ཁ་བརྡར་འབྱོར་བའི་གནས་ཚུལ།
མུ་ར་དགོན་པའི་སྨན་ཁང་གི་དབུ་ཁྲིད། ས་གནས་ཀྱི་མཁས་དབང་གྲགས་ཅན། སྤྱི་ཚོགས་ཞབས་ཞུ་ལ་གཅིག་ཏུ་བརྩོན་པའི་དགེ་སྦྱོང་ཆེན་པོ་ལྷ་རྗེ་མཁས་གྲུབ་བཙན་ཁྲིད་བྱས་འདུག
༡ མུ་ར་ལྷ་རྗེ་མཁས་གྲུབ་བཟུང་བའི་གནས་ཚུལ།
ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༢༧ ཉིན། སྐྱར་དུ་འཛིན་བཟུང་བྱས་འདུག ད་ལྟ་རྨ་ཆུ་རྫོང་སྤྱི་བདེ་ལས་ཁུངས་སུ་བཅར་འདྲི་བྱེད་པའི་སྐབས་སུ་ཁེལ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་ཐུགས་ཁུར་བཞེས་མཁན་རྣམས་ཀྱིས་བརྩེ་གཟིགས་གནང་བར་ཞུ།
སྔར་མུ་ར་མཁས་གྲུབ་འཛིན་བཟུང་བྱས་པའི་ཚུལ་ནི། ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༡༢ ཚེས་ ༡༣ མཚན་མོ་ཆུ་ཚོད་ ༡༡ ཙམ་ལ་དགོན་སྡེའི་སྨན་ཁང་གི་གཟིམ་ཤག་ནས་གཅིག་པུར་བཟུང་ནས་སོང་འདུག གཟིམ་ཤག་ཏུ་ཁོང་གཙིག་པུ་ཡིན་པས་སྐབས་དེར་སུ་ལ་ཡང་གོ་ཐོས་བྱུང་མི་འདུག ཕྱི་ཉིན་དགོན་པའི་དོ་དམ་པ་ཚེ་བརྟན་དང་། སྨན་ཁང་གི་སྨན་པ་མུ་ར་རྒྱ་པཱ་ཟེར་བ་གཉིས་ཉེན་རྟོགས་པའི་ནང་དུ་སོང་སྟེ་འདྲི་རྩད་བྱས་ཚེ་ཁོང་ཚོ་ལ་རྒྱུས་མེད་ཅེས་ལན་བཏབ་འདུག དེ་ནས་གློ་བུར་དུ་བརླགས་པའི་ཡི་གེ་སྙན་ཞུ་ཕུལ་ཏེ་ས་གནས་མི་མང་ཡོངས་རྫོགས་བཙལ་དུ་འགྲོ་རྒྱུ་ཡིན་བྱས་ཚེ། ས་གནས་ཉེན་རྟོག་པས་རྫོང་སྲིད་གཞུང་ལ་ཁ་པར་བཏང་སྟེ་གནས་ཚུལ་དྲིས་པས་འཐབ་ཕྱོགས་གཅིག་གྱུར་ཁང་གིས་བཟུང་སྟེ་རྫོང་སྤྱི་བདེ་ལས་ཁུངས་སུ་བཀག་ཉར་བྱས་འདུག་ཟེར། འཛིན་དོན་གཙོ་བོ་ཅི་ཡིན་མ་ཤེས་ཀྱང་། སྔོན་ཆད་ ༢༠༡༤ ལོར་འཕགས་ཡུལ་གནས་སྐོར་དང་། སྐྱབས་མགོན་ཆེན་པོ་ལས་དགེ་སློང་ཞུས་པ། བལ་ཡུལ་ཡང་ལེ་ཤོད་དུ་སྐུ་མཚམས་ཟླ་ཤས་བཞུགས་པ་སོགས་ལ་ཆབ་སྲིད་ཀྱི་དམིགས་ཡུལ་ཡོད་པའི་སྙད་བཏགས་འདུག དེ་ནས་བཟུང་སྤྱི་བདེ་མི་སྣ་སོགས་ཀྱིས་སྐབས་སྐབས་སུ་ཁོང་ལ་དྲི་བ་དང་དཀའ་ངལ་སྤྲད་ཡོད་པ་ཀུན་གྱིས་ཤེས། ཉེ་དུས་འདིར་དྲ་ཐོག་ཏུ་བླ་རུང་དགོན་པ་གཏོར་བའི་པར་དང་དེ་ལ་སྐྱིད་སྡུག་མཉམ་མྱོང་གི་རྩོམ་ཐུང་མང་དུ་བྲིས་པ་དང་། མི་རིགས་ཀྱི་ཁེ་དབང་སྲུང་སྐྱོབ་དང་། ཆོས་དད་རང་དབང་ལ་ཆེད་དུ་དམིགས་པའི་རང་རྩོམ་དང་གཞན་རྩོམ། སྐྱབས་མགོན་རྒྱལ་བའི་དབང་པོའི་གསུང་བཤད་འགའ་ཞིག་བརྒྱུད་འགོད་བྱས་པའི་གནད་དོན་རེད་ཟེར། ཨ་མདོའི་ལོ་གསར་སྐབས་ཁོང་ཀློད་གྲོལ་བཏང་ཡང་དེང་སྐབས་སྐྱར་འཛིན་བྱས་འདུག་གོ།
