ཨ་ནུ་ཐང་བསོད་ནམས།
འཇར་མན་གྱི་ཚགས་ཤོག་སྟེང་དུ་བདུན་ཕྲག་སྔོན་མའི་ནང་དུ་དབྱིན་ཇི་ཡི་སྲིད་བློན་ཏཱ་ར་ས་མཱ་ཡིས་དང་ཡོ་རོབ་ཀྱི་སྲིད་འཛིན་ཡོན་ཁོ་གཉིས་གཙོ་བོ་བྱས་བའི་དབུ་ཁྲིད་རྣམས་དབྱིན་ཇིའི་རྒྱལ་ས་ལི་གྲོན་དུ་དགོང་ཇ་ཡི་ཐོག་ཏུ་ཐུག་འཕྲད་གནང་སྐབས་སུ། གྲོས་ཁ་མ་འཆམ་པ་གནད་དོན་གང་ཞིག་གི་ཐོག་ལ་གྲོས་མོལ་བྱེད་མི་ཐུབ་འདུག ཡིན་ཡང་། དབྱིན་ཇིའི་སྲིད་བློན་དང་། ཡོ་རོབ་སྲིད་འཛིན་གཉིས་ཀས་དགོང་ཇའི་རྗེས་སུ་གསར་འགོད་པ་ལ་ཐུག་འཕྲད་དེ་གྲུབ་འབྲས་ཡོད་པའི་རང་བཞིན་ཞིག་བྱུང་ཚུལ་བརྗོད་འདུག
འོན་ཀྱང་། རྗེས་སུ་འཇར་མན་གྱི་ཚགས་ཤོག་ཐོག་ཏུ་ཟླ ༤ ཚེས ༢༤ ཉིན་གྱི་ཁོ་གཉིས་ཀྱི་ཐུག་འཕྲད་ཀྱི་གསང་བ་ཐམས་ཅད་ཞིབ་ཕྲའི་ངང་ནས་ཕྱི་རུ་བཏོན་ཞིང་། དགོང་ཇའི་སྟེང་དུ་གྲོས་ཁ་མ་འཆམ་པ་ཁོང་ཁྲོ། ཁོ་གཉིས་ཕན་ཚུན་བློ་ཕམ་གྱི་ངང་ནས་སོ་སོར་གྱེར་དགོས་བྱུང་འདུག གླེང་མོལ་གྱི་སྐབས་སུ་དབྱིན་བློན་གྱིས་ཡོ་སྲིད་ལ་དབྱིན་ཇི་ཡོ་རོབ་ནས་ལོགས་སུ་ལམ་ལྷོང་ལྡན་པའི་ངང་ནས་ཐོན་དུ་འཇུག་རོགས་ཞེས་ནས་བསམ་ཚུལ་བཏོན་འདུག ཡོ་རོབ་སྲིད་འཛིན་གྱིས་ལན་དུ་དབྱིན་ཇི་དེ་ལྟར་ལམ་ལྷོང་ལྡན་པའི་སྒོ་ནས་ཐོན་ཐུབ་ཀི་མ་རེད། ཐོན་པའི་སྔོན་འགྲོའི་སྐད་ཆ་འགོ་བཙུགས་དགོས་ན། ཡོ་སྒོར་ཐེར་འབུམ ༦༠ འམ ༡༠༠ བར་དུ་སྤྲད་དགོས་ཚུལ་གྱི་བསམ་ཚུལ་བཏོན་འདུག དབྱིན་བློན་གྱིས་ལན་དུ་དབྱིན་ཇི་ཡིས་ཡོ་རོབ་ལ་སྐར་གཅིག་གི་བུ་ལོན་བཟོས་མེད་པས། སྐར་གཅིག་ཀྱང་སྤྲད་རྒྱུ་མིན་ཚུལ་བརྗོད་འདུག ཡོ་རོབ་སྲིད་འཛིན་གྱིས་ང་དང་པོ་འདི་རུ་ཡོང་སྐབས་སུ་གནད་དོན་གྱི་སྒང་ལ་གྲོས་མོལ་འགྲོ་རྒྱུའི་རེ་བ་ཡོད་ཀྱང་། ད་ནི་སྔ་ལས་དོགས་པ ༡༠% ཡིས་ཆེ་རུ་ཕྱིན་ཚུལ་དང་།གལ་སྲིད་དབྱིན་ཇི་ཡིས་སྐར་གཅིག་ཀྱང་སྤྲད་རྒྱུ་མིན་ན། གྲོས་གཞི་གང་ཞིག་ཐོག་ཏུ་སྐད་ཆ་བཤད་རྒྱུ་མིན་བརྗོད་ནས་ལམ་ལྷོང་མེད་པའི་ངང་ནས་སོ་སོར་གྱེར་དགོས་བྱུང་འདུག
