དགེ་འདུན་རབ་གསལ་གྱིས།
(རྩོམ་འདི་ནི་བོད་ཀྱི་དུས་བབ་གསར་ཤོག་ཏུ་བཀོད་པ་ལས་ཟུར་འདོན་བྱས་པ་ཡིན།)
ཏྲེ་ཧོར་མེད་ན་ཀྲོག་ཀྲོག་མེད། ཅེས་དང་། ཡང་ཏྲེ་ཧོར་ཁམས་པའི་ཀྲོག་ཀྲོག་ཅེས་ང་ཚོའི་སྤྱི་ཚོགས་ནང་བཤད་སྲོལ་ཡོད་པ་རེད། འོན་ཀྱང་ངས་འདིར་བཤད་པ་ནི་ཀྲོག་ཀྲོག་གི་སྐོར་མིན། འདི་ནི་དངོས་བྱུང་གི་ལོ་རྒྱུས་ཤིག་སྟེ། ཁམས་ཤོར་དུས་དབུས་ལ་བྲོས་པ་དང་། དབུས་ཤོར་དུས་རྒྱ་གར་ལ་བྲོས་པ། ཕ་ཆུ་བཞི་སྒང་དྲུག་ནས་གློ་སྨོན་ཐང་དུ་སྤོས་པ་དང་། བུ་སློབ་གྲྭ་ནས་དམག་སྡེ་ཨང་ ༢༢ རྟགས་ཅན་དུ་ཞུགས་པ། མ་གསོན་བྲལ་ནས་ཕ་གསོན་བྲལ། ཕ་གསོན་བྲལ་ནས་སྤུན་གསོན་བྲལ་བཅས་འདུས་པའི་ཏྲེ་ཧོར་ཁམས་པའི་ལོ་རྒྱུས་ངོ་མ་ཞིག་ཡིན། ལོ་རྒྱུས་འདི་ནི་མི་སྒེར་པའི་ལོ་རྒྱུས་ཡིན་ལ་བོད་མི་སྤྱིའི་ལོ་རྒྱུས་ཤིག་ཀྱང་ཡིན།
རེས་གཟའ་སྤེན་པ་ཉིན་ངེད་ཨིན་ཌཱི་ཡཱ་ན་མངའ་སྡེའི་བྷི་ལིམ་མིན་ཊོན་ཁུལ་དུ་ཡོད་པའི་ཨ་མྱེས་ཚང་བོད་ཀྱི་ཟ་ཁང་ཟེར་བའི་ཟ་ཁང་དེར་ཕྱིན། དེ་ནི་ངེད་ཀྱིས་ཟ་ཁང་གི་བདག་པོ་ཨ་མྱེས་ཚང་ཐུབ་བསྟན་ལ་བཅར་འདྲི་འདི་བྱེད་རྒྱུའི་ཆེད་ཡིན། ཟ་ཁང་འདིའི་ཕྱི་རོལ་དུ་བོད་ཀྱི་གཡག་དང་འབྲིའི་རི་མོ་བྲིས་ཡོད་ལ། སྟེང་དུ་བོད་དང་ཨ་རིའི་དར་ཆ་འཕྱར་ཡོད། མཐའ་འཁོར་དུ་རླུང་རྟ་དང་དར་ལྕོག་འཐེན་པ་བཅས་དང་། ནང་དུ་བོད་ཟས་གཙོས་པའི་ཟས་རིགས་སྣ་ཚོགས་ཡོད། ཟ་ཁང་འདི་ནི་གྲོང་ཁྱེར་ནང་གྲགས་ཆེ་བའི་ཟ་ཁང་ཞིག་རེད། ངེད་ཀྱི་དྲི་བ་ནི་ཐུབ་བསྟན་ལགས་ཀྱི་ཁྱིམ་མི་ནས་མགོ་བཙུགས།
