བསམ་གླིང་ཚེ་རིང་ལྷ་མོ།
དབེན་འཇགས་ཀྱི་རི་ལྗོངས་དེའི་ཁུལ་དུ་ལྗོངས་རྒྱུར་བག་ཡངས་སུ་རོལ་བས།།
ཡིད་སེམས་དེར་དགའ་སྐྱིད་ཀྱི་འཆར་སྣང་འདྲ་མིན་སྣ་ཚོགས་རང་ཤར་བྱུང་།།
མ་གཞི་སྡོང་པོ་ཡི་གོས་ལྗང་རྐུན་ཇག་དེ་གྲང་རླུང་གིས་འཕྲོག་ཀྱང་།།
བྱ་བྱིའུ་དགའ་མཆོང་གིས་འཕུར་ནས་ལྗོན་པ་དག་འཁྱག་གཉིད་ལས་སློང་གི།།
ཚང་ཚིང་ནགས་མ་ཡི་གསེང་ནས་ཁུ་སིམ་གྱི་འཛུམ་ཞལ་རང་ངོམ་པའི།།
མེ་ཏོག་སེར་ཐིག་དེ་ཆུང་ཆུང་གང་ས་ནས་བཞད་པ་ནི་མཛེས་བྱུང་།།
སྟངས་སྟབས་ཟློས་གར་ལ་རོལ་བའི་ཕྱེ་མ་ལེབ་དཀར་པོ་ཡི་ཚོགས་རྣམས།།
ལྷག་བསམ་སྙིང་སྟོབས་ཀྱི་རྩོལ་བ་རི་གྲོང་དེའི་མཛེས་རྒྱན་ལ་གྱུར་སོང་།།
ཚེར་ལྡུམ་བྲག་རྡོ་ཡིས་བརྒྱན་པའི་རྡོ་ལ་རྡར་རི་རྒྱུད་ཀྱི་གཤམ་དུ།།
རང་རོང་འབར་འབུར་དུ་འཁོད་པའི་རྐང་ལམ་དེ་ཕྲ་མོ་ཡི་གནས་འདིར།།
མནོ་བསམ་དང་སྙིང་སྟོབས་ཀྱིས་བརྒྱན་པའི་མི་བུ་ག་ཚོད་རང་ཅིག་གིས།།
རང་རང་གི་རྨི་ལམ་མངར་སྐྱུར་ལ་ཕྱིར་འདང་ཇི་ཙམ་ཞིག་བྱས་ཨང་།།
ཁ་བཏགས་ཨ་ཤེ་དང་འདྲ་བའི་གངས་ཆུ་ལྷུང་ལྷུང་དུ་རང་འབབ་ཅིང་།།
ཆུ་ཕྲན་གྱི་ཟེགས་མ་ཐོར་བའི་དབེན་འཇགས་ཀྱི་རི་གྲོང་དེ་སྐྱིད་པ།།
ཀུན་རྟོག་གི་རི་མོ་ནི་བཀྲ་བའི་སྐྱེས་བུའི་དྲན་འཆར་གྱི་ངོགས་སུ།།
མཁའ་དབྱིངས་ལ་ཟུག་པའི་རི་མགོ་དར་དཀར་གྱིས་བཀླུབས་པ་དེ་བརྗིད་ཨང་།།
བསིལ་རླུང་དང་མནོ་བསམ་གཉིས་པོ་དེ་གཅིག་ལ་གཅིག་སྦྲེལ་དུ་ལྡང་ཞིང་།།
རི་རྩེ་ནས་གྲོང་འདབས་ཀྱི་སྣང་བརྙན་འདྲེན་བྱེད་ཀྱི་ལམ་དུ་གསལ་ཡང་།།
དཔྱིད་དུས་ཀྱི་ཚོར་སྣང་སྐྱིད་པོ་བྱ་བྱིའུ་ཡི་གླུ་དབྱངས་ལས་ཚོར་ལ་།།
དབེན་འཇགས་ཀྱི་རྩྭ་སྐྱ་ཡི་ཁྲོད་ནས་པད་ཁའི་མེ་ཏོག་དེ་མཛེས་བྱུང་།།
དྭངས་གཙང་གི་ཆུ་མོ་བཞུར་ཤུལ་རྩྭ་ཕྲན་དང་མེ་ཏོག་གི་ཚོམ་བུ།།
ཟིར་ཟིར་གྱི་བུང་བའི་གླུ་ཡིས་ཚེ་སྲོག་ལ་སྟོབས་ཤུགས་ཤིག་སྦྱིན་སོང།།
དལ་བུ་རུ་ལྡང་བའི་དཔྱིད་རླུང་བུ་རམ་གྱི་རོ་བཅུད་ལས་མངར་བྱུང་།།
དཔྱིད་མགོའི་མཛེས་སྡུག་གི་འཆར་སྣང་མཆོག་གསུམ་ལ་མཆོད་པ་རུ་འགྱུར་ཤོག།
ཆོས་སྒྲ་བར་མེད་དུ་གྲགས་པའི་རྡ་ས་ཡི་རི་ལྗོངས་དེ་འཆར་དུས།།
