པ་བྲལ་བ་ནི་གོང་དུ་བཤད་མ་ཐག་པ་ལྟར་རོ།།
གསུམ་པ། སྤྲུལ་སྐུ་རྫུན་མིའི་རིགས་ཀྱི་བྱས་ཉེས།
སྔོན་དུས་ཀྱི་སྐྱེས་བུ་དམ་པ་དེ་དག་ནི་མཁྱེན་པ་དང་། བརྩེ་བ་དང་། ནུས་པའི་ཡོན་ཏན་བཅས་ཀྱི་རང་སྟོབས་ལས་སྤྲུལ་སྐུར་གྲུབ་པ་ཤ་སྟག་བྱུང་བ་ཡིན་གྱི། སྤྲུལ་སྐུ་ངོས་འཛིན་གྱི་སྲོལ་ཟེར་བ་ཞིག་ནི། སྔོན་དུས་རྒྱ་གར་འཕགས་པའི་ཡུལ་དུ་བྱུང་མ་མྱོང་བ་ཞིག་ཡིན་པའི་མི་ཚད། བོད་དུ་ཡང་དམ་པའི་ཆོས་ཀྱི་དབུ་བརྙེས་པ་ནས་གླང་མས་ཉག་ལ་མ་གཏུགས་པའི་བར་དུ་དར་མ་མྱོང་བའི་སྲོལ་ཞིག་རེད། ལུགས་སྲོལ་འདི་ནམ་བྱུང་མིན་གྱི་སྐོར་ལ་རང་རེའི་བོད་ཀྱི་མཁས་པ་འགས་ལོ་རྒྱུས་ཡིག་ཆ་ལ་ལར་བཀོད་པ་ལྟར་ན། བསྟན་པ་ཕྱི་དར་གྱི་སྐབས་ཏེ་རབ་བྱུང་གསུམ་པའི་ནང་ཀརྨ་པ་སྐྱེ་འཕྲེང་གསུམ་པའི་སྐུ་དུས་སུ་བྱུང་བར་བཤད། ལམ་ལུགས་འདི་བརྒྱུད་ནས་ཀྱང་སྐྱེས་བུ་དམ་པ་མང་པོ་ཞིག་བྱོན་དང་འབྱོན་བཞིན་མཆི་བ་ནི་སྨོས་མ་དགོས། འོན་ཀྱང་། བར་སྐབས་ཤིག་ནས་ཡང་སྲིད་ངོས་འཛིན་གྱི་བྱེད་སྒོ་དེ་ཡང་ལྷོད་ཅིང་འཁྱོལ་བར་གྱུར།
དེ་ནི་ལས་འབྲས་ཀྱི་སྲང་མདའ་ལ་མི་ལྟ་བར་ཚེ་འདི་ཡི་རྙེད་བདེ་ལ་སྐོམ་པ་ཆུར་སྲེད་པ་ལྟ་བུའི་མཆོག་ལྟ་ཅན་གྱི་སྐྱེ་བོ་སྐོར་ཞིག་ལ་ནི། སོ་སོའི་ཁྱིམ་གཞིས་རྒྱ་བསྐྱེད་པ། དགྲ་བཏུལ་ནས་གཉེན་སྐྱོང་བ་སོགས་མི་ཚེ་དགའ་སྟོན་ངང་ནས་རོལ་བར་བྱ་བའི་ཆེད། དཔལ་འབྱོར་གྱི་མཐུན་རྐྱེན་སྒྲུབ་པའི་གོ་སྐབས་བཟང་བོ་ཞིག་ཏུ་གྱུར་ཅིང་། སྤྲུལ་སྐུའི་འབག་ལ་ཞུགས་ནས་ཕྱོགས་གང་སར་ཐོ་ཅོའི་ཟློས་གར་སྣ་ཚོགས་པ་རེ་འཁྲབ་སྟེ། ཤི་གསོན་མང་པོའི་དཀོར་ལ་ཧབ་ཤ་བྱེད་ཀྱིན་གདའ། འདི་ཚོའི་གྲས་ན་ལ་ལས་ནི། མི་རྣམས་ཀྱི་འཚོ་བའི་ཡོང་སྒོ་ལ་གྱོང་གུད་བཟོས་པ་ཙན་མ་ཡིན་པར། བཟའ་ཟླ་ཁ་འཐོར་དུ་བཏང་བ། ཉམས་ཆུང་གཡོག་ལ་བཀོལ་བ། གཞན་གྱི་གོ་གནས་འཕྲོགས་པ་སོགས་མདོར་ན། གང་ཟག་གཞན་གྱི་ལུས་སེམས་ལ་གནོད་པའི་བྱ་བ་བགྱིས་པའང་ཉུང་ངུ་ཙམ་ཞིག་ཡིན་ཚོད་མི་འདུག ལེགས་པར་བསམ་ན་གསེར་གྱི་རང་བཞིན་ནི་དུས་ནམ་ཡང་གསེར་ཡིན་པ་བཞིན། སངས་རྒྱས་བསྟན་པའི་རང་རྐང་ནི་ཀུན་ཏུ་ཡང་ཐོག་མཐའ་བར་གསུམ་དུ་དགེ་བའི་རང་བཞིན་ལས་གཞན་དུ་འགྱུར་བ་མེད་མོད། འོན་ཀྱང་། སྤྲུལ་སྐུའི་འཁྲབ་འབག་གྱོན་མཁན་འདི་ཚོའི་རིགས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་རྩ་མེད་མ་བཟོས་ཚེ། བོད་བརྒྱུད་ནང་བསྟན་དར་རྒྱས་སུ་འགྲོ་བ་ལ་ནི་ཧ་ཅང་ཉེན་ཚབས་ཆེ་བའི་འགག་རྐྱེན་ཞིག་ཏུ་འགྱུར་ངེས་ཡིན་ཏེ། ཁོ་ཚོས་ཤིན་ཏུ་མི་འོས་པའི་བྱ་སྤྱོད་འདྲ་མིན་སྣ་ཚོགས་བགྱིས་པར་བརྟེན། དེང་གི་ཆར་རྒྱལ་ཁབ་དང་། མི་རིགས། ཆོས་ལུགས་བཅས་གཅིག་དང་། ཐ་དད་ཡིན་མིན་གྱི་སྤྱི་ཚོགས་དག་གི་ཁྲོད་ན་གང་ཟག་གི་སྐྱོན་ཆོས་ལ་འགེལ་བར་མོས་པའི་མི་མང་པོ་ཞིག་གིས་དེ་འདྲའི་ཚུལ་མིན་བྱ་སྤྱོད་ཀྱི་རིགས་ནི་སངས་རྒྱས་བསྟན་པའི་སྐྱོན་ཡིན་པར་བསྙད་ཅིང་། ཡིག་ངག་གཉིས་ཀའི་ལམ་ནས་སྨད་ར་གཏོང་གིན་འདུག་པས་སོ།།
བཞི་བ། སྐྱེས་ཆེན་དམ་པ་འགའི་དགོངས་འཆར་དང་གནད་དུ་འཁེལ་བའི་ལས་རིམ།
ལར་བསྟན་པ་དར་རྒྱས་སུ་འགྲོ་བར་ཡང་འགལ་རྐྱེན་མང་པོ་ཞིག་ཡོད་པ་ལས། སྤྲུལ་སྐུའི་འབག་བགོས་ནས་ཟློས་གར་འཁྲབ་མཁན་ཚོའི་བྱས་ཉེས་ཀྱི་རིགས་ནི་ཧ་ཅང་ཉེན་ཚབས་ཅན་ཞིག་ཡིན་ཚུལ་གོང་དུ་བཤད་མ་ཐག་པ་ལྟར་ལགས། དེའི་ཕྱིར་རྒྱལ་བའི་བསྟན་པ་འཕེལ་རྒྱས་ཀྱི་ཐད་ལ་ལྷག་པའི་བསམ་པ་དཀར་བ་སུས་ཀྱང་། དེ་འདྲའི་འགལ་རྐྱེན་གྱི་རིགས་བསལ་བར་བྱ་བའི་སླད་དུ་རང་རང་ལ་ལྡན་པའི་ནུས་པ་རེ་འདོན་རན་འདུག ལྷག་པར་དུ་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་གྱི་འགན་དབང་ཕྲག་ལ་བབས་པའི་ཚད་ལྡན་བླ་སྤྲུལ་དང་མཁན་པོ་སློབ་དཔོན་རྣམ་པས་ནི། ཅིས་ཀྱང་ཐུགས་རིག་བསྒྲིམས། གཟིགས་རྒྱང་བསྐྱེད། བརྩོན་པ་བསྲིངས། དཔུང་ཤུགས་བསྡུས་ཏེ། སྤྲུལ་སྐུ་རྫུན་མའི་རིགས་ཀྱི་འབྱུང་རྐྱེན་དང་། དཀའ་རྙོག་འདི་རིགས་ཇི་ལྟར་སེལ་བའི་ཐབས་ལམ་མང་བོ་ཞིག་བསྐྲུན་ནས་མི་འགྱང་བར་དག་ཐེར་བྱ་རྒྱུ་ནི། ཁོ་ཚོས་མ་བསྒྲུབས་ན་མི་འགྲིག་པའི་དོན་དག་ཅིག་རེད།
བཙན་བྱོལ་སྤྱི་ཚོགས་ཁག་གི་ཁྲོད་ལ་ཆ་བཞག་ན་ཁོ་ཚོ་ཐོག་མར་འཁོར་སའི་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད་ཀྱང་། སྤྱི་ཚོགས་ཁག་གི་ནང་བཞུགས་འགན་དབང་ཅན་རྣམས་ཀྱིས་སྤྲུལ་སྐུ་རྫུན་མའི་བྱས་ཉེས་ཀྱི་སྐོར་ལ་ལབ་གླེང་མང་ཙམ་བགྱིད་ཀྱི་ཡོད་པ་མ་གཏོགས། དེ་ལྟ་བུའི་ཉེན་ཚབས་ཅན་གྱི་འཆལ་སྤྱོད་ཀྱི་རིགས་མི་འབྱུང་བའི་ཐབས་ཀྱི་ཕྱོགས་ལ་དེ་ཙམ་གྱི་དོ་སྣང་བྱེད་ཀྱི་མེད་པ་འདྲ།ཉེ་བའི་ལོ་ཁ་ཤས་ཤིག་གི་སྔོན་དུ་གོང་༧ས་མཆོག་གིས་གསུང་ཆོས་འགའ་གནང་བའི་ཞོར་ལ་ཤིན་ཏུ་གལ་ཆེ་བའི་བཀའ་སློབ་ཐེངས་གསུམ་ཙམ་ལ་བསྩལ་རུང་། ཁོང་གིས་གསུངས་པ་རྣམས་གཞི་རྩར་བཞག་ནས་སྤྲུལ་སྐུ་ངོས་འཛིན་གྱི་ལས་རིམ་ལ་སྟངས་འཛིན་གནང་མཁན་མ་བྱུང་བའི་དབང་གིས། མཆོག་གི་ཞལ་ཁྱིམ་ནས་བྱུང་བའི་བསླབ་བྱ་དེ་དག་རྔ་བོ་ཆེའི་སྒྲ་ལྡིར་བ་ལྟར། བློ་གྲོས་དང་ལྡན་པའི་སྐྱེ་བོ་མི་ཉུང་བ་ཞིག་ལ་གསལ་འདེབས་ནན་མོ་ཞིག་ཆགས་ཡོད་ན་ཡང་། དམིགས་བསལ་གྱི་ནུས་པ་ཆེན་པོ་དེ་ཙམ་ཞིག་འབྱུང་གི་ཡོད་པ་མ་མཐོང་།