ཁོང་གིས། “ངའི་མིང་ལ་ཐུབ་བསྟན་ཟེར། ཐུབ་བསྟན་ཚེ་རིང་ཟེར། ཁྱིམ་ཚང་གི་མིང་ལ་ཨ་མྱེས་ཚང་ཟེར་བ་རེད། ངའི་ཨ་ཕའི་མཚན་ལ་རྟ་མགྲིན་དབང་རྒྱལ་དང་ཇོ་ཇོའི་མཚན་ལ་སྐལ་བཟང་དར་རྒྱས་ཞུ། ངའི་ཨ་མའི་མཚན་ལ་བདེ་དགའ་ཟེར་གི་འདུག ངའི་གྲོང་པ་མདའ་ཧོར་གྱི་མི་རྣམས་ཀྱིས་ངའི་ཨ་མ་ལ་བདེ་དགའ་ཟེར་བ་རེད། ཧ་ལམ་སྒྲོལ་དཀར་ཟེར་གི་ཡོད་ས་རེད།” ཅེས་ངོ་སྤྲོད་གནང་བྱུང་། ཐུབ་བསྟན་ལགས་ལོ་བདུན་ཙམ་གྱི་སྐབས་ལ་ཕ་ཡུལ་རྒྱ་ལག་ཏུ་ཤོར་ཉེ་བ་སྔོན་དཔག་བྱུང་བ་དང་། ཨ་ཕས་གྲ་སྒྲིག་བྱས་ཏེ་དཀར་མཛེས་དང་དེ་ནས་གབ་ཡིབ་དང་བཅས་རིམ་གྱིས་སྤོ་བོ་གྲོ་མོ་བརྒྱུད་ ལོ་གཅིག་གི་རྗེས་སུ་ལྷ་ས་ལ་སླེབས་པ་རེད། དེ་དུས་ཕ་དང་བུ་གཉིས་བཅས་མཉམ་དུ་ཡོད་པ་མ་གཏོགས། ཨ་མ་ལགས་མངལ་འཁོར་བའི་རྐྱེན་བྱས་ཏེ་མཉམ་དུ་སླེབས་ཐུབ་མེད་པ་རེད། ༡༩༥༨ ཙམ་ལ་ལྷ་ས་ལ་འབྱོར་སྐབས་ཨ་མས་ཡི་གེ་ཞིག་བཏང་སྟེ་བུ་གཅིག་སྐྱེས་བྱུང་ཞེས་བཤད་ཡོད་པ་རེད། འོན་ཀྱང་དུས་འདི་ནས་བཟུང་ཨ་མ་ལ་ཡང་བསྐྱར་མཇལ་མ་ཐུབ་པ་རེད། ཕ་ཡིས་ཨ་མ་ལེན་རྩིས་བྱས་པ་ལ་ཡང་གྲུབ་འབྲས་མ་བྱུང་བ་རེད། ལྷ་སར་སྡོད་སྐབས་བུ་སྤུན་གཉིས་སེ་ར་བྱེས་ཏྲེ་ཧོར་ཁང་ཚན་དུ་ཆོས་ཞུགས་བྱས་རྗེས། ཕ་རྟ་མགྲིན་དབང་རྒྱལ་ཆུ་བཞི་སྒང་དྲུག་གི་དམག་ཁོངས་སུ་ཞུགས་ནས་ལྷོ་ཁ་ལ་ཕེབས་པ་རེད། ༡༩༥༩ ལོར་༧གོང་ས་མཆོག་གིས་དགེ་བཤེས་མཚན་རྟགས་བཞེས་སྐབས་ཐུབ་བསྟན་སྤུན་གཉིས་དགོན་པ་ལ་ཡོད་པ་དང་། སྐབས་དེའི་རྙོག་ཟིང་ཁྲོད་དུའང་བྱིས་པ་ན་ཆུང་གཉིས་ཀྱིས་སེམས་ནང་གང་འཆུན་བྱས་ཡོད་པ་རེད། ཐུབ་བསྟན་ལགས་ཀྱིས། “ང་ཚོའི་སེམས་ལ་པ་ལགས་ང་ཚོ་ལེན་དུ་ཡོང་གི་རེད་བསམས་ནས་ཞེ་དྲག་སྒུག་པ་ཡིན། ཡིན་ན་ཡང་ཡོང་ཐུབ་ཡོད་པ་མ་རེད། ང་ཚོ་སེ་ར་ལ་བཞག་པའི་རྗེས་ནས་བོད་ནང་ནས་ང་ཚོ་དང་པ་ལགས་ལ་ཐུག་ཡོད་མ་རེད།” ཞེས་གསུངས་བྱུང་། བོད་ཤོར་ཟིན་པའི་སྐབས་སུ་༧རྒྱལ་བ་རིན་པོ་ཆེ་བོད་བཞག་ནས་ཕེབས་ཟིན་པའི་གཏམ་ཐོས་འཕྲལ་ཁོང་སྤུན་གཉིས་དང་ཞག་རོགས་ནམ་མཁའ་རིན་ཆེན་ལོ་ ༢༢ ཙམ་ཡིན་པ་བཅས་སེ་རའི་རྒྱབ་རི་བརྒལ་ཏེ་རྩེད་ཐང་། དེ་ནས་མཚོ་སྣ་བརྒྱུད་རིམ་གྱིས་རྒྱ་གར་ཕྱོགས་ལ་བྲོས་པ་རེད། ལམ་བར་གྱི་དཀའ་སྡུག་གི་སྐོར་བརྗོད་སྐབས། ཐུབ་བསྟན་གྱིས། “གངས་ནང་ལ་ཡར་ཡོང་དུས་ལྷམ་འཁྱག་པ་ཆགས། གྲང་། ཕ་མ་དྲན། ཨེ་ནས། ངའི་ཇོ་ཇོ་ཁོང་ང་ལས་ལོ་གཅིག་གཉིས་ཤིག་གིས་ཆེ་བ་རེད་མོད། ཁོས་མཚམས་མཚམས་ལ་ངེད་སྒལ་པ་ལ་འཁྱེར་བ་དང་། མཚམས་མཚམས་ལ་གངས་ནང་ལ་འགྲོ་མ་ཐུབ་པར་མིག་དམར་པོ་ཆགས། མིག་གིས་མི་མཐོང་བ་ཆགས་སྐབས། ཁོས་རྒྱབ་ན་གདོན་འདྲེ་ཡོང་གི་འདུག་ཅེས་ཞེད་སྣང་བསྐུལ། ང་ཞེད་ནས་བྲོས། དེ་ལྟར་ཕ་ཚབ་འདྲ་བོ་ཞིག་བྱས་ནས་ང་ལ་བདག་པོ་བརྒྱབ་སྟེ་བྲོས་ཡོང་པ་རེད། དེ་ཚོ་ངས་དྲན་གྱི་འདུག” ཐུབ་བསྟན་གྱི་མིག་ན་མིག་ཆུ་འཁོར་འདུག
ཐུབ་བསྟན་སྤུན་གཉིས་རིམ་གྱིས་མོན་རྟ་དབང་ལ་འབྱོར། སྐྱབས་བཅོལ་བའི་གྲས་སུ་ཞུགས། གནམ་གཤིས་ཚ་གྲང་དང་ཟས་གོས་གནས་མལ་བཅས་གསར་པ་ཞིག་ལ་གོམས་དགོས་པ་ཆགས། བོད་ཤོར་ཟིན་པའི་གཏམ་ཐོས་སྐབས་པ་ལགས་ག་དུས་ཡོང་མིན་སྐོར་ལ་སེམས་འཚབ་ལངས། མི་ལ་དྲིས་སྐབས། “ཆུ་བཞི་སྒང་དྲུག་ཤོར་ནས་ད་ཡོང་གི་འདུག ཁྱེད་ཚོའི་པ་ལགས་ཀྱང་རྟ་དཀར་པོ་ཞིག་ལ་ཞོན་ནས་ཡོང་གི་འདུག” ཅེས་གོ་བ་དང་། ཉིན་ལྟར་རྟ་དཀར་པོ་ལ་ཞོན་མཁན་ཞིག་ཨེ་འདུག་བལྟས་ནས་སྒུག་པ་རེད། སྒུག་ཀྱང་མ་སླེབས་པའི་སྐབས་དེར་སློང་བྱེད་དུ་སོང་ནས་ཚུར་སླེབས་དུས་པཱ་ལགས་ཀྱང་སླེབས་ཡོད་པ་རེད། ཐུབ་བསྟན་གྱིས། “དེ་ནས་ང་ཚོ་པཱ་ལགས་ཡོད་ས་ལ་སྤོར་པ་ཡིན། ང་པཱ་ལགས་ཀྱི་རུམ་དུ་ཉལ་བ་ཡིན། དེ་འདྲའི་གཉིད་སྐྱིད་པོ་ཞིག་ང་ལ་རྩ་ནས་ཡོང་མ་མྱོང་།” ཡང་ཐུབ་བསྟན་ལགས་ཀྱི་མིག་མཐའ་ན་མཆི་མ་འཁོར་འདུག་ཅིང་སྐད་གདངས་ལ་ཡང་ངུ་ངག་འདྲེས།