གནས་ཚུལ་དེ་ནི་གསར་འགོད་པས་དབྱིན་བློན་ལ་བདེན་པ་ཡིན་མིན་གྱི་སྐོར་ལ་སྐད་ཆ་དྲིས་སྐབས་སུ་མོས་དེ་ནི་དཀྲོག་གཏམ་ཡིན་པས་བདེན་པ་མིན་ཚུལ་དང་། དགོང་ཇ་ཡི་གྲོས་མོལ་ནི་འབྲས་བུ་ལྡན་པའི་རང་བཞིན་ཞིག་བྱུང་ཡོད་ཚུལ་ཡོ་རོབ་སྲིད་འཛིན་གྱིས་ཉེ་ཆར་བརྗོད་པ་བཞིན་ཡིན་ཚུལ་བརྗོད་འདུག འོན་ཀྱང་། གསང་བ་དེ་འགོག་མ་ནུས་བ་གཟའ་ལྷག་པའི་ཉིན་དབྱིན་བློན་གྱིས་དགོང་ཇ་ལམ་ལྷོང་མ་བྱུང་བ་ངོས་ལེན་གནང་བ་དང་། དགོང་ཇའི་གནས་ཚུལ་གྱི་གསང་བ་རྣམས་ཕྱི་ཕྱོགས་སུ་སྤེལ་མཁན་ནི་ཡོ་རོབ་ཀྱི་ཆབ་སྲིད་པ་ཁག་ཅིག་ཡིན་ཞིང། ཁོ་ཚོས་ཆེད་མངགས་ཀྱིས་དབྱིན་ཇིའི་འོས་བསྡུ་ལ་ཤུགས་རྐྱེན་སྤྲད་ཐབས་དང་། ལྷག་པར་དུ་དབྱིན་ཇི་ཡོ་རོབ་ནས་ལོགས་སུ་ཐོན་པར་ལམ་ལྷོང་འགྲོ་རུ་བཅུག་འདོད་མེད་པས་ཡིན་ཚུལ་བརྗོད་འདུག་ཁར། མོས་ད་དུང་ཡིན་ཡང་། གྲོས་མོལ་མེད་པ་ནི་གྲོས་མོལ་ངན་པ་བྱས་བ་ལས་ཀྱང་ཡག་ཚུལ་ལ་ཡིད་ཆེས་ཡོད་ཚུལ་གྱིས་གྲོས་མོལ་ལམ་ལྷོང་མ་བྱུང་ན་གྲོས་མོལ་མེད་པ་ཡོ་རོབ་ནས་ལོགས་སུ་ཐོན་རྒྱུ་ཡི་བརྡ་བསྟན་འདུག འོན་ཀྱང་། མོས་གང་ཐུབ་ཀྱིས་གྲོས་མོལ་ལམ་ལྷོང་ལྡན་པའི་ངང་ནས་བྱེད་རྒྱུའི་འདོད་པ་ཡོད་ཚུལ་དང་། ལྷག་པར་དུ་དབྱིན་ཇི་ཡོ་རོབ་ནས་ཐོན་རྒྱུ་ནི་དཀའ་རྙོགས་ཀྱི་རང་བཞིན་ཞིག་ཡིན་པས། གྲོས་མོལ་དེ་ལམ་ལྷོང་ཡོང་ཆེད་དུ་དབྱིན་མི་ཚོས་མོ་ལ་དབང་ཆ་མང་དུ་སྤྲད་ནས་རྒྱབ་སྐྱོར་གྱི་འོས་ཤོག་མང་དུ་བླུགས་རྒྱུའི་རེ་བ་ཞུས་འདུག མོས་ད་ལྟའི་བར་དུ་གྲོས་མོལ་ནི་དཀའ་རྙོགས་ལྡན་པ་ཞིག་རེད་ཅེས་ནས་བརྗོད་མྱོང་མེད་པས་དབྱིན་ཇི་ཡི་ཉམས་ཞིབ་པ་མང་པོ་གནད་དོན་དེ་ལ་སེམས་འཁུར་བྱེད་ཀྱི་འདུག
