སེར་བྱེས་དགེ་བཤེས་རྭ་རྒྱ་བློ་བཟང་དཔལ་ལྡན།
དང་པོ། བྱང་ཆུབ་ཤིང་དྲུང་གི་དད་པ་དང་སྐྱོ་བ།
དུས་ཀྱི་བགྲོད་པ་ཕྱི་ལུགས་ཉིས་སྟོང་བཅུ་བཞི་ལོ་ཤར་བ་དང་ལྷན་དུ་ཁོ་བོར་འདས་པའི་ལོ་གཅིག་རིང་འགན་དུ་བབས་པའི་ཁང་ཚན་དགེ་བསྐོས་ཀྱི་ལས་འགན་བདེ་བླག་ཏུ་གྲུབ་ཅིང་། ལས་སྣེ་ཟུར་བའི་རྩིས་སྤྲོད་སོགས་བྱ་བ་ཙག་ཙིག་གྲུབ་རྗེས། ཕྱག་སྐོར་ཅུང་ཙམ་རེ་བྱ་ཆེད་གནས་མཆོག་རྡོ་རྗེ་གདན་དུ་ཕྱིན།
རྡོར་གདན་མཆོད་རྟེན་ནི་ལོ་རྒྱུས་ཀྱི་དུས་ཡུན་རིང་བ་ཙམ་དུ་མ་ཟད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལུང་གིས་བསྔགས་པའི་མགོན་པོ་ཀླུ་སྒྲུབ་དང་། ཇོ་བོ་རྗེ་སོགས་རྒྱ་གར་གྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དག་དང་། འབར་མ་དང་སི་རི་ལིང་ག ཐེ་ལན་ཊི། རྒྱ་ནག ཉི་ཧོང་སོགས་ནང་བའི་རྒྱལ་ཁབ་རྣམས་ཀྱི་སྐྱེས་བུ་དམ་པ་གྲངས་མེད་པ་དག་དང་། སྔར་བྱོན་བོད་ཀྱི་ལོ་ཙཱ་བ་དང་། དཔལ་ན་ལེནྡྲ་སོགས་སུ་སློབ་གཉེར་གནང་བར་ཕེབས་པའི་བཙུན་པ། དུས་རབས་མང་པོར་མཚམས་ཆད་མ་མྱོང་བའི་གནས་མཇལ་བ་སོགས་གྲངས་ལས་འདས་པ་ཞིག་གནས་འདིར་མཇལ་བར་སླེབས་མྱོང་བ་མ་ཟད།
ད་ལྟའི་དུས་འདིར་ཡང་༸གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་བ་མཆོག་གི་གཙོས་རིས་མེད་སྐྱེས་ཆེན་མང་པོས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་མཆོག་ཅིག་ཡིན་ལ། ནང་པ་སངས་རྒྱས་པ་ཞིག་གི་ངོས་ནས་བཤད་ན་གནས་འདི་ལས་རྩ་ཆེ་བའི་གནས་མཆོག་ཞིག་མེད་དེ། སྔར་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་ཡིན་པར་འཛམ་གླིང་གི་ནང་པའི་ཆོས་བརྒྱུད་གསུམ་ག་གཅིག་མཐུན་ཙམ་མ་ཟད། རང་རེའི་ལོ་རྒྱུས་ཀྱི་སྒྲོས་དང་བསྟུན་ན་འདིར་བཞུགས་པའི་ཐུབ་པ་ཆེན་པོོའི་སྐུ་བརྙན་ནི་སྟོན་པ་ཐུབ་པའི་དབང་པོ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཙམ་ནས་བཞེངས་པར་བཤད་པས། ལོ་རྒྱུས་ཀྱི་དུས་ཡུན་ཧ་ཅང་རིང་བ་དང་། འཛམ་གླིང་གི་ནང་པའི་རྒྱལ་ཁབ་སོ་སོར་ས་གནས་ཀྱི་རིག་གནས་མི་འདྲ་བའི་དབང་གིས་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་བརྙན་ལ་ཡང་བཞེངས་ཚུལ་ཅི་རིགས་ཡོད་དེ། ལྷོ་བརྒྱུད་པའི་སྟོན་པའི་སྐུ་བརྙན་ཕལ་མོ་ཆེར་དབུའི་གཙུག་ཏོར་ཤིན་ཏུ་རིང་ཞིང་། ཤངས་དབྱིབས་དམིགས་བསལ་ཆེ་བའི་སྣང་བ་སྟེར། རྒྱ་ནག་གི་སྟོན་པའི་སྐུ་བརྙན་ནི་སྐུ་ཤ་རྒྱགས་ཤིང་ཞལ་ངོ་སྒོར་དབྱིབས་ཅན་སོགས་རྒྱ་མི་རིགས་ཀྱི་རིག་གནས་ཀྱི་ངོ་རྟགས་གསལ་བོ་ལྡན་པ་ཡིན། དེ་བཞིན་ཉི་ཧོང་གི་སྟོན་པའི་སྐུ་བརྙན་ལ་སྨ་ར་བཙུགས་པ་དང་། རང་རེའི་སྟོན་པའི་སྐུ་བརྙན་ལ་གོས་ཆེན་ས་འོག་གི་ན་བཟའ་དང་སྐ་རགས་བཅིངས་པ་སོགས་མི་རིགས་སོ་སོའི་མཛེས་དཔྱོད་ལྟ་བས་རྟགས་ཐམ་ཕོག་པ་ཤིན་ཏུ་མང་།