ཕ་དང་ལྷན་དུ་མཱི་སཱ་མ་རི་ལ་སླེབས་ཏེ་ལོ་གཅིག་ཙམ་བསྡད་པ་དང་། སྤུན་གཉིས་ཐག་ཉེའི་སློབ་གྲྭ་ཞིག་ལ་བཏང་རྗེས་པཱ་ལགས་འཚོ་བ་རང་སྐྱོང་གི་གྲས་སུ་ཞུགས་ཏེ་བཀའ་བློན་སྦུག་ལ་ཕྱིན་པ་རེད། འདི་ནི་སྤུན་གཉིས་ཀྱིས་མི་ཚེ་འདིར་རང་གི་ཕ་མཐོང་བའི་གོ་སྐབས་མཐའ་མ་དེ་ཆགས་པ་རེད། ཐུབ་བསྟན་གྱིས། “བུ་གུ་གཉིས་༧རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་གྱིས་ཡག་པོ་ཡོང་གི་རེད། ང་ནི་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དག་ལ་འགྲོ་གི་ཡིན་ཞེས་ངའི་པ་ལགས་གློ་སྨོན་ཐང་ལ་ཕེབས་རེད། དེ་ནས་ ༡༩༧༤ ཙམ་ལ་དེ་ནས་གྲོངས་འདུག” ཅེས་བཤད་བྱུང་། ཐུབ་བསྟན་སྤུན་གཉིས་སློབ་གྲྭ་དེར་ཡོད་མུས་སུ་སྤུན་རྒན་པ་རྡོ་རྗེ་གླིང་གི་སློབ་གྲྭ་ལ་ཕྱིན། ཐུབ་བསྟན་གྱི་གཟུགས་པོའི་ཕྱེད་ཀ་ལ་འགུལ་མི་ནུས་པའི་ནད་གཞི་ཞིག་སླེབས་ཏེ་ཨ་སཱམ་གྱི་སྨན་ཁང་ཞིག་ཏུ་ལོ་གཉིས་ཙམ་རིང་ལྷགས། ཁོས་ཨ་སཱམ་གྱི་སྐད་དང་ཧིན་དཱི། དབྱིན་ཇི་བཅས་ཞོར་དུ་སློབ་སྦྱོང་བྱས། དེ་ནས་ཕྲེང་རིང་ཨ་མ་ལགས་དང་ཁོའི་སྨན་པའི་བར་འབྲེལ་བ་ཞིག་བྱུང་བ་བཅས་ལ་བརྟེན་ནས་མཱ་སུ་རིའི་སློབ་གྲྭ་ལ་སླེབས། དེར་ལོ་གསུམ་བཞི་ཞིག་ལ་བསྡད། སྤུན་རྒན་པ་ཡང་གར་ཡོད་མ་ཤེས། ཉིན་གཅིག་ཡི་གེ་ཞིག་འབྱོར་བ་དེའི་ནང་སྤུན་རྒན་པ་དཱེ་རཱ་ཌུན་གྱི་དམག་སྒར་ན་ཡོད། ཐུག་ཆེད་ཤོག་ཟེར། ཐུབ་བསྟན་ལགས་དམག་སྒར་དུ་འབྱོར། ད་ནི་ལོ་བཅུ་གཅིག་ཅན་གྱི་བྱིས་པ་ཞིག་མིན་པར་ལོ་ཉི་ཤུར་སོན་པའི་ཕོ་གསར་ཞིག་འཚོལ་གིན་ཡོད། “ང་ཚོ་ལོ་དགུའི་རིང་ལ་མ་ཐུག་ཙང་གཟུགས་པོ་ལ་འགྱུར་བ་ཕྱིན་ཡོད་རེད། སྦ་སི་ཞིག་ནས་དམག་མི་མང་པོ་ཞིག་བབས་ཡོང་གི་འདུག