གྲོས་ཁ་མ་མཐུན་པའི་གནས་སྟངས་དེ་དང་པོར་གསང་བ་བྱས་ཡོད་ཀྱང་གསང་བ་ཕྱི་ལ་ཤོར་ནས། འཇར་མན་གྱི་ཚགས་ཤོག་སྟེང་དུ་གསང་བ་ཡོད་ཚད་ཕྱི་རུ་ཐོན་པས། དབྱིན་ཇིའི་ཡོ་ཐོན Brexit དྲུང་ཆེ་སྒྲ་ཝེ་སྒྲི་ཡིན་ཡང་གནས་ཚུལ་དེ་བདེན་པ་ཡིན་ཚུལ་གྱི་གསལ་བཤད་མི་བྱེད་ཐབས་མེད་ཆགས་པས་བྱས་འདུག་ཅིང་། ཁོས་ཡོ་རོབ་ཀྱིས་དེ་ལྟར་སྒོར་མོ་མང་པོ་དགོས་བའི་ཆ་རྐྱེན་བཏོན་པ་ནི་དྲང་མོ་མིན་པས། གྲོས་མོལ་མེད་པ་དབྱིན་ཇི་ཡོ་རོབ་ནས་ཕྱི་རོལ་ཏུ་ཐོན་དགོས་ཚུལ་དང་། ཐོན་པ་ལ་ང་ཚོ་ལ་གཤིས་རྒྱུད་རྒོད་པའི་དབུ་ཁྲིད་སྲིད་བློན་མཱ་ཡས་ཡོད་པས། དེ་ནི་ང་ཚོས་བསོད་ནམས་ཤིག་ཡིན་པས། མོ་ལ་འོས་ཤོག་མང་དུ་བླུགས་རྒྱུའི་རེ་བ་བཏོན་འདུག འོན་ཀྱང་། དེ་ལྟར་ཐོན་རྒྱུ་དབྱིན་མི་མང་ཤོས་ཀྱིས་ད་དུང་འདོད་པ་བྱེད་ཀྱི་མེད་ཁར། ཐོན་པ་ཡིན་ན། ཡོ་རོབ་སྤྱི་དང་། ལྷག་པར་དུ་དབྱིན་ཇི་ལ་དཔལ་འབྱོར་གྱི་གྱོང་གུད་ཤུགས་ཆེན་ཕོགས་པ་མ་ཟད། དབྱིན་མི་ཡོ་རོབ་ཏུ་འདུག་མཁན་ས་ཡ་གཅིག་དང་ལྷག་ལ་དཀའ་ངལ་འཕྲད་རྒྱུ་དང་། དེ་བཞིན་ཡོ་མི་ས་ཡ་གསུམ་ཙམ་དབྱིན་ཡུལ་དུ་འདུག་མཁན་རྣམས་ལ་ཐད་ཀར་གྱོང་གུད་ཕོགས་རྒྱུ་རེད་འདུག གནས་ཚུལ་དེ་ལ་ཡོ་སྲིད་ཀྱིས་ཕྱི་ལ་ཐོན་མཁན་དེ་ནང་ལ་ཡང་སྐྱར་ཡོང་གི་རེད་ཅེས་ནས་སྡོམ་ཚིག་བཀོད་འདུག
མ་གཞི་དབྱིན་ཇིའི་ཡོ་ཐོན་པ་རྣམས་ཀྱིས་དབྱིན་ཇི་ཡོ་རོབ་ནས་ལོགས་སུ་ཐོན་རྒྱུ་ནི་སླ་བོ་ཞིག་ཏུ་ངོས་འཛིན་བྱས་ཡོད་ཀྱང་། ཡོ་རོབ་ཀྱིས་ཁོ་ཚོའི་འདོད་པ་བཞིན་ཁེ་ཕན་ཀུན་སྤྲད་ཅིང་། གྱོང་གུད་དམ་འགན་འཁུར་འཁྱེར་མི་དགོས་བའི་བྱ་སྤྱོད་ལ་ངོས་ལེན་གནང་གི་མེད་ཁར། དབྱིན་ཇི་ཡོ་རོབ་ནས་ཐོན་གླ་རུ་ཡོ་སྒོར་ཐེར་འབུམ་བརྒྱ་ཡི་བར་དུ་སྤྲོད་དགོས་ཞེས་ནས་བསམ་ཚུལ་བཏོན་འདུག མ་ཟད་དབྱིན་ཇི་ཡོ་རོབ་ནས་ཐོན་པ་ཡིན་ན། ཏུར་ཁུ་ལྟ་བུའི་འབྲེལ་ལམ་ཉར་རྒྱུའི་རེ་བ་མེད་ཚུལ་བརྗོད་མཁན་འདུག དེ་སྔོན་ཡོ་སྒོར་ཐེར་འབུམ ༦༠ བར་དུ་སྤྲོད་དགོས་ཚུལ་གྱི་རེ་བ་བཏོན་ཡོད་ཀྱང་། ད་ལྟ་ས་ཡ་བརྒྱ་ཡི་བར་དུ་སྤྲོད་དགོས་ཚུལ་གྱི་ཆ་རྐྱེན་བཏོན་འདུག དེ་ལ་རྒྱུ་མཚན་མང་པོ་ཞིག་ཡོད་ཀྱང་གཙོ་བོ་གཅིག་ནི་དབྱིན་ཇི་ཡིས་ད་ལྟ་སྐྱབས་བཅོལ་བ་འགོག་ཆེད་དང་། ཉར་བྱེད་དུ་ཏུར་ཁི་ལ་ཡོ་སྒོར་ཐེར་འབུམ ༢.