སུམ་རྩེན་གྱི་གྲོང་ཁྱེར་ནང་ལ་ལོངས་སྤྱོད་ཀྱི་ཆར་པ་རང་བབས་ཀྱང་།།
ཉིན་རེའི་ཟས་གོས་དེ་འཕྱིད་ཅིང་ཆོག་ཤེས་ཀྱི་རྒྱུ་ནོར་དེ་སྤྱད་ན།།
འདི་ཕྱི་གཉིས་ཕན་གྱི་ཞིང་ས་བཞུགས་སྒར་རྡ་རམ་ས་རང་སྐྱིད་དོ།།
སེང་རྡོར་གྱི་ལད་མོ་བྱེད་གྱིན་ཡོད་པ་འདྲ།
བཅད་རྩོམ་སྙན་ངག་ཟེར་པ་རེད་དམ།
རྡ་ས་དང་རྡ་སའི་རི་ཆུ།།
སྙན་ངག་དང་སྙན་ངག་མའི་མཛེས་པ།།
གླེང་རིན་མེད་པ་ཞིག་གཏན་ནས་མིན་ཡང་།།
དོན་ངོ་མ་དེ་འདྲ་ཞིག་ཨེ་ཡིན་སྙམ་སོང་།།
སྔ་མ་ལས་ཕྱི་མ་རིང་བ་འདི་ངས་གསར་བཏོད་བྱས་པ་ཡིན།
རྡ་སའི་རི་བོ་གོ་ལ་དཀོར་བའི་མཛོད །
ཉིན་མོའི་ཚེ་རིང་སྟོད་ཚིག་གང་བརྗོད་ཀྱང་།
མཚན་གང་ལྷ་མོ་དག་གིས་སྨད་ཚོང་བས །
ཨེ་མ་ཨེ་ནད་ཅན་ལ་དོགས་ཟོན་གྱིས །།
སྙན་ངག་གི་ལ་ནས་རྡ་སའི་མཛེས་ལྗོངས་ལ་བསྟོད་པ་འདི་སྙན་སོང་།
ཀློག་དེ་ཙམ་མི་བདེ་ཡང་སྙན་ཆ་ཆེ།
ཕྱིར་འདང་ཇི་ཙམ་ཞིག་བྱས་ཨང་། འདིར་། འདང་། ཞེས་པའི་དོན་ཅི་ཡིན་ནམ། ཨང་། ཞེས་པ་དང་གི་ད་མེད་པར་སོང་ནས། ཨང་། ཆགས་པར་མངོན། དབྱངས་ཅན་གྲུབ་པའི་རྡོ་རྗེས།
་
དང་ནི་སྡུད་འབྱེད་རྒྱུ་མཚན་དང་།
ཚེ་སྐབས་གདམས་ངག་ལྔ་ལ་འཇུག ཅེས་གསུངས།
་
རྡ་ས། ཞེས་པ་བོད་སྐད་མ་ཡིན་རུང་། དག་པར་འབྲི་བ་ལ་འབད་དགོས། དེ་ཡང་། དྷརྨ་ཤཱ་ལཱ། དགེ་བས་བསྐྲུན་པའི་ཁང་པ་ལ་ཟེར། ༡༩༤༩་ལོར་ཁོ་བོ་རྒྱ་གར་བརྒྱུད་དབུས་གཙང་དུ་འགྲོ་དུས། རྒྱ་གར་གྲོང་ཁྱེར་ཁག་ཏུ། དྷརྨ་ཤཱ་ལཱ། རྩད་བཅད་མས་དེར་གནས་ཚང་དུ་བསྡད།
་
བདག་གིས་བོད་སྐད་སློབ་མ་དང་། གྲོགས་པོ་ཡིན་པ་མཉམ་དུ་དིང་རི་བརྒྱ་རྩ་མ་ཨིན་སྐད་དུ་བསྐྱུར།
བློ་སྙིང་བྲང་གསུམ་དཀོན་མཆོག་གསུམ་ལ་གཏོད། མ་དཔེར་དེ་འདྲ་ཡོད་རུང་། བདག་ཁྲུས་ཁང་དུ་ཡོད་སྐབས་བསམ་བློ་འདི་ལྟར་འཁོར་ཏེ།
་
གློ་སྙིང་བྲང་གསུམ་དཀོན་མཆོག་གསུམ་ལ་གཏོད།
་
དེ་ཡང་གློ། ངག་དང་། སྙིང་། ཡིད་དང་། བྲང་། ལུས་ཀྱི་མཚོན་བྱེད་དུ། ཕ་དམ་པ་སངས་རྒྱས་ཀྱིས་གསུངས། ཞེས་སྙམ་མོ།
བསམ་གླིང་ཚེ་རིང་ལྷ་མོ་སོགས་མཁས་པ་རྣམས་ཀྱི་རྟོག་དཔྱོད་མཛད་ནས་ལན་འབྲི་བར་མཛོད།
་
༄༅། ། སྐུ་མགྲོན་རྣམས་ལ་ཕེབས་བསུ་ཞུ།