ངས་སྐལ་བཟང་དར་རྒྱས་ངོ་ཤེས་གི་ཡོད་པས། ང་ཚོའི་ཕ་ཡུལ་སྐད་ལ་སྐ་དར་རྒྱས་ཟེར་གི་རེད། སྐ་དར་རྒྱས་ངོ་ཤེས་གི་ཡོད་པས་ཞེས་དྲིས་སྐབས་མི་གཅིག་ཁ་ཚུར་འཁོར་ནས། “ཁྱེད་རང་ཐུབ་བསྟན་ཡིན་པས།” ཟེར། དེ་ནས་ང་གཉིས་ངོ་འཕྲོད། ཕན་ཚུན་ལ་འཐམས། ངུས། དེ་འདྲ་བྱས་པ་རེད།” ཞེས་བཤད་བྱུང་། དེ་ལྟར་སྤུན་གཉིས་ཐུག་ཞོར་དང་བྲལ་ཞོར་ངང་སློབ་གྲྭ་དང་དམག་སྒར་འགྲིམ་རྗེས་མཐའ་མ་དེར་རྡ་རམ་ས་ལར་འབྱོར། ཐུབ་བསྟན་གྱིས་གཞོན་ནུའི་ལས་ཁང་གསར་དུ་ཚུགས་པ་དེར་ལས་ཀ་བྱས། སྐ་དར་རྒྱས་ཀྱང་དམག་ཁོངས་སུ་ལོ་དགུ་ཙམ་བསྡད་ནས་གཟུགས་པོ་འཕྲོད་མིན་ལ་བརྟེན་ནས་རྡ་རམ་ས་ལར་སླེབས་ཏེ་ལས་རིགས་སྣ་ཚོགས་གཉེར། ཐུབ་བསྟན་ལ་སློབ་ཡོན་ཞིག་འཐོབ་ནས་ ༡༩༧༥ ཙམ་ལ་ཨ་མི་རི་ཀར་འབྱོར། དེ་ནས་ཨ་རིའི་མི་སེར་ཆགས། ཨ་རིར་ལས་ཀ་བྱེད་ཞོར་དུ་སྐ་དར་རྒྱས་ཀྱང་ཨ་རི་ལ་ལེན་པའི་འབད་བརྩོན་ལན་མང་བྱས། ལམ་ལྷོང་མ་བྱུང་སྟབས་ཕར་རྒྱ་གར་ལ་ཐུག་ཆེད་ཕྱིན་པ་རེད། མཐའ་མ་དེར་མི་སེར་གྱི་ཐོབ་ཐང་གི་ཁོངས་ནས་ནང་མི་ཟླ་སྒྲིལ་ལྟ་བུའི་ཁོངས་ནས་ ༡༩༩༡ ལོར་སྐལ་བཟང་དར་རྒྱས་ཀྱང་ཨ་རིར་འབྱོར། ཐུབ་བསྟན་ལགས་ལ་ཡང་བུ་བསྟན་འཛིན་དང་རིག་འཛིན་གཉིས་སྐྱེས། ༡༩༩༣ ལོར་ཐུབ་བསྟན་ལགས་སླར་ཕ་ཡུལ་དུ་སོང་། མི་ཚེའི་རིང་མཐོང་མ་མྱོང་བའི་རང་གི་སྤུན་ཆུང་བ་དེ་ལ་ཐོག་མར་ཐུག