རས་པ།
འཇགས་མེད་ཀྱི་བཞུར་རྒྱུན།
བྲག་གི་རྦ་རླབས་གཡོ་བའི་དཔྱིད་དུས་ཀྱི་མཚན་མོ།
ཟླ་འོད་ཀྱིས་མཆུ་སྦྱོར་བྱེད་པའི།
སྒེའུ་ཁུངས་ངོགས་ཀྱི་བརྩེ་གླུ།
འགལ་བ་དང་འགལ་བ་འཕྲད་པའི་གཡུལ་གྱི་ཡོལ་རས་སུ།
རྨི་ལམ་གྱིས་ལོ་ངོ་བཅུ་ཡི་སྒྲུང་བྲིས།
ཡང་ན། གངས་ཁྲོད་དུ་འཐེན་པའི་རྐང་ལམ་ཞིག་གིས།
མངོན་མེད་ཀྱིས་བདག་ལ་གཙེ་ཀྱིན་འདུག
བདག་གི་ཕུང་ཁམས་ལ་བབས་པའི་ལྕགས་ཀྱི་ཆར་བ།
ཡན་ལག་བསྒྲོགས་པའི་ཨ་ལོང་དུ་གྱུར་ཡང་།
སྔར་བཞིན་ཟླ་འོད་ཀྱི་བརྩེ་གླུར་ཨུ་ཚུགས་ཀྱིས་ཉན།
རྡ་རམ་ས་ལའི་བྱེའུ་ཞིག
རི་བོ་མཐོན་པོ་ཞིག
གྲམ་གཞུང་སྐྱ་བོ་ཞིག
མི་རྣམས་ཀྱིས་འཚང་འཚང་གི་ནགས་ཁྲོད་བརྒྱུད་ནས
རི་རྩེའི་བཞུ་ལ་ཁད་ཀྱི་གངས་འཁྱག་ལྷག་མར
སྐོམ་གདུང་གི་པུ་ཙེ་སྟོང་པ་ཞབས་བཏེགས་རྒྱག་ཞོར
སྡུག་བསྔལ་གྱི་གླུ་དབྱངས་ཤིག་སྤྲོ་མདོག་གིས་ལེན་དུས
མཚམས་སྤྲིན་དམར་པོ་ཞིག་གིས
མུན་ནག་གི་ཡོལ་རས་བཀྱགས་ནས་སླེབས་ཤིང
ཞེད་སྣང་གི་ཚོར་བའང་སྟེར་བཞིིན་པ་འདྲ
ཁ་ཁུ་སིམ་པའི་དཔྱིད་ཀའི་མཚན་མོ་རེ་རེར
བྱེའུ་དེས་གོ་བརྡ་མི་འཕྲོད་པའི་སྐད་ཆ་ཡང་ཡང་བཤད
འཇགས། ཞེས་པ་དེ། ཆགས། ཞེས་པ་གྱུར་ནས། འཇགས།་ཆགས་སོ། སྙམ་མོ།