དེང་སྐབས་བོད་ནང་ལ་མཚོན་ན་སྟོད་ཀྱི་མཁན་ཆེན་རྣམ་གསུམ། སྨད་ཀྱི་དགེ་བཤེས་རྣམ་གཉིས་བཅས་དབུར་བཞུགས་ཐོག རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་རྒྱས་ཡུན་གནས་དང་།སྤྱི་ཚོགས་བདེ་འཇགས་འོང་ཐབས་བཅས་ཀྱི་སྐོར་ལ་ཐུགས་དགོངས་གཙང་ལ། མཁྱེན་རྒྱ་ཡངས་ཤིང་། འཇོན་ནུས་ལྡན་པའི་དམ་པའི་སྐྱེས་བུ་སྐོར་ཞིག་གིས། ཇི་སྐད་དུ། ལུས་ཁྲག་ངན་ནད་ལ་གཏར་ཀ ཞེས་པའི་དཔེ་ལྟར། སྤྲུལ་སྐུ་རྫུན་མའི་རིགས་ཀྱིས་བགྱིས་པའི་གནས་ཚུལ་ངན་པ་རྣམས་བསྔོག་འདོན་བགྱིས་པ་དང་ཆབས་ཅིག མ་འོངས་པར་ཇི་ལྟར་བྱ་སྤྱོད་ངན་པ་དེ་རིགས་མི་འབྱུང་བར་བྱ་ཐབས་ཀྱི་སྐོར་ལ་ཡང་། གནད་དུ་འཁེལ་བའི་ལམ་སྟོན་རབ་དང་རིམ་པ་ཞིག་བསྩལ་ཡོད་པས། བོད་ཡུལ་མདོ་དབུས་ཁམས་གསུམ་གྱི་མི་མང་པོ་ཞིག་གི་བསམ་བློའི་ནང་དེའི་སྐོར་ལ་དོར་སྣང་ཤུགས་ཆེན་ཞིག་བསླངས་ཡོད་ཅིང་། སྐྱེ་བོ་མི་ཉུང་བ་ཞིག་གིས་ཐབས་ལམ་དེ་དག་ལ་ཚུལ་བཞིན་ཞུགས་ན་ནམ་ཞིག་སྤྲུལ་སྐུ་རྫུན་མའི་རིགས་དེ་མི་འགྱང་བར་ཉུང་བ་ནས་མེད་པར་འགྱུར་རྒྱུའི་རེ་བ་ཡང་འཆའ་བཞིན་བདོག ཁོང་རྣམ་པའི་མཛད་འཆར་དེ་དག་ནི། རང་ཅག་སྟོན་པ་གཅིག་གི་བསྟན་པའི་སྒོར་འདུས་པ་ཀུན་གྱིས་བཅོས་མ་མ་ཡིན་པའི་རྗེས་སུ་ཡི་རང་གི་སྒོ་ནས་བསྔགས་བརྗོད་དང་། ཧ་ཅང་དགའ་སྤྲོ་སྐྱེ་འོས་པའི་མཛད་བཟང་ཞིག་གོ།
ལྔ་བ། སྲིད་གཞུང་ཁག་དང་མང་ཚོགས་ཀྱི་ངོས་ནས་ཀྱང་ཞབས་འདེགས་དགོས་ཚུལ།
རྒྱལ་གཞུང་ཁག་ནས་ཀྱང་ཉེས་སྐྱོན་དེ་རིགས་མེད་པར་གཏོང་བའི་བྱ་བར་འཇུག་པ་རྣམས་ལ་རྒྱབ་སྐྱོར་བྱེད་རིགས་ཏེ། སྤྲུལ་སྐུ་རྫུན་མའི་འཁྲབ་འབག་ལ་འཇུག་མཁན་ཚོས་མི་མང་གི་དཔལ་འབྱོར་ལ་གྱོང་སྟེར་གྱི་ཡོད་པ་མ་ཟད། མི་དང་མིའི་དབར་ལ་འགལ་ཟླ་སློང་བ་དང་། འདྲ་མཉམ་ཐོབ་ཐང་ལ་རྡོག་རོལ་བཏང་བ་སོགས་ཤིན་ཏུ་མི་འོས་པའི་བྱ་བ་འབའ་ཞིག་བགྱིས་དང་བྱེད་ཀྱི་ཡོད་ཚུལ་ནི་གོང་དུ་སྨོས་ཟིན་པས་འདིར་བསྐྱར་དུ་མི་གླེང་། ཁོ་ཚོའི་བྱ་སྤྱོད་དེ་རིགས་ནི་ཆོས་ཁྲིམས་དང་འགལ་བ་ཙམ་ཞིག་མ་ཡིན་པར། རྒྱལ་སྤྱིའི་ཁྲིམས་ལུགས་ལས་ཀྱང་ཧ་ཅང་ཉེན་ཚབས་ཆེ་ས་ཞིག་ནས་འགལ་བ་ཡིན་ཡང་། སྣང་མེད་ལྷོད་ཡངས་ངང་བཞག་ཡོད་པ་འདིས་ཅི་ཞིག་མཚོན་ཡོད་དམ།