ཚུར་སླེབས་དུས་བོད་ནས་བརྒྱབ་པའི་གློག་བརྙན་དེ་ཚོ་མཐོང་སྐབས་སྐལ་བཟང་དར་རྒྱས་དགའ་བ་དང་དྲན་གདུང་གི་དབང་དུ་གྱུར་ཏེ་དེ་འཕྲལ་བོད་ལ་གཉེན་འཕྲད་དུ་བསྐྱོད། དེ་ནས་ཚུར་འཁོར་སྐབས་སྐལ་བཟང་དར་རྒྱས་ནི་ཨ་རིའི་མི་ཚེ་བསྐྱལ་སྟངས་ལ་བྲོ་བ་མེད་པ་ཞིག་ཚོར་ནས་བོད་ལ་ལོག་རྒྱུའི་ཐག་ཆོད་པ་རེད། ཐུབ་བསྟན་གྱིས་བཤད་དོན། “ཇོ་ཇོས་ང་ལ་བཤད་རྒྱུ་ལ། ང་གཉིས་མི་ཚེ་ཕྱེད་ཀ་མཉམ་དུ་བསྐྱལ་བ་རེད། ད་ནི་བོད་ནང་གི་སྤུན་ཆུང་ལ་དཀའ་ངལ་འདུག ང་ཕར་འགྲོ་གི་ཡིན། ཕར་ཕྱིན་ནས་མ་ཤི་བར་དུ་ཁོ་ལ་རོགས་པ་བྱེད་གི་ཡིན། ཞེས་བཤད་བྱུང་།” ཟེར། ༡༩༩༥ ལོ་ལ་སྐལ་བཟང་དར་རྒྱས་ཕར་ལོག་པ་རེད། འདི་ནས་སྤུན་གསོན་བྲལ་གྱི་མགོ་བཙུགས་པ་རེད།
ད་བར་གྱི་ལོ་བཅུ་བཞི་ཙམ་གྱི་རིང་ལོ་ཤས་རེའི་མཚམས་སུ་བོད་ལ་ལྟ་སྐོར་དང་སྤུན་ཉེར་ཐུག་འཕྲད་ཆེད་ཕྱིན་ཡོད་པ་རེད། ཉེ་ཆར་སྐལ་བཟང་དར་རྒྱས་ལ་གཅོང་ནད་ཅིག་ཕོག་ནས་གསོན་མིན་གྱི་གནས་ཚུལ་ལ་ཐུག ཐུབ་བསྟན་གྱིས་ལམ་སེང་བོད་ལ་འགྲོ་རྒྱུ་དང་དེ་ཡང་གྲོགས་པོ་ཨ་རིའི་སྨན་པ་ཞིག་མཉམ་དུ་འཁྲིད་ནས་འགྲོ་འཆར་གྱིས་རྒྱ་ནག་གཞུང་ཚབ་ཁང་དུ་ཐོངས་མཆན་ཞུ་རུ་སོང་། རྒྱ་ནག་གཞུང་ཚང་ཁང་གིས་བོད་རིགས་ཚོས་འདི་ལོར་རྔམ་སྟོན་སྐད་འབོད་བྱས་པའི་ཉེས་པ་བགྲངས་ནས་ཐོངས་མཆན་མ་སྤྲད་པ་རེད་ལ། དེའི་བར་དེར་སྤུན་ཡང་འཇིག་རྟེན་འདི་དང་ཞལ་གྱེས་པ་རེད། ཐུབ་བསྟན་ལགས་ཀྱིས། “འདི་ལ་བློ་ཕམ་པ་དང་ཁོང་ཁྲོ་ཟ་བ་ཞིག་ཡོང་གི་འདུག བློ་ཕམ་པ་ནི་རང་གི་སྤུན་འདི་ཡང་འདི་ལྟར་གྲོངས་མ་རན་གོང་ནས་ནད་དབང་གིས་གྲོངས་པ་རེད། གཤག་བཅོས་ཤིག་བྱེད་དགོས་པ་རེད་མོད། དེ་ཡང་མ་ཐུབ་ནས་གྲོངས་པ་རེད། དེ་ལ་བློ་ཕམ་གྱི་འདུག