འོན་ཀྱང་། རྡོར་གདན་གྱི་ཐུབ་པ་ཆེན་པོའི་སྣང་བརྙན་འདི་ཁོ་ན་བརྒྱུད་པ་གསུམ་གའི་གཅིག་མཐུན་དུ་བཀུར་ཞིང་། ད་ལྟའི་འཛམ་གླིང་གི་ནང་པའི་ཡུལ་གྲུ་ཕལ་མོ་ཆེར་ཐུབ་དབང་གི་སྐུ་བརྙན་འདི་ལྟར་བཞེངས་པ་དར་སྲོལ་དུ་འགྲོ་བཞིན་ཡོད། དེ་ཙམ་མ་ཟད། སྟོན་པ་བཅོམ་ལྡན་འདས་ཀྱི་གནས་ཆེན་ཕལ་ཆེ་བ་རྒྱ་གར་ལ་སྔ་ཕྱིར་བཙན་གནོན་བྱས་པའི་ཁ་ཆེའི་དམག་གིས་རྩ་གཏོར་བཏང་ཞིང་། རིམ་བཞིན་མུ་སྟེགས་པའི་སྲིད་དབང་ཁག་གིས་ཀྱང་ཉམས་གསོ་དང་བཀུར་བཟོ་མེད་པའི་ཐོག།ཧིན་རྡུའི་ཆོས་ལུགས་ཀྱི་གནས་སུ་བསྒྱུར་བའམ་ཡང་ན་རྩ་མེད་ཀྱི་གཏོར་བརླགས་བཏང་རྐྱེན། དེང་སྐབས་རྩིགས་པ་དམར་ཧྲེང་བ་ཙམ་ལས་མེད་ལ། རྡོ་རྗེ་གདན་འདི་ཉིད་ཀྱང་མུ་སྟེགས་པའི་ལག་ཏུ་ཤོར་ཏེ། གཏོར་བཤིག་རིམ་པར་ཐེབས་ན་ཡང་སྟབས་ཡག་ནས་རྩ་མེད་དུ་མ་སོང་བར་ལུས་པས། དུས་རབས་ཉི་ཤུ་བའི་ནང་གཞི་ནས་ཉམས་གསོ་ལེགས་པར་བྱས་སྟབས་ད་ལྟ་འདི་ཁོ་ན་འཛམ་གླིང་གི་ནང་པ་ཡོད་དོ་ཅོག་གི་དད་པའི་རྟེན་དང་། ངོམ་ཆོག་ཆོག་གི་གནས་མཆོག་ཉག་གཅིག་ཡིན།
རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོ་ནི་ཐོག་མར་བྲམ་ཟེ་ཛ་སའི་བུ་བྲམ་ཟེ་དགེ་བ་ཞེས་པས་བཞེངས་ཤིང་། མ་ག་ངྷའི་ཁྱིམ་བདག་འཆི་མེད་ཅེས་པས་ཀྱང་བསྐྱར་གསོའམ་ཡང་ན་རྒྱ་བསྐྱེད་པར་བཤད། ཕྱིས་སུ་ཆག་འཇིག་གི་མཚམས་ལ་ཐུག་ཡོད་པའི་སྐབས་ཤྲཱི་ལིངྒའི་དགེ་བསྙེན་དྷརྨ་པད་ཀྱིས་འབད་བརྩོན་འོག་རྒྱ་གར་གཞུང་གིས་ཀྱང་ཉམས་གསོའི་ཁུར་བླངས་ཏེ་རང་ཅག་གི་དད་པའི་རྟེན་དུ་བཞུགས་པ་འདི་ཡིན།
གནས་བཤད་ལྟར་ན། དབུ་རྩེའི་མཆོད་རྟེན་ཆུང་ངུ་དེ་མགོན་པོ་ཀླུ་སྒྲུབ་ཀྱིས་བཞེངས་ཤིང་ནང་དུ་བཅོམ་ལྡན་འདས་ཀྱི་རིང་བསྲེལ་བྲེ་གང་ཡོད་ཚུལ་དང་། ལྷ་ཁང་སྟེང་མའི་ནང་སྔར་ལྷ་སའི་ཇོ་བོ་བཞུགས་གནས་ཡིན་པར་བཤད་ཡོད།
དེང་དུས་ལོ་རྒྱུས་སྨྲ་བ་ཚོའི་བཤད་ཚུལ་ལྟར་ན། བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས་དུས་ཡུན་རིང་པོའི་བར་བཅོམ་ལྡན་འདས་ཀྱི་སྐུ་བརྙན་བཞེངས་པའི་སྲོལ་མ་བྱུང་བར་འདོད་ལ། སྟོན་པའི་སྐུ་བརྙན་བཞེངས་པའི་དུས་ནི་སྤྱི་ལོ་དུས་རབས་དང་པོའི་མཇུག་ཙམ་ལ་བྱུང་བར་འདོད་ཀྱི་ཡོད་ལ། དེ་ཡང་གྷི་རིག་པས་རྒྱ་གར་ལ་བཙན་འཛུལ་བྱས་རྗེས་གྷི་རིག་པའི་རིག་གནས་ཀྱི་ཤན་ཤུགས་འོག་བྱུང་བར་བཤད། དེ་ལ་གནའ་རྫས་རིག་པ་དང་། རྩོམ་རིག་ལོ་རྒྱུས་སོགས་ཕྱོགས་མང་པོ་ནས་སྒྲུབ་བྱེད་གནད་ཆེ་བ་མང་པོ་འགོད་ཀྱི་འདུག གང་ལྟར་ཡང་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོ་ནི་ཆོས་རྒྱལ་མྱ་ངན་མེད་ཀྱི་དུས་རབས་ནས་བཟུང་ཡོད་པར་ཡོངས་སུ་གྲགས་པས། ལོ་རྒྱུས་ཀྱི་རྒྱུན་ཧ་ཅང་རིང་ཞིང་། བཟོ་བཀོད་ལ་མཛེས་པ་དང་བརྗིད་པའི་ཉམས་ཆེ་བ། བྱིན་རླབས་ཀྱི་ཚན་ཁ་འབར་བ་སོགས་རང་ཅག་ནང་པ་སངས་རྒྱས་པ་རྣམས་ལ་མཚོན་ན་འདི་ལས་ལྷག་པའི་གནས་མཆོག་ཅིག་གཞར་ཡང་མ་མཆིས་སོ།།