རྒན་བློ་བཟང་འཇམ་དཔལ་ལགས།
ཐུགས་རྗེ་ཆེ། གུས་མོས་དེ་སྔོན་དྷརྨ་ཤཱ་ལཱ། ཞེས་པ་ཆོས་ཀྱི་ཞིང་ས་རེད་ཅེས་པ་ཞིག་ཐོས་མྱོང་བ་ཙམ་ལས་ཁ་གསལ་དེ་འདྲ་ཞིག་དེ་རིང་ཐོས་པས་དགའ་པོ་བྱུང་།
གུས་མོའི་རྨོངས་འཆར་ལ། ལུས་ངག་ཡིད་གསུམ་ཞེས་པ་ཅུང་ཟད་ཚིག་མཐོ་བ་དང་། བློ་སྙིང་བྲང་གསུམ། ཞེས་པ་ཤེས་བྱ་ཡོན་ཏན་སྦྱང་མྱོང་མེད་པའི་སྐྱེས་བུ་ཚོས་གོ་བདེ་བ་ཞིག་ཡིན་སྟབས་ཕ་དམ་པ་སངས་རྒྱས་ཀྱིས་ཚིག་དེ་བེད་སྤྱོད་གནང་མེད་དམ་སྙམ་པ་བྱུང་།
ཡང་གཅིག་ནི་ཐ་སྙད་ཁ་ཤས་འབྲོག་ཕྱོགས་ལ་བེད་སྤྱོད་ཆེ་ཡང་། ཞིང་པའི་ཁུལ་དུ་བེད་སྤྱོད་རྩ་བ་ནས་མེད་པ་དེ་འདྲ་དང་། དེ་བཞིན་ཐ་སྙད་ཁ་ཤས་ཞིང་ཁུལ་དུ་བེད་སྤྱོད་ཆེ་ཡང་འབྲོག་ཁུལ་དུ་རྒྱུས་མངའ་རྩ་བ་ནས་མེད་པའང་ཡོང་གི་འདུག། རྒན་ལགས།
རིགས་ཀྱི་བུ་མོ་ཚེ་རིང་ལྷ་མོ།
ལན་བྲིས་པར་ཐུགས་རྗེ་ཆེ། མུ་མཐུད་ནས། སྙན་རྩོམ་འབྲི་བར་མཛོད།
་
འབྲོག་པ་དང་། བོད་ཡུལ་ས་གནས་དབེན་པ་དང་། འབྲས་ལྗོངས་སོགས་བོད་མཚམས་དག་ན། སྐད་རྙིང་དཔེ་ཆ་ན་ཡོད་པ་བཞིན་ཡོད་འདུག དཔེར་ན། མཛད་དང་། སྩལ། ཅེས་པ་དག་ལ་དབུས་གཙང་ན། གནང་། ཞེས་པ་གཅིག་གིས་འཐུས། དཔེར་ན། ཁྱེད་ཀྱིས་ག་རེ་གནང་གི་ཡོད། ཁྱེད་ཀྱིས་མི་དེ་ལ་ག་རེ་གནང་གི་ཡོད། ཅེས་པ་ལྟར་རོ།
་
ལུང་པ་རེ་ལ་སྐད་ལུགས་རེ།
བླ་མ་རེ་ལ་ཆོས་ལུགས་རེ། ཞེས་བྲིས་སོ།
འོན་ཀྱང་ཆོས་སྐད་དེ། དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་བཞིན། རང་རེས་མ་བརླགས། མ་ཉམས་པར་བསྲུང་དགོས་པ་གལ་ཆེ།
༄༅། སུ་དང་སུས་རྩོམ་ཡིག་འབྲི་སྐབས་མི་དམངས་དཀྱུས་མ་རྣམས་ཀྱི་གོ་དོན་ཤེས་པ་གལ་ཆེ།
སྡུག་ཤོས་ལའང་བརྒྱ་ཆ་དྲུག་བཅུ་ལྷག་ནས་གོ་ཤེས་ཐུབ་པ་འབྲི་རྩོམ་དགོས་པ་རེད། དེ་མིན་མི་བརྒྱ་ཐམ་པ་ནས་བཅུ་ཙམ་གྱི་མ་གཏོགས་གོ་ཤེས་མ་ཐུབ་ན་དེ་ནི་
ཕན་མེད་རྡོ་ལ་མི་སྐད་བཤད་པ་དང་གཅིག་པ་གཅིག་ཀྱང་རེད། ྆
རང་རྫིག་མཁས་མདོག་མ་སྟོན།
དམངས་ཀྱི་ཤེས་པ་གལ་ཆེ།
དམངས་ནས་ཤེས་ཀྱི་མེད་ན།
ཕོ་རོག་དཀར་པོ་དཀར་རྐྱང།
དུས་རབས་ཉི་ཤུ་རྩ་གཅིག་པའི་ཀླད་པ་དགོས་པ་གལ་ཆེ།