བདག་གིས་མ་བརྗོད་རུང་འཛམ་གླིང་ཁྲིམས་བཤེར་བ་ཐུན་མོང་ལ་རང་ཤུགས་ཀྱིས་དྲི་བརྡ་ཞིག་སླེབ་ངེས་རེད།ལྷག་དོན་རྒྱ་ནག་ལ་མཚོན་ན་རྒྱལ་ཁབ་ཀྱི་མངའ་ཞབས་ན་ཁྲིམས་ལུགས་བདག་སྐྱོང་བར་རློམ་པ་ཁ་ཅིག་གིས། སྔོན་ཆད་རིག་གསར་གྱི་སྐབས། མའོ་ཙེ་ཏུང་རང་གི་ཞལ་སྔ་ནས། ཆོས་ལུགས་དད་པ་ལ་རང་དབང་། ཞེས་གསུངས་པ་གཞིར་བཞག་ཐོག་ཚུལ་དང་མཐུན་པའི་སྒོ་ནས་གྲྭ་ས་དང་། དགོན་སྡེ་ཁག་ཏུ་ནང་ཆོས་ལ་ཐོས་བསམ་དང་། སྒོམ་སྒྲུབ་གནང་བཞིན་པའི་གྲྭ་བཙུན་མང་པོ་ཞིག་དགོན་སྡེ་ནས་ཕྱིར་ཕུད་བཏང་བ་དང་། ལ་ལར་དོན་མེད་གཅར་བརྡུངས་བགྱིས་པ། འགའ་ཞིག་ཉེས་མེད་ཁྲིམས་ལ་སྦྱོར་བ་སོགས་གདུག་རྩུབ་ཅན་གྱི་ལས་རིམ་དེ་དག་ནི། རང་གཞུང་གི་རྩ་ཁྲིམས་དང་མི་མཐུན་པ་ཙམ་དུ་མ་ཟད། འཛམ་གླིང་རྒྱལ་ཁབ་གཞན་གྱི་ཤེས་ཡོན་པ་དག་གིས་འཕྱ་སྨོད་བྱ་བའི་གནས་ཤིག་ཀྱང་རེད།
དེ་བས། ཁྱོད་ཚོས། དངོས་གནས་ཆོས་པའི་རིགས་ལ་ཚུལ་མཐུན་གྱི་ཁྲིམས་ལུགས་ཤིག་སྤེལ་རྒྱུ་ཡིན་ན། སྤྲུལ་སྐུ་རྫུན་མའི་རིགས་འདི་འདྲ་ཕྱིན་ཆད་མི་འབྱུང་བ་དང་། ད་ཡོད་རིགས་ནུས་མེད་ཏུ་འགྲོ་བར་བྱ་བའི་སྐོར་ལ་གྲོས་སྡུར་བྱེད་མཁན་དང་། ཕྱག་ལས་གནང་མཁན་དག་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་རོགས། དེ་ལྟར་བགྱི་ན། ད་ལྟའི་སྲིད་འཛིན་ཞི་ཅིན་ཧྥིང་མཆོག་གིས་བགྱིད་བཞིན་པའི་གཟི་བརྗིད་ཅན་གྱི་བྱ་བ་སྟེ། ལྐོག་ཟ་རུལ་སུངས་མེད་པར་གཏོང་བའི་ལས་འགུལ་དེ་ཉིད་ཀྱི་འཐུས་སྒོ་ཇེ་ཚང་དང་། ནུས་པ་ཆེ་རུ་འཕར་བའི་མཐུན་རྐྱེན་ངོ་མ་ཞིག་ཏུ་ཡང་འགྱུར་ཏེ། འཁྲབ་འབག་བགོས་པ་དེ་ཚོ་ནི། དོན་ལ་ལྐོག་ཟ་རུལ་སུངས་པའི་ཚོགས་ཀྱི་རིགས་གཞན་ཞིག་སྟེ། མངོན་ཟ་རུལ་སུངས་སྐོར་ཞིག་ཡིན་པས་སོ།།
ཡང་། མང་ཚོགས་ཀྱི་བསམ་བློའི་འཁྱེར་སོའི་ཐད་ལ་དཔོག་ན།དེང་སང་མི་ཕལ་ཆེ་བ་ཞིག་གིས་སྤྲུལ་སྐུ་ཟེར་དུས། ལུས་ལ་གོས་ཆེན་གྱི་ལྭ་བས་བཀླུབས་པ། འགྲོ་འདུག་གོང་ཆེན་གྱི་གྲུ་ལ་བརྟེན་པ། བསྡད་གནས་གཞལ་ཁང་ཡས་བཞིན་རྒྱ་ཆེ་བ། ཐམ་རྟགས་བཀོད་པའི་ཡིག་རྫུན་གཏོར་མའི་དཀར་རྒྱན་བཞིན་འཕྱར་བ། ཕྱུག་བདག་དང་འབུལ་བའི་བམ་ཁ་མཐུག་སའི་ཡུལ་ཁོ་ན་ལ་སྦྲང་མ་བཞིན་འཁོར་བ། མཐོ་ས་མ་གཏོགས་དམའ་སའི་ཕྱོགས་ལ་མིག་ཟུར་ཙམ་ཡང་མི་གཡོ་བ་སྟེ་དེ་ལྟ་བུ་ཞིག་ཡིན་ཆགས་བྱེད། གལ་སྲིད་བསམ་བློའི་འཛིན་སྟངས་དེ་འདྲ་ལྡན་པའི་མི་ཚོའི་གྲས་ཀྱི་གང་རུང་ཞིག་གི་སྒོ་ཁར། སྔོན་དུས་ཀྱི་དམ་པ་རྣམས་ལས་དཔེར་ན། སྐུ་ལུས་ཀྱི་ན་བཟའ་རལ་ཅིང་། ཕྱག་ཏུ་འཁར་རྒྱུག་བསྣམས་པའི་རྗེ་བཙུན་མི་ལ་ལྟ་བུ་ཞིག་སླེབས་པ་ཡིན་ན། གུས་ཞབས་ཕར་བཞག