ཁོ་བོ་ཡང་འདིར་འབྱོར་བ་ནས་ཉིན་ལྟར་ཞོགས་པ་སྔ་ཙམ་ལངས་ནས་མཆོད་རྟེན་རིན་པོ་ཆེའི་བྱང་ཕྱོགས་ཀྱི་བྱང་ཆུབ་ཤིང་ཆེ་བའི་གྲིབ་བསིལ་དུ་ཕྱག་འཚལ་བ་དང་། ཉིན་རྒྱབ་མཆོད་རྟེན་རིན་པོ་ཆེའི་སྐུ་རྒྱབ་ཀྱི་བྱང་ཆུབ་ཤིང་གི་འོག་ཏུ་ཐུབ་པའི་གཟུངས་སྔགས་སོགས་གཟུངས་སྔགས་དང་སྨོན་ལམ་རེ་བཏོན། ཕྱི་དྲོར་སྐོར་བ་གང་འཚམ་རེ་སོང་ནས་བསྡད་པ་ཡིན།
མཆོད་རྟེན་རིན་པོ་ཆེའི་ཉེ་འཁོར་དུ་བསླེབས་མཚམས་ནས་དམིགས་བསལ་སེམས་ཚོར་ཞི་ཞིང་བདེ་བའི་ཉམས་ཞིག་རང་བཞིན་གྱིས་སླེབས་ཡོང་བ་དང་། ཕྱོགས་མཐའི་རྒྱལ་ཁབ་རྣམས་ཀྱི་དད་ལྡན་མང་ཚོགས་ཁྲི་སྟོང་མང་པོས་རང་རང་གི་སྐད་ཀྱིས་སངས་རྒྱས་ཀྱི་གསུང་རབ་སྙན་པའི་དབྱངས་ལ་དྲངས་ཤིང་། རིམ་པ་བཞིན་བང་བསྒྲིགས་ནས་མཆོད་རྟེན་རིན་པོ་ཆེ་ལ་གཡས་བསྐོར་བྱེད་པ་དང་། མཆོད་པ་སྣ་ཚོགས་ཀྱིས་མཆོད་པར་བྱེད་པ་ནི་ཉིན་ལྟར་ཆར་རྗེས་ཀྱི་ཤ་མོ་དང་དབྱར་དུས་ཀྱི་རྩི་ཤིང་བཞིན་རྒྱུན་ཆད་མི་འདུག།ལྷག་པར་འབར་མ་དང་། ཐེ་ལན་ཊི། ཤྲཱི་ལིངྒ་བཅས་ཀྱི་དགེ་སློང་ཚོའི་ནང་གི་རྟོགས་པ་བཤད་དཀའ་ནའང་། ཕྱིའི་ཀུན་སྤྱོད་ཞི་ཞིང་དུལ་བ་དང་། ངག་གི་གདངས་དབྱངས་འཇམ་ཞིང་ལྷོད་པ། སྐོར་བ་བྱེད་པ་དང་། ཕྱག་འཚལ་བ། མཆོད་པ་འབུལ་བ། མདོ་འདོན་པ་སོགས་ལུས་ངག་གི་སྤྱོད་ལམ་རྣམས་མིག་ལ་མཛེས་ཤིང་། ལྷོད་ཆགས་པ་དག་མཐོང་ན། གུང་ཐང་བསྟན་པའི་སྒྲོན་མེས་ཕྱི་རུ་ཉན་ཐོས་སྤྱོད་པའི་ཞི་ཞིང་དུལ་གསུངས་པ་འདི་འདྲ་ལོས་ཡིན་དྲན་འོང་ལ། རྗེ་བླ་མའི་རྗེས་འཇུག་རབ་བྱུང་བ་ཞིག་ཡིན་ན་ཕྱིའི་སྤྱོད་ལམ་འདི་འདྲ་ཞིག་དགོས་པ་ལོས་ཡིན་ཞེས་ཆིག་ལབ་ཀྱང་བྱས། ང་རང་གི་ཕྱིའི་ཀུན་སྤྱོད་དང་། ངག་གི་སྨྲ་བརྗོད། བསམ་པའི་འཁྱེར་སོ་བཅས་ལ་རྟོག་ཞིབ་ཐེངས་གཅིག་བྱས་པས། གུང་ཐང་བསྟན་པའི་སྒྲོན་མེས་ཕྱི་རུ་ཉན་ཐོས་སྤྱོད་པའི་ཞི་ཞིང་དུལ་གསུངས་པ་ལྟར་འགྲོ་ཐུབ་ཡོད་པ་ཕར་ཞོག།ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་ཡོངས་རྫོགས་དམ་པའི་གསུང་རབ་ཀྱི་བཅས་མཚམས་དང་འགལ་བ་ཤ་སྟག་ཡིན་པའི་སྣང་བ་སྐྱེས་པས། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་སྒོར་ཞུགས་པའི་སྐལ་བཟང་གི་གོ་སྐབས་ཆུད་ཟོས་སུ་བྱིན་ནས་འདི་ལས་མ་བྱུང་བསམས་ཏེ་ཡི་མུག་གི་ཚོར་བ་སྐྱུར་མོ་ཞིག་ཀྱང་སྐྱེས་ཏེ་འོང་། མཆོད་རྟེན་རིན་པོ་ཆེའི་ཕྱོགས་ཡོངས་སུ་མཆོད་རྟེན་སྣ་ཚོགས་བཞུགས་ཤིང་། འདི་དག་ཕལ་ཆེ་བ་མཆོད་རྟེན་བསྐྱར་གསོའི་སྐབས་ས་འོག་ནས་ཐོན་པར་བཤད།