༥ བཏང་གི་ཡོད་ཀྱང་། ཡོ་རོབ་ནས་ཐོན་པ་ཡིན་ན་གནས་ཚུལ་ག་འདྲ་བྱེད་དགོས་མིན་གྱི་ཐག་གཅོད་བྱེད་དགོས་ཁར། ཏུར་ཁུ་ཡིས་ད་དུང་ཡང་ཡོ་རོབ་ལ་སྒོར་མོ་མང་དུ་དགོས་བའི་རེ་བ་བཏོན་གྱི་ཡོད་པ་སོགས་ཀྱིས་ཡིན་འདུག
དེ་ལས་ཀྱང་རྒྱུ་མཚན་གལ་ཆེན་ཞིག་ནི་ཡོ་རོབ་ཀྱིས་ཆེད་མངགས་ཀྱིས་དབྱིན་ཇི་ལྟར་ཡོ་རོབ་ཀྱི་ནང་ནས་ཐོན་མཁན་གཞན་མི་འབྱུང་རྒྱུའི་ཆེད་དུ་རེད་ལ། ད་ལྟ་ཧྥ་རན་སིའི་འོས་བསྡུ་ཡི་གནད་འགག་གི་སྐབས་སུ་ཐུག་ཡོད་པས། ཡོ་མནའ་ཡིས་རང་གི་མཐུན་ཕྱོགས་མ་ཁི་རོན་ལ་ཧྥ་རན་སིའི་སྲིད་འཛིན་ཐོབ་རྒྱུའི་ཆེད་དུ་ཡིན་འདུག རྒྱུ་མཚན་ནི། དབྱིན་ཇི་ལ་ཆ་རྐྱེན་ཡག་པོ་སྤྲད་ནས་ཕྱི་རོལ་ཏུ་ཐོན་དུ་བཅུག་པ་ཡིན་ན། དེ་བཞིན་ཁེ་ཕན་དགོས་ཤིང་། གྱོང་འཁུར་འདོད་མེད་པའི་རྒྱལ་ཁབ་རྣམས་རེ་རེ་བཞིན་ཐོན་པས་ཡིན་འདུག དེ་བརྟེན། ཡོ་རོབ་ཀྱིས་གཞན་རྣམས་ཐོན་དུ་མི་འཇུག་རྒྱུའི་ཆེད་དུ་དབྱིན་ཇི་ལ་དབྱིན་ཇིའི་འདོད་པ་བཞིན་ཡོ་རོབ་ཀྱི་ཚོང་དོན་ནང་དུ་ཞུགས་ཏེ་ཁེ་ཕན་བླངས་ཤིང་། ཡོ་མི་རྣམས་ཡུལ་དེར་ཡོང་རྒྱུ་དང་། ལྷག་པར་དུ་དབྱིན་ཇི་ནང་དུ་ལས་ཀ་བྱེད་རྒྱུ་ཐོབ་ཐང་མི་སྤྲད་པའི་བསམ་ཚུལ་ལ་ངོས་ལེན་བྱེད་ཀྱི་མི་འདུག
དགོངས་ཇའི་ཐོག་གི་གསང་བ་དེ་ཕྱི་ལ་སྐྱེལ་མཁན་ནི་ཡོ་རོབ་ཀྱི་ཆབ་སྲིད་པ་ཁག་ཅིག་ཡིན་པ་སྨོས་མེད་ཡིན་ཡང་། དེ་དག་ལས་ཀྱང་དོགས་པ་ཟ་ས་གཙོ་བོ་ཞིག་ནི་ཡོ་རོབ་སྲིད་འཛིན་རེད་འདུག ཁོས་ཆེད་མངགས་ཀྱིས་དབྱིན་མི་རྣམས་དབྱིན་ཇིའི་སྲིད་བློན་གྱི་མགོ་སྐོར་འོག་ཏུ་མི་ཚུད་རྒྱུའི་ཆེད་དང་། ཟླ་རྗེས་མའི་ནང་དུ་ཐོན་བཞིན་པའི་དབྱིན་ཇིའི་འོས་བསྡུ་ལ་ཤུགས་རྐྱེན་ཐེབས་ཆེད། ལྷག་པར་དུ་ད་ལྟ་འགྲོ་བཞིན་པའི་དེ་རིང་ཏེ། ཟླ ༥ ཚེས ༧ ཉིན་ཐག་གཅོད་ཡོང་རྒྱུའི ཧྥ་རན་སིའི་འོས་འཕེན་པ་རྣམས་ལ་ཡོ་རོབ་དང་གྱེར་ན། ལས་སླ་བོ་ཞིག་མེད་ཚུལ་དང་། ཁེ་ལས་གྱོང་ཆེ་བ་སྟོན་ཆེད་དུ་ཡིན་འདུག
རྒྱུ་མཚན་ནི། གཟའ་པ་སངས་ཉིན་ཡིན་ཡང་ཡོ་རོབ་སྲིད་བློན་གྱིས་དབྱིན་སྐད་ནི་ཡོ་རོབ་ཀྱི་ནང་དུ་གལ་ཆེན་གྱི་སྐད་ཡིག་ཡིན་པ་ཉམས་འགོ་ཚུགས་རྒྱུ་ཡིན་ཚུལ་དང་། ཁོ་ལྟ་བུ་ཡིན་ཡང་། ད་ནི་དབྱིན་སྐད་ལས་ཧྥ་སྐད་བདམས་རྒྱུ་ཡིན། དེའི་རྒྱུ་མཚན་ནི་ཧྥ་རན་ནང་དུ་ད་ལྟ་འོས་བསྡུ་འགྲོ་བཞིན་ཡོད་པས། ཧྥ་རན་སིས་མི་མང་གིས་ངའི་སྐད་ཆ་དེའི་དོན་རྟོགས་པ་ཡོང་རྒྱུའི་རེ་བ་ཡོད་ཅེས་ནས་རྒྱལ་སྤྱིའི་གསར་འགོད་པ་ཚོ་ལ་བརྗོད་འདུག དེ་ནི་ཡོ་རོབ་སྲིད་འཛིན་གྱིས་ངོས་སུ་ཧྥ་རན་སིའི་འོས་བསྡུ་ལ་དམིགས་ནས་སྐད་ཆ་བཤད་པ་གཉིས་པ་དེ་ཆགས་ཡོད། འདི་ནི་ཡོ་མནའ་ཡི་གོམས་སྲོལ་དང་འགལ་བའི་སྐད་ཆ་ཞིག་རེད་ལ། ནམ་རྒྱུ་ཡིན་ན་ཡོ་སྲིད་ཀྱིས་རང་གི་འཐུས་མི་རྒྱལ་ཁབ་ཚོའི་འོས་བསྡུ་ལ་ཡག་སྡུག་གི་སྐད་ཆ་བཤད་མྱོང་མེད། འོན་ཀྱང་། ད་ཐེངས་གནང་བ་འདིས་ཧྥ་རན་སིའི་འོས་བསྡུ་ནི་ཡོ་རོབ་ཀྱི་ཤི་གསོན་དང་འབྲེལ་བས་རེད་འདུག
http://www.independent.co.uk/news/uk/politics/theresa-may-brexit-uk-economy-security-risk-british-people-leave-eu-children-a7716751.html?cmpid=facebook-post
http://www.telegraph.co.uk/news/2017/05/02/eus-brazen-brexit-dinner-leak-will-backfire/
http://www.independent.co.uk/news/uk/politics/jean-claud-juncker-brexit-uk-eu-english-language-french-brexit-theresa-may-commission-a7719151.html
https://youtu.be/DAQ6at69c8Y
https://youtu.be/2qfxxQ4eN7w
http://www.telegraph.co.uk/news/2017/04/28/revealed-eu-expanding-scope-britains-brexit-bill-include-refugees/
http://www.trtworld.com/europe/merkel-says-uk-should-have-no-illusions-over-brexit-deal-344378?amp