དེ་ནས་ང་ནི་ཨ་མི་རི་ཀའི་མི་སེར་རེད། ཡིན་ན་ཡང་བོད་རིགས་རེད་ཅེས་ཁེར་རྐྱང་དུ་དེད་ནས་ཐོངས་མཆན་མ་སྤྲད་པ་རེད། འདི་ལ་ང་ཁོང་ཁྲོ་ཟ་གི་འདུག” ཅེས་བརྗོད་བྱུང་། དེ་ལྟར་ཐུབ་བསྟན་སྤུན་གཉིས་ཆུང་དུས་སུ་མ་དང་གསོན་བྲལ་བྱས། དེ་ནས་རིམ་གྱིས་ཕ་དང་གསོན་བྲལ་བྱས། དེ་ནས་རང་གི་ཕ་ཚབ་ལྟ་བུའི་སྤུན་ལ་ཡང་གསོན་བྲལ་བྱེད་དགོས་བྱུང་། འདི་འདྲའི་གནས་ཚུལ་ནི་མི་ཐོག་གསུམ་གྱི་གནས་ཚུལ་ཞིག་རེད་ལ། དུས་རབས་ཕྱེད་ལྷག་གི་མི་ཚེའི་ལོ་རྒྱུས་ཤིག་རེད། ཐུབ་བསྟན་གྱིས་བཤད་དོན། “ངེད་ཀྱི་གནས་སྟངས་འདི་ནི་སེམས་ཕམ་པའི་གོད་ཆག་ཅིག་རེད་བསམས་ཀྱི་འདུག འདི་ང་གཅིག་པུའི་གནས་ཚུལ་མ་རེད། ང་དང་འདྲ་བའི་བོད་རིགས་སྟོང་ཕྲག་མང་པོའི་གནས་ཚུལ་རེད། དེ་ཡིན་དུས། ང་ཚོ་ལ་སོ་སོའི་ལུང་པ་མེད་པ་དང་རང་དབང་མེད་པའི་གནས་སྟངས་འདི་ནི་ཐབས་སྐྱོ་པོ་ཞིག་རེད། ཡིད་ཆེས་དཀའ་བའི་གནས་ཚུལ་ཞིག་རེད།” ཅེས་བཤད་བྱུང་།
ཐུབ་བསྟན་ལགས་ལ་ཟ་ཁང་སོགས་ཚོང་ལས་ཡོད་ཅིང་། དེ་བཞིན་བུ་དར་མ་གཉིས་ཡོད་པ་རེད། བུ་གཅིག་གི་དཔུང་བའི་སྟེང་དུ་ “ཁམས་པ་དཔའ་བོ་”ཞེས་རི་མོ་བྲིས་འདུག་ཅིང་། བུ་གཅིག་གི་བྲང་ཁོག་སྟེང་བོད་ཀྱི་ས་བཀྲའི་རི་མོ་བྲིས་འདུག
རེད་ཡ་སྤུན་ཟླ།
མི་ཤི་ཁྱིམ་སྟོང་རྒྱལ་ཁབ་འཐོར་ཞིག་ཕྱིན། །
ལོ་ངོ་སྟོང་གི་ལོ་རྒྱུས་ཕྱིར་འོང་མེད། །
རྒས་པའི་གཉེར་མ་ཟབ་ནས་ཟབ་ཏུ་ཕྱིན། །
འཆི་ཁའི་ཕྱི་མིག་ཕ་ཡུལ་ཕྱོགས་སུ་ལུས། །
འཐབ་རྩོད་དང་དཀའ་སྡུག་ཁྲོད་ཀྱི་ཨ་མྱེས་ཚང་གི་གནས་ཚུལ་དེ་ཀློག་དུས་དངོས་ནས་ངུ་ཤོར་བར་བྱུང།
ཐུབ་བསྟན་ལགས་ཀྱི་གཅེན་པོ་ཕ༹་ཚབ་ནང་བཞིན་དེ་སྐུ་ཚེས་མ་བརྟེན་བར་བློ་་ཕོམས་ཡོ་ད་ཞུ་རྒྱུར་།
༑་གོང་ས་སྐྱབས་མགོན་ཆེན་པོའི་དབུ་ཁྲིད་འོག་ཏུ་བོད་ལ་རང་དབང་གི་དུས་ཞིག་འཆར་རྒྱུའི་ཡིད་ཆེས་བྱེད་དུ་
སྨོན་འདོན་།་རྒྱ་མི་དབང་བསྒྱུར་འོག་ནས་མྱུར་རུ་འཐར་བའི་ཉི་མ་ཤར་ཡོང་།་བོད་མི་མཚོ་སེམས་ཤུག་མ་ཆགས།…..