མཆོད་རྟེན་རིན་པོ་ཆེའི་མདུན་གྱི་ཤར་བྱང་ཕྱོགས་སུ་ས་བབ་ཅུང་མཐོ་བ་ཞིག་ན་འོད་ཟེར་མཆོད་རྟེན་ཟེར་བའི་མཆོད་རྟེན་ཆེ་བ་ཞིག་དང་ནང་གི་རྟེན་གཙོ་རྡོ་སྐུ་བཞེངས་སྟབས་སུ་ཡོད་པ་ཞིག་འདུག དེ་ནི་རྒྱ་གར་ཚོས་བཤད་ན་མ་ཧཱ་མ་ཡ་རེད་ཟེར། དེའི་དོན་ནི་ཡུམ་ཆེན་མོ་ཞེས་པའི་དོན་ཡིན་པ་འདྲ། མཆོད་རྟེན་འདི་དག་གི་བར་རྣམས་སུ་ལྗོན་ཤིང་གིས་བརྒྱན་ཞིང་། གྲིབ་བསིལ་འོག་ཏུ་དད་ལྡན་སྟོང་ཕྲག་ལྷག་གིས་ཕྱག་འཚལ་བ་དང་། མཎ་ཌལ་འབུལ་བ། མཆོད་པ་གྲངས་གསོག་བྱེད་པ། སྒོམ་ལ་གནས་པ་སོགས་དགེ་སྒྲུབ་ཀྱི་རྣམ་པ་དུ་མས་ཁེངས་ཤིང་། ཅོང་སྒྲ་དང་། དྲིལ་ཆུང་། ཤིང་བརྡུང་བའི་སྒྲ་(རྒྱ་དང་ཉི་ཧོང་བ་ཚོས་ཆོས་འདོན་སྐབས་རྡུང་བའི་ཤིང་)རྒྱ་གླིང་དང་། ཌ་མ་རུ། སིལ་སྙན་གྱི་སྒྲ་སོགས་ཤར་ནུབ་ཀྱི་ནང་པའི་རྒྱལ་ཁབ་ཁག་གི་རིག་གནས་ལས་ཐོན་པའི་དབྱངས་རྟ་སྣ་ཚོགས་གཅིག་འདྲེས་སུ་གྲག་ཅིང་ཁྱབ་ནས་འདུག།མདོར་ན། ཐེག་དམན་དང་ཐེག་ཆེན། མདོ་དང་སྔགས་ཀྱི་མཆོད་པའི་ཡོ་བྱད་སྣ་ཚོགས་ཕྱུར་བུར་སྤུངས་ཏེ་བཅོམ་ལྡན་འདས་ཀྱི་སྐུ་བརྙན་དང་མཆོད་རྟེན་ཆེན་མོ། བྱང་ཆུབ་ཀྱི་ཤིང་བཅས་ལ་མཆོད་དེ་ཚོགས་གསོག་སྒྲིབ་སྦྱོང་ལ་འབད་མཁན་མཚམས་ཆད་མེད་པར་མཐོང་འོང་།
མཆོད་རྟེན་རིན་པོ་ཆེ་ནི། བཟོ་བཀོད་ཕུན་སུམ་ཚོགས་ལ་བརྗིད་ཆགས་ཅིང་། རྩེ་མོ་དགོང་དུ་བསྙེགས་པ་སྒོ་ཤར་ཕྱོགས་སུ་བསྟན་ནས་ཡོད་ཅིང་། འོག་ཤོད་ཀྱི་ལྷ་ཁང་ནང་དུ་རྟེན་གཙོ་ཐུབ་པའི་དབང་པོའི་མཛེས་སྐུ་ལྷང་ངེ་ལྷན་ནེར་བཞུགས་ཤིང་། སྐུ་བརྙན་འདི་ནི་གོང་དུ་བཤད་པ་ལྟར་ས་སྟེང་འདིར་འཚོ་བའི་ནང་པ་སངས་རྒྱས་པ་ཡོད་དོ་ཅོག་གི་བླ་ན་མེད་པའི་དད་རྟེན་ཉག་གཅིག་ཡིན། སྐུ་བརྙན་རིན་པོ་ཆེའི་གཙུག་ཏོར་དང་ལྷུང་བཟེད་ནི་༸གོང་ས་ཡིད་བཞིན་ནོར་བུ་སྐུ་ཕྲེང་བཅུ་བཞི་བ་མཆོག་གིས་བོད་འབང་རྣམས་ཀྱིས་བསོད་ནམས་གསོག་པའི་ཆེད་དུ་བདེ་བར་གཤེགས་པའི་གཙུག་ཏོར་གསེར་སྦྱངས་གྱི་ཏོག་དང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་སྣོད་མཆོག་ལྷུང་བཟེད་བཞེངས་བསྐྲུན་གནང་བ་དང་། མཆོད་རྟེན་རིན་པོ་ཆེའི་གསེར་ཏོག་ནི་ཐེ་ལན་ཊིའི་རྒྱལ་བོ་བྷུ་མི་བྷོལ་ཨེ་རྡུན་ཡ་རྡེ་སྒྲི་མཆོག་གིས་གཙོ་སྐྱོངས་བྱས་ནས་གསེར་སྤྱི་རྒྱ་སུམ་བརྒྱས་ཕྱི་ཤན་བརྒྱབ་ཡོད་པས། མཆོད་རྟེན་དང་སྐུ་བརྙན་རིན་པོ་ཆེ་ལ་གཟི་བྱིན་ལྷག་པར་འབར་འདུག