མཚན་གཅིག་གི་གནས་ཚང་ཙམ་ཡང་གཡར་ཁག་པོ་རེད། མི་མང་ཕལ་བོ་ཆེ་ཞིག་གི་བསམ་ཚུལ་དེ་འདྲའི་སྐྱོ་བོར་གྱུར་ཡོད་པར་བརྟེན། སྤྱི་ཚོགས་ཁྲོད་ཚེ་འདི་ཕྱི་གཉིས་ཀར་སྡུག་ལ་སྦྱོར་མཁན་དེ་རིགས་མང་དུ་འབྱུང་གི་ཡོད་པ་ནི་བཤད་མ་དགོས།
དེས་ན། མི་དམངས་ཚོས་ཀྱང་མཁན་སྤྲུལ་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཇི་ལྟར་བླང་དོར་བྱེད་ཚུལ་གྱི་སྐོར་ལ་བཀའ་སློབ་གནང་བ་དག་ལ། དོ་སྣང་བྱས་ཏེ་བསམ་བློའི་གོ་རྟོགས་རྣོ་རུ་བཏང་ཞིང་། སྤྲུལ་སྐུའི་འཁྲབ་འབག་གྱོན་མཁན་གྱི་ཇག་པའི་རིགས་རྩ་མེད་བཟོ་བའི་ལས་འགུལ་སྤེལ་མཁན་རྣམ་པར་རང་རང་ཅི་འཇོན་གྱི་སྒོ་ནས་ཞབས་འདེགས་ཞུ་རྒྱུ་གལ་ཆེ། ད་བརྒྱ་བཤད་ཚིག་གི་ཉིང་དགོས་མདོ་རྩར་བསྡུས་ན། ལྷག་པའི་བསམ་པ་དཀར་བའི་མཆོག་དམན་བར་མའི་སྐྱེ་བོ་ཀུན་གྱིས་ནུས་པ་གཅིག་ཏུ་སྦྲེལ་ཏེ། བསྟན་པ་འཕེལ་རྒྱས་དང་། དེ་འཛིན་སྐྱེས་ཆེན་རྣམས་ཀྱི་མཛད་འཕྲིན་ལ་ཤིན་ཏུ་གནོད་པའི་ཚབས་ཆེན་གྱི་གནས་ཚུལ་དེ་རིགས་དག་ཐར་བགྱི་བའི་བྱ་བ་ལ་མཐའ་གཅིག་ཏུ་བརྩོན་པར་འཚལ། ཞེས་རེ་བསྐུལ་ཞུ་བ་ལགས་སོ།།
ཞེས་བོད་ཟླ་༣ ཚེས་༡༠ ཉིན་བཀྲིས་སྡིངས་རི་བོའི་གནས་མཇལ་གྱི་ཞོར་ཟིལ་གནོན་ཞེས་པའི་རི་ཁྲོད་དུ་བྲིས།
བོད་དུ་སྤྲུལ་སྐུའི་ལམ་ལུགས་དང་པོ་དེ་ཀརྨ་པ་གསུམ་པ་མིན་པར་གཉིས་པའི་སྐབས་ནས་དར་འགོ་བཙུགས་ཟིན་པ་རེད། ཀརྨ་པ་གསུམ་པའི་སྐབས་ཟེར་བ་དེ་ཕྱིས་བྱོན་དགེ་ལྡན་པའི་བླ་མ་ཐེའུ་ཀྭན་གྱིས་འགོ་བཙུགས་ནས་རྒྱུན་འབྱམས་པ་ཞིག་ཡིན།
དྲྭ་གྲོགས་འབྲོང་བུ་སོག་ཚ་ལགས། ཉིད་ཀྱིས་གསལ་བཤད་གནང་བ་བཀའ་དྲིན་ཆེ། གོང་དུ་གུས་པས་(ཀརྨ་པ་སྐུ་འཕྲེང་གཉིས་པ)ཞེས་འབྲི་དགོས་རྒྱུ་ལ། (གསུམ་པ)ཞེས་བྲིས་ནོར་ཕྲན་བུ་བྱུང་འདུག
ཡང་སྲིད་སྐོར་ལ་ཤེས་བྱ་ཡག་པོ་འདུག ཐུགས་རྗེ་ཆེ། ཉེ་ཆར་བཀའ་གདམ་གསར་མའི་ཆོས་ཚོགས་ཟེར་བ་དབྱིན་ཡུལ་གྱི་སྐལ་བཟང་རྒྱ་མཚོའི་ཆོས་ཚོགས་དེས། ལོ་མང་བོད་པ་ཤུགས་ལྡན་བསྟེན་མཁན་ཚོར་སྣེ་ཁྲིད་བྱས་ནས་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ལ་ངོ་རྒོལ་བྱས་སོང་། སྐབས་དེ་དུས་ཁོང་ཚོ་དང་ཨ་རིའི་ཤུགས་ལྡན་བསྟེན་མཁན་གྱི་ཚོགས་པ་ཁག་ལ་འབྲེལ་བ་ཤིན་དུ་ལེགས། ཁ་སང་གློ་བུར་དུ་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཞིག་ཐོན་པ་ནི། ཆོས་ཚོགས་དེས་བཀའ་རྒྱ་ཞིག་བཏང་ནས་རང་ཁོངས་ཀྱི་ཡན་ལག་ཆོས་ཚོགས་ཚང་མས་ཁྲི་བྱང་མཆོག་སྤྲུལ་རིན་པོ་ཆེ་ངོས་འཛིན་དང་འབྲེལ་བ་ཞུ་མི་ཆོག་པ་དང་། གཞུང་འབྲེལ་ཡིག་ཆ་གཞན་ཞིག་གི་ནང་ལ་ཁྲི་བྱང་མཆོག་སྤྲུལ་རིན་པོ་ཆེ་ཁྲི་བྱང་སྤྲུལ་སྐུ་མིན་པའི་ཁྱབ་བསྒྲགས་བྱས་འདུག
༄༅། རྕེ་མུན་སེལ་མཆོག་ནས། སྤྲུལ་སྐུ་རྫུན་མའི་སྐོར་ལ་གང་ལེགས་བྲིས་གནང་བར་ཐུགས་རྗེ་ཆེ། དྲི་བ་གཉིས་ཞུ་རྒྱུ་ལ། ཡང་སྲིད་དང་་་སྤྲུལ་སྐུ་ གཉིས་ལ་ཁྱད་པར་གང་ཡོད་དམ།
གཉིས་པ། སྤྲུལ་སྐུའི་ཡོན་ཏན་ལ་་་ས་གང་རུང་གི་ཡོན་ཏན་ཡོངས་སུ་རྫོགས་པ་སོགས་དགོས་སྐོར་ནས་་་ཡོངས་སུ་རྫོགས་པའི་ཡོན་ཏན་འདིའི་ནང་ལ་ཕྱི་ནང་གཉིས་ཀའི་ཡོན་ཏན་ཚུད་ཡོད་དམ་མེད་་་་ཡང་ན་བོད་ཀྱི་ནང་ཆོས་གཅིག་པུ་ཡིན་ནམ།
ཡོངས་སུ་རྫོགས་པ་ཞེས་པ་སྣེ་གཅིག་ཀྱང་མ་ལུས་པའི་དོན་ཡིན་པས་་དེ་འདྲའི་ཡོན་ཏན་ནི་སངས་རྒྱས་ཁོ་ན་ལ་མ་གཏོགས་ཡོང་མི་སྲིད་སྙམ། སྤྲུལ་སྐུ་ལ་ཡོན་ཏན་གོང་ཞུས་ལྟར་དགོས་ན། ཡང་སྲིད་ལ་ཡོན་ཏན་གང་དང་གང་ཚང་དགོས་སམ།
ཟུར་གནས་ལགས། ཁྱེད་ཀྱིས་དོ་སྣང་དང་། དེ་འབྲེལ་གནས་ཚུལ་མཁོ་གཏོང་གནང་བར། ཐུགས་རྗེ་ཆེ།
ཨ་འབར་འཇིགས་དབང་ལགས། ཡང་སྲིད་ཅེས་པ་ནི། སྒྲ་དོན་ཅུང་ཟད་ཡངས་པའི་དབང་དུ་བཏང་ན། གང་ཟག་ཕལ་བའི་སྐྱེ་བར་འཇུག་པའི་སྐབས་ཀྱང་ཡོད་མོད། སྐབས་འདིར། སྤྱིར་བཏང་སྤྱི་ཚོགས་ཁྲོད་གོ་བ་ལེན་སྟངས་དང་བསྟུན་ཏེ། ཐུགས་བསམ་གནང་ན་ལེགས་པར་སེམས་སོ།།
@ཨ་འབར་འཇིགས་དབང་ལགས། སངས་རྒྱས་རྣམས་ཀྱི་སྤྲུལ་བ་དང་། བྱང་ཆུབ་སེམས་དཔའ་དག་གི་སྤྲུལ་བ་གཉིས་གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་ཁྱད་པར་གྱི་སྒོ་ནས་མི་འདྲ་བར་བཞག་དགོས།
ཨ་འབར་ལགས། གོང་དུ་བདག་གིས་སངས་རྒྱས་རྣམས་ཀྱི་ཡེ་ཤེས་མཐར་ཐུག་པའི་ཡོན་ཏན་་་་་ཞེས་དང་། ས་གང་རུང་གི་ཡོན་ཏན་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་་་།ཞེས་བཀོད་ཡོད་པས། དེ་གཉིས་གཅིག་ཏུ་བསྲེས་ནས་གོ་བ་བླང་ན་མི་འགྲིག་་་
ཨ་འབར་འཇིགས་དབང་ལགས། ངེད་ཅག་གིས་དེ་ཚོའི་སྐོར་ནས་བསྔོག་ན་བརྗོད་གཞི་ཧ་ཅང་རླིངས་པར་འགྱུར་བས་དེ་ཙམ་གྱིས་འཐུས་པར་བྱ། འདིར་སྐབས་སུ་བབས་པའི་དོན་དག་གཙོ་བོ་ནི།སྤྲུལ་སྐུ་རྫུན་མའི་རིགས་དེ་དག་ཇི་ལྟར་དག་ཐེར་བྱ་རྒྱུ་དེའི་སྐོར་ཡིན་པས། སྐུ་ཉིད་ལ་ཡང་དེའི་སྐོར་ནས་དགོངས་ཚུལ་དམིགས་བསལ་བ་དེ་འདྲ་ཡོད་ཚེ། ཐད་ཀར་གསུངས་དང་འུ་ཚོས་བག་དལ་མོའི་ངང་ནས་གླེང་མོལ་བྱ་བར་རིགས་་་།
