རྩེཿམུན་སེལ།
ལྗོན་པའི་གསེབ་ཀྱི་རྩེད་ཐང་དོག་མོ་རུ།།
སྦྱོང་བརྡར་བྱ་བའི་ཆུ་ཚོད་ཐུང་ན་ཡང་།།
རྐང་རྩེད་ནུས་པ་འགྲན་པའི་བྱ་བ་ལ།།
ཆོད་སེམས་གཙང་མའི་ནུས་པ་གཅིག་ཏུ་མཚུངས།།
གྲོང་བའི་ལས་མེད་འགའ་ཞིག་འཛོམས་པའི་ཉིན།།
མོ་ཧན་སྲིང་མོས་(༡)བསྟོད་པའི་དབྱངས་སྙན་དང་།།
ཀི་རན་བུ་མོའི་(༢)འཛུམ་གྱི་རམ་འདེགས་ལ།།
ཞོན་པའི་ཚོར་བ་གསར་པའི་ནུས་པ་སྐྱེན།།
རྡུལ་གྱིས་བར་སྣང་སྒྲིབ་པའི་རྩེད་ར་དེར།།
མཆོངས་རྒྱུག་རྩོལ་བས་དབུགས་ཀྱི་རྒྱུ་བ་ཧལ།།
དམར་ཆུང་གློ་དང་སྙིང་གི་འཕར་ཤུགས་ངར།།
ལུས་ཀྱི་སྟོད་སྨད་རྔུལ་ནག་ཆར་བས་བརླན།།
སྤོབས་སེམས་ལ་རྒྱས་བཀྱགས་པའི་ཉིན་གྱི་མཐར།།
མཚན་གསུམ་གཉིད་ཀྱི་རྨི་ལམ་རིང་མོའི་མཇུག།
བཅངས་པའི་རེ་བ་ཕ་རིའི་རྒྱབ་ལ་བྲོས།།
ངལ་བརྒྱའི་བརྔན་པར་བག་ལེབ་སྐམ་པོ་འགའ།།
ཁྲོམ་གྱི་རྒད་པོས་འཕྱ་ན་འཕྱ་བར་ཆུག།།
གོ་ཁའི་ནག་མོས་སྨད་ན་སྨོད་པར་གྱིས།།
ང་ཚོའི་རེ་བ་རྒྱལ་ཕམ་ཆེད་དུ་མིན།།
ཁྱེད་ཚོའི་ངལ་བ་འཁྲུག་རྩོད་སླད་དུ་མིན།།
རི་ཁ་ཁྱིམ་མཚེས་བློ་སེམས་མཐུན་སོང་ན།།
ཁོར་ཡུག་ཞི་འཇགས་བདེ་བས་ཁྱབ་སོང་ན།།
ལྕགས་རི་ཚང་ལ་ཕན་པའི་ལས་ཤིག་ཡིན།།
འུ་བུ་ཚོ་ལ་དེ་བས་འཇོན་ནུས་དབེན།།
རླུང་གིས་འཁྱེར་བའི་གཏམ་ལ་རྣ་མ་གཏོད།།
ཟོལ་གྱིས་བརྫུས་པའི་རྣམ་པར་ཡིད་མ་སྤྲོད།།
གུ་ཡངས་ངང་ནས་སེམས་ལ་དགའ་ཚལ་སྐྲུན།།
རྣམ་རིག་སྒྲིམས་ལ་ཆེད་བབ་བྱ་བར་འབུངས།།ལྕགས་པོ་རིའི་བོད་སྨན་མཐོ་རིམ་
སློབ་གླིང་ནས་གྲོགས་པོ་འགའ་ལ་རྩེད་མཚར་ཙམ་དུ་བྲིས་པའོ།།
མཆན(༡) (༢) ཡུལ་དེའི་མཛེས་མ་སྐད་གྲགས་ཅན་གཉིས།