ཕྱོགས་གཞན་ནས་བསམ་ན་ཅུང་བློ་ཕམ་དགོས་པ་དང་ཡིད་ཆད་དགོས་པའི་གནས་ཚུལ་ཀྱང་གང་མང་མཐོང་རྒྱུ་འདུག་སྟེ། དཔེར་མཚོན་ཙམ་བརྗོད་ན། མཆོད་རྟེན་གྱི་ཁོ་ར་ཁོར་ཡུག་ཏུ་མཆོད་རྟེན་དང་སྐུ་བརྙན་ཧ་ཅང་མང་མོད་ཞིབ་ཏུ་བལྟས་ཚེ་གཏོར་བཅོམ་མ་ཐེབས་པ་ཕལ་ཆེར་མེད་པར་མ་ཟད། བསྐྱར་གསོ་བྱེད་སྐབས་སུ་ཡན་ལག་གཏོར་བ་རྣམས་ཇི་བཞིན་མ་རྙེད་པར་གང་རྙེད་པ་ཕྱོགས་བསྡེབས་ཀྱིས་བཙན་སྒྲིག་བྱས་ཡོད་པ་དང་། མཆོད་རྟེན་རིན་པོ་ཆེེ་ཉམས་གསོ་མ་བྱས་གོང་གི་པར་རིས་ལ་བལྟས་པས་ཀྱང་ང་ཚོ་གངས་ཅན་པའི་མགོ་ཐོག་ཏུ་བསླེབས་པའི་ཉི་མ་དམར་པོ་སྟེ། རིགས་གནས་གསར་བརྗེ་ཟེར་བའི་སྐྱི་གཡའ་བའི་ལོ་ཟླ་དེ་དག་སེམས་ལ་འཁོར་འོང་བ་ཞིག་འདུག
ད་དུང་མཆོད་རྟེན་གྱི་ལྷ་ཁང་ལྟེ་བའི་ནང་སངས་རྒྱས་ཀྱི་སྐུ་བརྙན་རིན་པོ་ཆེའི་མདུན་དུ་ལྷ་ཆེན་དབང་ཕྱུག་གི་རྟེན་བཞག་ཤུལ་ཡོད་པར་མ་ཟད། རྒྱ་གར་བ་མང་པོས་དེ་ལ་གུས་ཕྱག་འབུལ་བཞིན་པ་དང་། ནང་སྐོར་ལམ་དུ་བྱང་ཆུབ་ཤིང་གི་ལོ་མ་རེ་བཟུང་སྟེ་དད་ལྡན་མང་ཚོགས་ལ་མགོ་སྐོར་གཏོང་ཅི་ཐུབ་བྱེད་པའི་ལོ་ཆུང་དགེ་སློང་སེར་པོ་ན་བཟའ་གོན་མཁན་ཚོ་དང་། དགེ་སློང་སེར་པོ་ན་བཟའ་མནབ་པའི་མི་སྐོར་ཞིག་གིས་སློང་རྒྱག་པ་དང་། ཁ་ཤས་ཀྱིས་རྐུ་བྱེད་པ། བོད་རིགས་དང་འབྲུག་པ་ཁ་ཤས་ཀྱིས་ཕྱག་འཚལ་བ་དང་ཞལ་འདོན་འདོན་པའི་སྲོལ་གྱིས་ཐབས་སྣ་ཚོགས་ཀྱིས་ལྟོ་གོས་དོན་དུ་གཉེར་བ། ཁ་ཤས་ཀྱིས་དད་ལྡན་མང་ཚོགས་ཀྱི་ཅ་དངོས་རྐུ་བ་སོགས་སྤྱོད་པ་ངན་པ་ཡང་མང་པོ་མཐོང་རྒྱུ་ཡོད་པར་མ་ཟད། མཆོད་རྟེན་དང་ཐུབ་དབང་གི་སྐུ་བརྙན་རིན་པོ་ཆེར་ཕུལ་བའི་དཀོར་རྫས་ཀྱང་ཧིན་རྡུ་དང་བགོ་བྱ་རྒྱག་དགོས་འདུག་པ་སོགས། ད་དུང་ཡང་ནང་པ་སངས་རྒྱས་པ་རང་གི་གནས་མཆོག་འདི་ལྟ་བུ་ལ་ཡང་གཞན་གྱི་ཐེ་བྱུས་བཤུ་གཞོག་འོག་གནས་པ་མ་ཟད། མཆོད་རྟེན་རིན་པོ་ཆེའི་ཁོར་ཡུག་གི་གཙང་སྦྲ་དང་མིའི་སྤྱོད་ལམ་ལ་ཡང་ཚད་དང་ལྡན་པའི་ལྟ་རྟོག་མེད་པར་ཕལ་ཆེར་གང་བྱུང་དུ་སློང་མོ་བ་དང་། མགོ་སྐོར་གཏོང་མཁན་གྱི་ཚོང་པ་ངན་ངོན་གྱིས་ཁེངས་འདུག་པ་སོགས་བློ་བག་མི་བདེ་བའི་སྣང་ཚུལ་རྒྱུན་མར་མཐོང་དུ་ཡོད།
ཉིན་རྒྱུན་ཕྱི་དྲོ་ཆུ་ཚོད་དྲུག་པ་ཙམ་ནས་བོད་སྐད་དང་། སམ་སྐྲི་ཏ། པཱ་ལིའི་སྐད་བཅས་ཀྱིས་འདུ་ཁང་ལྟེ་བར་ཆོས་འདོན་པའི་ལུགས་སྲོལ་ཞིག་འདུག་སྟེ། དེ་ནི་སྤྱིར་བཏང་བཤད་ན་ཡག་པོ་ཞིག་ཅི་ལ་མིན་ཏེ་ལོས་ཡིན་ཀྱང་། བོད་སྐད་ཐོག་འདོན་མཁན་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་ལྔ་དྲུག་ཞིག་འདུག ཁོང་རྣམ་པས་རྒྱང་གྲགས་ནང་སྐད་ཤུགས་ཆེ་ལ་མཛོ་སྐད་བརྒྱབ་ནས་རྟེན་འབྲེལ་བསྟོད་པ་འདོན་གྱིན་འདུག་ནའང་། སྐད་དེ་ནི་ཧྲག་ཀྱང་རྩུབ་པས་མཇལ་སྐོར་བ་མང་པོས་རྣ་བ་བཀབ་ནས་འགྲོ་བཞིན་པ་མཐོང་པར་མ་ཟད། ང་རང་རྟེན་འབྲེལ་བསྟོད་པ་ཅུང་ཙམ་རེ་འདོན་རྒྱུ་ཡོད་ཀྱང་ཁོང་ཚོ་དང་མཉམ་དུ་འདོན་ཐབས་རྩ་ནས་མི་འདུག་སྟེ། གཅིག་ནས་ཧྲག་ཀྱང་རྩུབ་པའི་མཛོ་སྐད་དེས་འདོན་བཞིན་པའི་ཚིག་མི་གསལ་བ་དང་། གཉིས་ན་རྣར་ཧ་ཅང་གཟན་པས་གཞན་ལ་ཐུགས་ཁག་ཅི་ཡོད་ཁོ་བོས་ཀྱང་ཐེངས་མར་པོར་རྒྱང་བསྒྲགས་ཉེ་སར་སླེབ་སྐབས་རྣ་ཁུང་མཛུབ་མོས་བཀབ་དགོས་བྱུང་། ཁོང་ཚོ་ཡང་ཐུགས་ཁག་མི་འདུག་སྟེ་ནང་དུ་ཞལ་འདོན་འདོན་སའི་གྲྭལ་དུ་ཞུགས་ཟིན་ན་དེ་ལྟ་བུའི་སྣང་ཚུལ་མངོན་གྱིན་མི་འདུག