བླ་རྫུས་སྤྲུལ་རྫུས་མེད་པར་བྱེད་དགོས་ན་བླ་རྫུས་སྤྲུལ་རྫུས་བཟོ་སའི་བཟོ་གྲྭ་ཆེ་ཁག་མེད་པར་བྱེད་དགོས། བཟོ་གྲ་མེད་པར་བྱེད་པ་ལ་བཟོ་བདག་མེད་པར་བྱེད་དགོས། དེ་མིན་བཟོ་གྲས་བཟོས་པའི་བཅའ་དངོས་བླ་རྫུས་སྤྲུལ་རྫུས་ལ་ལྐོག་བཤད་ངན་སྨྲས་བྱས་པས་ཕན་ཐོགས་གང་ཡང་མེད། བཟོ་བདག་མེད་པར་བྱེད་པ་ལ་བཟོ་བདག་ལ་གུས་གུས་ཞུམ་ཞུམ་གྱིས་ཅི་གསུང་བཀའ་སྒྲུབ་ཞུ་ཚུལ་དང་ཅི་མཛད་ལེགས་པར་མཐོང་བའི་རྨོངས་གཉིད་དེ་ཚོ་བཅོམ་དགོས། དེ་ལྟར་ད་ལྟའི་གནས་སྟངས་ལ་ང་ཚོ་བོད་མིའི་སྤྱི་ཚོགས་ལ་འབྱུང་ཐུབ་ས་རེད་དམ། བླ་རྫུས་སྤྲུལ་རྫུས་དེ་ཚོར་བཅའ་དངོས་ཡག་པོ་མི་འདུག་ཟེར་ནས་འཁང་ར་བྱས་པས་ཕན་ཐོགས་མེད། དཔེར་བཟོ་བདག་གིས་བཟོས་པའི་བཅའ་དངོས་ལེགས་པོ་མེད་ན་བཟོ་བདག་ལ་སྐྱོན་འདོན་དག་འཐེར་དགོས་པ་ལས་དེས་བཟོས་པའི་བཅའ་དངོས་ལ་དམའ་འབེབས་བྱས་ན་ཕན་གནོད་འབྱུང་ངམ། དང་པོ་རྒྱུ་དངོས་རྫུས་མ་བཟོ་མཁན་གྱི་བཟོ་བདག་དེ་སུ་ཡིན་མིན་གྱི་རྩད་གཅོད་བྱེད་དགོས་པ་དང། དེ་ནས་བཟོ་བདག་གིས་ཅི་མཛད་ལེགས་པར་མི་བལྟ་བར་ཞིབ་འཇུག་བྱེད་དགོས། མ་གཞི་ནས་བླ་རྫུས་སྤྲུལ་རྫུས་བཟོ་མཁན་གྱི་བཟོ་གྲྭའི་བདག་པོ་ཐམས་ཅད་བོད་པ་ཡིན་ཅིང། དེས་བཟོས་པའི་བླ་རྫུས་སྤྲུལ་རྫུས་ལ་གུས་གུས་ཞུམ་ཞུམ་གྱིས་ཉོ་མཁན་དེ་ཚོའང་བོད་མི་ཡིན།
བན་དེ་བ།
ཁྱོད་ལ་ན་ཚ་ལྗི་མོ་ཟིག་ཧོག་ཡོད་ཀི་ཡ། ཨ་ལས་ངན་པོ།
རྩོམ་པ་བོས། བསྟན་པ་ཡང་དག་དང་བླ་སྤྲུལ་འཕྲུལ་མེད་རྣམས་ལ་མཚན་ཞབས་ཞུ་བཞིན་པའི་མི་བུ་དེ་ཚོ་དག་ཐར་བགྱི་དགོས་བའི་རེ་སྐུལ་ཞུས་བ་ལས།
གསོན་འདྲེ་ཁྱོད་ཅན་པོ་ལྟར། ཡོད་ཚད་ཀྱི་མགོ་ནས་མར་ལ་རྩ་རྫོགས་ཞུ་དགོས་བ་ཞིག་བྲིས་མི་འདུག་ལ། དེ་འདྲ་བྲིས་ནས་ལག་ལེན་དུ་བཏབ་ན་ཡང་། བོད་བསྟན་སྲིད་ཀྱི་ཁ་རྒྱས་དབང་ཐང་དགོང་ལ་མཉམ་པའི་རེ་བ་ནི་དེ་བས་ཀྱས་མི་འདུག་པ་ཤེས་དགོས།
གཙོ་བོ་ཁྱོད་ཅན་པོའི་ཚོགས་ནི་ནད་གསོ་བ་ལ་མི་མོས་བར། དུགས་སྤྲད་པ་རྔམ་པ་རྐྱང་རེད་འདུག་ན། འཇིག་རྟེན་བོད་ཀྱི་ཁ་དཔེ་ལ། ཁ་ཚོད་ཡོད་བྱེད་དགོས་བ་ཤེས་བཞིན་དུ། ལག་ཚོད་མེད་ལ་གཡུག་གི་མ་བསྡད་ན་བཟང་འགྲོ་བསམ།
ལེགས་ཉེས་དབྱེ་མི་ཤེས་བའི་མི་བུ་ལ་སྨྲ་བརྗོད་རང་དབང་ཟེར་བ་དེ་སྤྲད་མེད་པ་ཡང་ཤེས་དགོས། སྲིད་སྡེ་དཀྲུག་པའི་གཏེ་བོ་གང་ན་སུ་ཡོད་ཚང་མ་རྒྱལ་ཁྲིམས་ལ་སྦྱོར་བཞིན་པ་དེ་ཚོ་ཡང་ཤེས་དགོས།