༢ ལྷ་རྗེ་མཁས་གྲུབ་ཀྱི་ལོ་རྒྱུས་མདོར་བསྡུས།
ཕ་མུ་ར་སྐར་ཁོ་དང་། མ་བལ་ཁོའི་བུ་རུ་མེ་ལུག་ ༡༩༦༧ ལོར་རྨ་ཆུ་རྫོང་མུ་རུ་ཡུལ་ཚོར་སྐྱེས། ལོ་ན་བཅུ་ཙམ་སོན་ཚེ་མ་ཤི། ཕ་བྲལ། མེས་པོ་ཕྱུག་བདག་ཞྭ་ནག་ཅན་དུ་གྱུར་པས་མིང་སྲིང་གཉིས་ཀའི་འཚོ་བ་གཞན་ལ་བརྟེན་དགོས་བྱུང་། མི་རིང་བར་ཕྱུགས་སྨན་རྣམས་ལ་ལག་གཡོགས་བྱས་པས་ལྷ་རྗེ་ཁོང་རྣམ་དཔྱོད་ཕུལ་དུ་བྱུང་བས་སྨན་དང་ནད་རྟགས། བཅོས་ཐབས་ཀྱི་ལག་ལེན་སྨན་པ་རྣམས་ལས་ཀྱང་མཁས་པར་གྱུར་པས་ཕྱུགས་སྨན་གྱི་ལས་ཀ་ཐོབ། ལོ་བཅུ་བཞི་ཙམ་ནས་མུ་ར་བླ་མ་བཟོད་ཀུན་བསྟེན་ཞིང་ཆོས་སྒོར་ཞུགས། འདོན་ཆ། གདངས་དབྱངས་རོལ་མོ། ཐིག་རྡུལ་ཚོན། གཏོར་མ་བཅའ་བཟོ། མདོས་སྲུང་འཁོར། གསར་རྙིང་གི་འདོན་ཆ། སྡོམ་གསུམ། སྤྱོད་འཇུག་སོགས་དགོན་པའི་གཞུང་རྒྱུགས་ཡོངས་རྫོགས་ཕུལ་བའི་རང་ས་ནས་མཁས་པ་རྩེར་སོན་ཡིན། ཨ་མདོ་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ། དགེ་བཤེས་འཇམ་དབྱངས་ཉི་མ་ལས། སྒྲ། སྙན་ངག རྩིས་དཀར་ནག་སོགས་སྦྱང་། དགེ་བཤེས་དགེ་འདུན་རྒྱ་མཚོ་དང་། རྔ་བ་གྲགས་ཚང་སོགས་ལས། བསྡུས་གྲྭ་ནས་ཕར་ཕྱིན་བར་སོང་། ཁམས་གཙང་གཏེར་སྟོན་དང་། འཇིགས་མེད་མཐུ་ལྡན་སོགས་ཀྱི་ཞལ་སྔ་ནས་སྨན་དབང་དང་རྒྱུད་བཞི་སོགས་གསོ་བ་རིག་པའི་གཞུང་ལུགས་མང་དུ་གསན། དགོན་པ་གསར་བཞེངས་སྐབས་ཤིང་བཟོ། རྡོ་བརྩིགས། ཚོན་གཏོང་མཁན། རོལ་མོ་པ། དབུ་མཛད། དགེ་བསྐོས། དོ་དམ་པ། སྐྱོར་དཔོན། དགེ་རྒན་སོགས་བྱས། ད་སྐབས་དགོན་པའི་སྨན་ཁང་གི་སྨན་པ་གཙོ་བོ་ཡིན། ས་གནས་དེའི་འགྲོ་བ་མང་པོ་ནད་ལས་གྲོལ་བར་མཛད་པས་ཡུལ་ཁམས་དེའི་མཁས་པ། སྐུ་དྲིན་ཅན། བྱས་རྗེས་ཅན་གྱི་མི་སྣ་རླབས་ཆེན་ཞིག་ཡིན། སྨན་ཁང་དུ་མགོན་མེད་ལ་སྨན་སྦྱིན། ཀུན་སྤྱོད་ལེགས་བཅོས། འཕྲོན་རྟེན་བླང་དོར། ཡིག་རྨོངས་སེལ་བ། ཕ་སྐད་ཀྱི་འཛིན་གྲྭ་སོགས་ལན་དུ་མར་འཚོགས་པས་མི་མང་ལ་ཤུགས་རྐྱེན་ཆེ་ཞིང་ཀུན་གྱིས་གུས་བཀུར་ཞུ་ས་ཞིག་ཡིན། ཡིད་སྐྱོ་བའི་གནས་ཚུལ་འདི་ལ་གདུང་སེམས་མཉམ་བསྐྱེད་ཞུ།
ཁ་མང་འགའ་རེ་ཁ་ཡིས་ཕོངས་ནས་སྡུག །ཁ་བའི་ལས་དབང་དོན་གཉེར་སླ་པོ་མིན། །གཅར་རྡུང་ཁྲོད་ནས་ངེས་པའི་དོན་རྙེད་དེ། །དལ་འབྱོར་ཕུན་ཚོགས་ཡོན་ཏན་ཐོབ་པར་ཤོག །