ང་ཚོ་བོད་ཀྱི་རྒྱུད་གྲྭ་སྟོད་སྨད་ཀྱི་གཙོས་དགོན་སྡེ་ཁག་གི་ཞལ་འདོན་སྐབས་ཀྱི་མཛོ་སྐད་དང་ཚིག་འབྲུ་རྩ་ནས་གོ་མི་ཐུབ་པའི་དབྱངས་རྟ་དེ་དག་ལ་དགེ་ཕན་ཅི་ཡོད་གསལ་བོ་མི་ཤེས་ཀྱང་། སྤྱིར་བཏང་གི་ཞལ་འདོན་ཚང་མས་འདོན་མི་ཐུབ་པ་དང་། གཞན་གྱི་རྣ་བར་གཟན་པ་ཞིག་ཡིན་པ་དངོས་མཐོང་རེད་འདུག་ན། ནང་པ་སྤྱིའི་གནས་ཆེན་འདི་ལྟ་བུར་ཞལ་འདོན་གནང་སྐབས་ཅུང་འཇམ་ལ་ལྷོད་པའི་གདངས་ཀྱིས་བཏོན་ན་གཞན་གྱི་རྣར་སྙན་པ་དང་། དད་པ་འཕེལ་བའི་གསོས་སུ་འགྱུར་རམ་སྙམ་པ་ཡང་སྐྱེས་སོ།།
གང་ལྟར་ཉིན་རྒྱུན་གྱི་ཕྱག་སྐོར་དང་སྨོན་ལམ་སྟར་ཆགས་ལྟ་བུའི་ངང་ཉིན་གྲངས་ཉི་ཤུ་ཙམ་དེ་མ་ཐག་ཏུ་རྫོགས་ཤིང་། དགའ་བཞིན་དུ་སྐྱོ་འགྲོ་བ་དང་། སྐྱིད་བཞིན་དུ་སྡུག་འགྲོ་བའི་སེམས་ཀྱི་རྟོག་པ་ཆུ་གཉེར་ལྟར་བརྩེགས་པའི་ངང་ཕྱིར་ལྷོ་ཕྱོགས་ལ་འགྲོ་བའི་ལྟ་གོན་ལ་ཞུགས་པ་ཡིན།། (མུ་འགོད།)
་་་་་་ ང་རང་རྟེན་འབྲེལ་བསྟོད་པ་ཅུང་ཙམ་རེ་འདོན་རྒྱུ་ཡོད་ཀྱང་ཁོང་ཚོ་དང་མཉམ་དུ་འདོན་ཐབས་རྩ་ནས་མི་འདུག་སྟེ། གཅིག་ནས་ཧྲག་ཀྱང་རྩུབ་པའི་མཛོ་སྐད་དེས་འདོན་བཞིན་པའི་ཚིག་མི་གསལ་བ་དང་། གཉིས་ན་རྣར་ཧ་ཅང་གཟན་པས་གཞན་ལ་ཐུགས་ཁག་ཅི་ཡོད་ཁོ་བོས་ཀྱང་ཐེངས་མར་པོར་རྒྱང་བསྒྲགས་ཉེ་སར་སླེབ་སྐབས་རྣ་ཁུང་མཛུབ་མོས་བཀབ་དགོས་བྱུང་། ་་་་་་་
་
མཛོ་སྐད་འདི། རྫོགས་སྐད་མིན་ནམ་ཅུང་ཟད་དཔྱད་དགོས་འདུག
དགེ་བཤེས་བློ་བཟང་དཔལ་ལྡན་ལགས་ཀྱིས་ཡག་པོ་བྲིས་འདུག རྣམ་གྲྭ་ཚོས་གྱེར་བཞིན་པའི་བརྟེན་འབྲེལ་བསྟོད་པའི་གདངས་ཆེ་དྲག་ན་ཁོང་ཚོར་ཞུས་དགོས་ངེས་རེད། དེ་མིན་ཁོང་ཚོས་དེ་མཁྱེན་ཀྱི་མེད་ཚོད་རེད། གཅིག་ནི་སྒྲ་གདངས་འཕྲུལ་ཆས་ཡིན་སྲིད། གཉིས་ནི་རྣམ་གྲྭ་ཚོར་སྐད་སྙན་མོ་མེད་པའང་སྲིད། གང་ལྟར་འཇམ་ཞིང་མཉེན་པ་ཞིག་གསུང་རོགས་ཞུས་དགོས་རེད། །
དགེ་བཤེས་བློ་བཟང་དཔལ་ལྡན་མཆོག་གིས་ཡིན་ལུགས་རྗེན་པར་གསུངས་པ་ལ་ཡི་རང། སྤྱིར་ཡང་དགེ་ལུགས་པའི་འདོན་པ་སྐྱོར་སྟངས་དེ་ལ་དགའ་མོས་དེ་ཙམ་མེད། ཞལ་འདོན་གྱི་དགོས་པ་ནི། ཇི་སྐད་དུ་ཕུང་པོ་གསུམ་པའི་མདོ་ལས། ཚིག་ཟབ་མོ་ཁ་ཏོན་དུ་བྱས་ཤིང་དོན་ཟབ་མོ་ཡིད་ལ་བསམས་པས་་་ཞེས་གསུངས་པ་ལྟར། དོན་ལ་བསམ་བཞིན་སྐྱོར་དགོས་ན། ཚིག་འབྲུ་མ་གསལ་ན་དོན་ཇི་ལྟར་གོ། དོན་མ་གོ་མ་བསམ་ན་ཞལ་འདོན་སྐྱོར་བའི་དགོས་བ་བརླགས་པ་མ་རེད་དམ། གདན་སའི་དབུ་མཛད་རྣམས་ངག་གི་རྫིག་ཉམས་ལ་དང་འདོད་ཆེ་དྲགས་ནས། མཉམ་དུ་སྐྱོར་བ་བོ་རྣམས་དང་གསན་པ་པོ་རྣམས་ཚིག་དོན་ཕུན་སུམ་ཚོགས་པའི་དམ་ཆོས་དོན་བཟང་གི་གླིང་གར་འཁྲིད་རྒྱུའི་ཚབ་ཏུ། ངག་གི་སྒྱུ་རྩལ་འགྲན་སྡུར་བྱ་སའི་གར་སྟེགས་ཀྱི་འགྲམ་དུ་འཁྲིད་ནས་འགྲོ་པར་འདུག