མཐའ་དོན། ཁྱོ་ལ་ཁྱོད་ཀྱིས་ཤེས་དགོས་བའི་ན་ཚ་མང་པོ་འདུག། བྲང་ཁར་ལག་པ་བཞག་ནས་མིག་ཅིག་བཙུམ་དང་། ཁྱོའི་ཁ་ལག་ན་བཞུར་བཞིན་པའི་ཁྲག་སྣག་གི་མི་གཙང་དག་རིག་ནས། ཨ་ཁ། ང་ལས་ངན་འདི། ང་ལས་ངན་འདི། ཟེར་ནས། སྐྲག་སྔངས་ཤོར་སྲིད། མི་བདེན་འདོད་ན། ཚོད་ལྟ་ཐེངས་གཅིག་ཞུ་རོགས།
བན་དེ་བ། ངས་བལྟས་ན། སྤྲུལ་རྫུན་གྱི་རིགས་དེ་འབྱུང་ཚུལ་ལ་གཉིས་ཏེ། ཕ་མ་སོགས་ཀྱིས་དཔལ་འབྱོར་གྱི་ཁེ་ཕན་སྒྲུབ་བྱེད་ལ་དམིགས་ཏེ། གཡོ་ཐབས་སྣ་ཚོགས་བཀོལ་ཅིང་།ཕྲུ་གུ་ཆུང་ངུའི་སྐབས་ནས་དམ་པ་ཆེ་གེ་མོ་ཞིག་གི་སྤྲུལ་བ་ཡིན་ཁུལ་བགྱིས་པའི་རིགས་ཤིག་དང་། ལོ་ན་ཡར་སོན་གྱི་རིགས་ལས་ཤེས་ཡོན་ལ་བརྟེན་ནས་མི་ཚེའི་འཚོ་བའི་མཐུན་རྐྱེན་སྒྲུབ་པའི་འཇོན་ཐང་མེད་པའམ། ཡང་ན།ཚད་ལས་བརྒལ་བའི་འདོད་རྔམ་གྱི་དབང་གིས་རང་ཉིད་ཀྱིས་ཐབས་ཤེས་སྣ་ཚོགས་བཙལ་ཏེ། སྔོན་དུས་ཀྱི་དམ་པ་ཞིག་གི་སྤྲུལ་བ་ཡིན་པར་བརྫུས་པའི་རིགས་གཉིས་མཐོང་གི སྤྲུལ་སྐུ་རྫུན་མའི་རིགས་ཚང་མ་གཞན་ཞིག་གིས་བཟོས་བཞག་པ་འབའ་ཞིག་མ་རེད་སྙམ་མོ།།
གནམ་ལགས། ཁྱེད་ཀྱིས་ཞིབ་གཟིགས་དང་། གསལ་བཤད་གནང་བར་བཀའ་དྲིན་ཆེ་ཞུའོ།།
བན་དེ་བ། སྤྲུལ་སྐུ་རྫུན་མའི་རིགས་དེ། བོད་པ་ཁོ་ནར་མ་ངེས་ཏེ། མི་རིགས་གཞན་གྱི་ཁྲོད་ན་ཡང་། དེ་འདྲ་མང་པོ་འབྱུང་གི་འདུག་པས་སོ།།
གནམ་རྒན་མ་ལས་ངན་རང་རེད། ཁ་ནས་ཚིག་གཅིག་བཤད་ཀྱང་ལས་ངན་དང་ལས་ངན་ཟེར་མཁན་དེའི་རིགས་ལས་ངན་རང་རེད། ཤོག་བུ་ཁྱི་ལྕེ་ཙམ་ལ་བྲིས་པའི་ཡི་གེར་ཡིག་ནོར་འདོམ་པ་བཅོ་བརྒྱད་འབྲི་མཁན་གནམ་རྒན་མ་ཨ་ཁ། བྱས་ཙང་ངས་ལབ་ཡོད་རྨོངས་གཉིད་དེ་ཚོ་མ་བཅོམ་ན་བླ་རྫུས་སྤྲུལ་རྫུས་དེ་ཚོ་མེད་པར་བྱེད་མི་ཐུབ་ཟེར་ཡིན་པས་ད་ལྟོས་དང་བཟོ་རྫུས་བཟོ་མཁན་ལ་དགག་རྒྱག་བྱེད་དགོས་ཟེར་དུས་ཡང་གནོང་ཅན་གྱི་མི་དེ་ཚོས་ངར་ངར་བྱས་ནས་ལང་ཡོང་གི་འདུག་པ། སུ་ལ་ཕོག་ན་དེ་ག་རང་ལ་བཤད་ཡོད།
རྒྱ་རིགས་ཀྱིས་་་་
https://www.facebook.com/tashi.d.tibet?hc_ref=NEWSFEED&fref=nf
རྒྱ་རིགས་ཀྱིས། མའོའི་ལས་ངན་སྐོར་ལ།
https://www.facebook.com/bbcnews/videos/10154579803482217/?hc_ref=NEWSFEED
ཁྱིམ་པ་ཕོ་མོའི་མཚན་ཉིད་རྩོད་བཞིན་པའི་བརྙན་འཕྲིན།
https://www.facebook.com/profile.php?id=100009610410104&hc_ref=NEWSFEED