༺༑་བོད་རྒྱ་འོག་དུ་ཤོར་སོང།
ཕ་་མ་རྒྱ་འོག་དུ་ཤོར་སོང།
སྤུན་རྒྱ་འོག་དུ་ཤོར་སོང།
ཆོས་རྒྱ་འོག་དུ་ཤོར་བ་ཉེར།
རིག་གཞུང་རྒྱ་འོག་དུ་ཤོར་བ་ཉེར།
སྐད་ཡིག་རྒྱ་འོག་དུ་ཤོར་བ་ཉེར།
རྒྱ་གར་ཡུལ་རུ་སྐྱབས་བཅོལ་ཆགས།
ལོ་ངོ་ལྔ་བཅུ་རང་བཙན་ཐབ་ལམ་འདོན།
མི་རབས་གཉིས་པ་ཞིང་ལ་ཕེབས།
དབུས་མའི་ལམ་ཐོག་རེ་འདོན་བྱེད།
རྒྱ་དམར་ང་ཚོར་མགོ་བསྐོར་གཏོང།
ཉེ་འཆར་སྡ་སར་ཚོགས་འདུ་བསྐོངས།
རྒྱ་དམར་ཕྱོགས་ནས་རང་བཙན་མི་སྐྲོད་ཟེར་།
དེ་འདྲས་སེམས་པ་ཕོམས་པ་ལ།
མིག་གི་ནང་ལ་མིག་ཆུ་འཁོར་།
རྩོམ་ཡིག་དེ་བཀླགས་རྗེས་སུ་་མིའི་མི་ཚེ་སྐྱིད་གསུམ་སྡུག་གསུམ་་ཞེས་པ་དེ་བདེན་གཏམ་ཞིག་ཡིན་པའི་ངེས་པ་རྙེད་ཅིང་། འདས་དོན་མང་པོ་ཞིག་ཕྱིར་དྲན་བྱེད་དུ་བཅུག་སོང་། ཨ་མྱེས་ཚང་ཐུབ་བསྟན་ཏེ་ཕྲན་གྱི་ཨ་ཁུ་ལའང་སྡུག་པོ་དེ་འདྲ་བྱུང་འདུག དེ་ལས་ཀྱང་ཡིད་སྐྱོ་དགོས་པ་ཞིག་ཏུ་ཁོང་གི་གཅེན་པོ་སྟེ་ཕྲན་གྱི་ཨ་ཁུ་སྐལ་བཟང་དར་རྒྱས་སྡུག་གི་གཉན་འཕྲང་རིམ་དགུ་བརྒྱུད་དེ་ཡངས་ཤིང་རྒྱ་ཆེ་བའི་བདེ་སྐྱིད་ཀྱི་རྩ་ཐང་དུ་འབྲས་བུ་ལོངས་སུ་སྤྱད་པའི་དུས་སྐབས་དེར་སྐྲན་ནད་ཀྱིས་རྐྱེན་ལམ་དུ་ཤོར་འདུག མ་ཟད་ཁོང་གི་སྐོར་ཕྲན་གྱི་སྤུན་མཆེད་ཀྱི་བརྗོད་དོན་་ཁོང་ནད་ཀྱི་མནར་བའི་སྐབས་སུ་ཟས་བཟའ་བར་འདོད་ཀྱང་ཟ་ཐུབ་ཀྱིན་མེད་སྟབས། ང་ཚོ་ལ་བཟའ་རུ་བཅུག་སྟེ་ཁོང་གིས་བལྟས་སྡོད་ཀྱིན་འདུག དེ་འདྲ་བྱས་ན་ཁོང་ལ་ཅུང་ཕན་སྣང་ཡོང་གིན་ཡོད་འདུག་་་ཅེས་ངུ་སྐད་དང་ལྷན་དུ་བཤད་ཀྱིན་འདུག ལོ་ཤས་སོང་ཟིན་ཀྱང་སྐད་ཆ་དེ་ད་དུང་ཡང་རྣ་ལམ་དུ་གྲགས་སྣང་ཡོང་གིན་འདུགམིའི་མི་ཚེ་ངོ་མ་ཡིད་རྟོན་མི་འདུག ང་ཚོ་བོད་སྤྱི་ལ་བྱུང་བའི་དཀའ་སྡུག་འདིས་རྐྱེན་པས། ངའི་མི་ཚེ་ནང་དུ་རང་གི་ཨ་ཁུ་སྐལ་དར་རྒྱས་མིག་གིས་མཐོང་མྱོང་མེད་ལ། ད་ནས་བཟུང་ཁོང་མཐོང་རྒྱུའི་ེརེ་བ་བྱེད་ཐབས་བྲལ། འོན་ཀྱང་ད་ལྟར་ངས་འཇོན་པ་ནི། ཁོང་གི་ཆེད་དུ་སྨོན་ལམ་འདེབས་རྒྱུ་ལས་ཐབས་གཞན་མེད་པས། ཁོང་སྡུག་བསྔལ་གསུམ་ལས་ཡོངས་སུ་གྲོལ་ཏེ། སླར་ཡང་ཨ་མྱེས་ཚང་གི་ཁྱིམ་དུ་སྐྱེས་ཏེ་བདེ་སྐྱིད་ཀྱི་འཚོ་བ་རིང་ནས་རིང་དུ་རོལ་བའི་སྨོན་འདུན་ཤུགས་དྲག་ཞུ།།།།