དངོས་གནས་ཕྱི་གླིང་བ་དག དགེ་ལུགས་པའི་དབུ་མཛད་དག་གི་སྐད་སྦོམ་པོ་དང་ངག་རགས་པོ། དབུགས་ཐག་རིང་པ་བཅས་པ་ཧ་ལས་ལས་དང་ངོ་མཚར་མཚར་བྱེད་པ་བདེན་མོད། དེ་ནི་ཁོང་ཚོའི་བྱེད་ལུགས་འགྲོ་ལུགས་ཤིག་རེད། ང་ཚོ་དོན་ཟབ་མོ་ལ་ཞུགས་ཏེ།འདོན་པ་གང་ཡིན་མངོན་མཐོ་ངེས་ལེགས་ཀྱི་རྒྱུ་རུ་འགྲོ་བ་ཞིག་ཏུ་གལ་ཆེན་དོན་ཆེན་བྱེད་དགོས་མ་རེད་དམ། གདན་སའི་དབུ་མཛད་རྣམ་པས་བྱེད་ལུགས་ཀྱིས། གྲྭ་རྒྱུན་རྣམས་ཀྱིས་ཆོས་སྐྱོར་ཁག་བློར་བཟུང་རྒྱུགས་སྤྲད་དུ་ཟིན་ཀྱང་། འདུ་ཁང་དུ་དབུ་མཛད་ཀྱིས་འདོན་པ་སྣེ་འཁྲིད་ལུགས་ཀྱིས་གྲྭ་རྒྱུན་ལ་ལ་ཞིག་བློར་ཡོད་པའི་ཆོས་སྐྱོར་རྣམས་རིམ་པ་རིམ་པས་ངག་བྱང་དུ་འགྲོ་རྒྱུའི་ཚབ་ཏུ་ག་ལེ་ག་ལེར་བརྗེད་དེ་མགོ་འཁྱོངས་ན་མཇུག་མི་འཁྱོངས། མཇུག་འཁྱོངས་ན་མགོ་མི་འཁྱོངས། མགོ་མཇུག་གཉི་ག་འཁྱོངས་ཀྱང་དཀྱིལ་མི་འཁྱོངས་པ་ཞིག་ཏུ་གྱུར་པ་ཉུང་ཉུང་མ་རེད། ཆོས་བརྒྱུད་གཞན་གྱིས་ཞལ་འདོན་སྐྱོར་ས་རུ་མི་སྐྱ་ཕོ་མོ་རྣམས་བསྡད་གྱིན་བསྡད་གྱིན་དེ་གའི་ཞལ་འདོན་རྣམས་ངང་ངམ་ཤུགས་ཀྱིས་བློར་སོང་སྟེ་མཉམ་དུ་སྐྱོར་ནས་འགྲོ་ཐུབ་མཁན་གང་མང་མང་ཡོང་གི་ཡོད། འོན་ཀྱང་དགེ་ལུགས་པའི་ཞལ་འདོན་སྐྱོར་ས་རུ་ལོ་བརྒྱ་བསྡད་ཀྱང་ཁག་པོ་ཡིན་རྒྱུ་རེད། ཨ་ཙི། སྡིག་པ་བསག་ཉེན་ཆེ། དགེ་ལུགས་པའི་འདུས་སྡེ་ཐམས་ཅད་པ་དེ་ལྟ་བུ་ག་ལ་ཡིན་དེ་མ་ཡིན་ནོ། །ཞེ་འདོད་ནི་ཆོས་བརྒྱུད་གང་ཡིན་ཀྱང་རུང་། ཞལ་འདོན་སྐབས་སུ་ཚིག་འབྲུ་གཅིག་ཡིན་ཀྱང་གཡས་གཡོན་དད་ལྡན་ཀུན་གྱི་རྣ་ཡིད་གཉིས་ལ་འཇུག་པོ་ཞིག་བྱ་རྒྱུ་དེ་དོན་གྱི་གཙོ་བོར་འཛིན་དགོས་སྙམ་མོ། །
གསལ་བཤད་་་་་་་་་་་་་་་་་་་་་་་་་་་་་་་་་་་་དེང་དུས་ལོ་རྒྱུས་སྨྲ་བ་ཚོའི་བཤད་ཚུལ་ལྟར་ན། བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས་དུས་ཡུན་རིང་པོའི་བར་བཅོམ་ལྡན་འདས་ཀྱི་སྐུ་བརྙན་བཞེངས་པའི་སྲོལ་མ་བྱུང་བར་འདོད་ལ། སྟོན་པའི་སྐུ་བརྙན་བཞེངས་པའི་དུས་ནི་སྤྱི་ལོ་དུས་རབས་དང་པོའི་མཇུག་ཙམ་ལ་བྱུང་བར་འདོད་ཀྱི་ཡོད་ལ། དེ་ཡང་གྷི་རིག་པས་རྒྱ་གར་ལ་བཙན་འཛུལ་བྱས་རྗེས་གྷི་རིག་པའི་རིག་གནས་ཀྱི་ཤན་ཤུགས་འོག་བྱུང་བར་བཤད། དེ་ལ་གནའ་རྫས་རིག་པ་དང་། རྩོམ་རིག་ལོ་རྒྱུས་སོགས་ཕྱོགས་མང་པོ་ནས་སྒྲུབ་བྱེད་གནད་ཆེ་བ་མང་པོ་འགོད་ཀྱི་འདུག
་་་་་་་་་་་་་གོང་དུ་བཀོད་པ་ལྟར་གཞན་གྱི་ལོ་རྒྱུས་འཁྱོག་བཤད་གྱི་ལམ་སྲོལ་འདི་དང་འདི་ལྟ་བུ་ལ་ཆབ་སྲིད་དང་ཆོས་ལུགས་ཀྱི་རྒྱབ་ལྗོངས་གཏིང་ནག་པོ་མང་པོ་འདུག་པས་ང་ཚོས་གཟབ་ནན་ཞིབ་འཇུག་མི་འཐུད་བྱེད་དགོས་པ་ལས་གཡོམ་བརྒྱུག་གཏན་ནས་བྱེད་མི་རུང་།
ཆབ་སྲིད་དང་ཆོས་ལུགས་ཕྱོགས་རེས་ཀྱི་དབང་གིས་ལོ་རྒྱུས་འཁྱོག་བཤད་སྨྲ་མཁན་འགའ་ཞིག་གི་བསམ་ཚུལ་ནི། དཔེར་ན་སྔོན་ཆད་རྒྱལ་པོའི་ཕོ་བྲང་ལས་མཐོ་བའི་ཁང་པ་མི་དམངས་ཀྱིས་བརྩིག་མི་ཆོག་པ་བཞིན་དུ།
ནུབ་ཕྱོགས་མི་རིགས་ཀྱི་སྔོན་དུ་བྱུང་བའི་མི་རིགས་གཞན་གྱི་ཤེས་རིག་ཡར་རྒྱས་ལོ་རྒྱུས་སམ། ཡང་ན་ཡེ་ཤུའི་ཆོས་ལུགས་ཀྱི་སྔོན་དུ་བྱུང་བའི་ཆོས་ལུགས་གཞན་གྱི་ཤེས་རིག་ཡར་རྒྱས་ལོ་རྒྱུས་སོགས་ལ་འཁྱོག་བཤད་ཆེན་པོ་བཟོས་དང་བཟོ་བཞིན་པ་ནི་དེང་སང་རྒྱ་དམར་གཞུང་གིས་བོད་ཀྱི་ལོ་རྒྱུས་རྣམས་སྒོ་ཀུན་འཁྱོག་བཤད་བྱས་དང་བྱེད་བཞིན་པ་ལྟ་བུ་རེད།
དཔེ་མཚོན་ཙམ་བཀོད་ན། སངས་རྒྱས་བཅོམ་ལྡན་འདས་ལིམྦའི་ཚལ་དུ་སྐུ་འཁྲུངས་ནས་མི་ལོ་ཉིས་སྟོང་དགུ་བརྒྱ་བདུན་བཅུ་དོན་དྲུག་ལྷག་ཡིན་པའི་བདེན་དཔང་ལོ་རྒྱུས་ཚན་རིག་དང་གནའ་རྫས་ཚན་རིག་སོགས་ཀྱིས་བདེན་བྱེད་ཐུབ་ན་ཡང་ཕྱོགས་ལྷུང་ཅན་གྱི་ལོ་རྒྱུས་སྨྲ་བ་ཚོས་ད་དུང་ཨུ་ཚུགས་ཁོ་ནས་ཁས་ལེན་བྱེད་ཀྱི་མེད། འོན་ཀྱང་དངོས་བྱུང་ལོ་རྒྱུས་ནི་དབང་འབྱོར་དང་ཧོམ་ཤེད་གྱིས་བཅོས་སུ་མི་རུང་བས་ང་ཚོས་གཟབ་ནན་ཀྱིས་ལོ་རྒྱུས་ལ་སློབ་སྦྱོང་དང་ལོ་རྒྱུས་ལ་བརྩི་སྲུང་བྱེད་དགོས་སོ།
གྲྭ་ཚང་དགེ་བསྐོས་ཟེར་གོ་མྱོང་ལས་ཁང་ཚན་དགེ་བསྐོས་ཟེར་དེ་རིང་མ་གཏོགས་མྱོང་མེད། རྭ་བློ་ཁང་ཚན་གྱི་དགེ་བསྐོས་དང་ཁང་ཚན་གྱི་མཁན་པོ་བྱེད་མྱོང་ཡོད་པ་འདྲ་ཧཧཧཧ
གོ་མྱོང་མེད་ལ་བཅོས
ལྷོ་བརྒྱུད་ནང་བསྟན་ལ་རྡོར་གདན་མཆོད་རྟེན་ཆེན་མོ་དེ་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པའི་ལོ་རྒྱུས་གྲགས་ཆེ་བར་འདུག རྡོར་གདན་སྒོ་ཆེན་འགྲམ་གྱི་གནས་བཤད་ཡི་གེ་ནའང་དེ་ཁོ་ན་ལྟར་བཀོད་པ་ལས། བྲམ་ཟེའི་བུས་བཞེངས་པ་ལྟ་བུ་བཤད་ཡམ་གཉིས་པ་ཞིག་མཐོང་རྒྱུ་མི་འདུག
དྲང་སྲོང་། དྲང་བོར་སྲོངས་ཤིག། གྲྭ་ཚང་ལ་གྲྭ་ཚང་དགེ་བསྐོས་ཡོད་པ་རེད་ལ། ཁམས་ཚན་ལ་ཁམས་ཚན་དགེ་བསྐོས་ཡོད་པ་རེད། དེ་མིན་ཁམས་ཚན་མཁན་པོ་ཟེར་བ་ཞིག་གོ་མ་མྱོང་། མྱོང་ན་སེ་འབྲས་དགའ་གསུམ།
ཁང་ཚན་སོ་སོའི་ལོ་གཅིག་གི་བསྒྲིག་ལམ་ཀུན་སྤྱོད་དང་བསླབ་པ་སློབ་གཉེར་སོགས་ལྟ་རྟོག་བྱེད་མཁན་དེ་ལ་ཁང་ཚན་རྒན་ཟེར་ནས་སེ་འབྲས་དགའ་གསུམ་ལ་ཡོངས་སུ་གྲགས་པ་རེད་དེ་ལ་ཁང་ཚན་དགེ་བསྐོས་ཟེར་ནས་ད་ཕན་རྣ་བར་གོ་མྱོང་མེད། གཏམ་གོ་ན་རྣ་བའི་བུ་རམ་ཡིན།