སེར་བྱེས་དགེ་བཤེས་རྭ་རྒྱ་བློ་བཟང་དཔལ་ལྡན།
གཅིག བྲེལ་འཚུབ་ཆེ་བའི་ལྡོམ་པོ།
ཁོ་བོ་སྤྱི་ལོ་༡༩༩༣ ལོར་རྒྱ་གར་དུ་འབྱོར་བ་ནས་ད་ལྟའི་བར་གྱི་ལོ་ཉི་ཤུ་ལྷག་གི་དུས་ཡུན་ཕལ་མོ་ཆེར་དགོན་པ་ནས་བསྡད་ཅིང་། དེ་ཡང་ཚོགས་ཆོས་ར་འགྲིམས་པ་དང་། འཛིན་སྐྱོར་སྦྱོང་བྱེད་པ། གཞུང་ལུགས་འཆད་ཉན་དང་དཔེ་ཀློག་ཅི་རིགས་ཀྱིས་དུས་ཡུན་ཕལ་ཆེ་བ་ཟད་ཅིང་། མཚམས་རེར་༸གོང་ས་མཆོག་གི་གསུང་ཆོས་སུ་རྡ་ས་དང་། རྡོ་རྗེ་གདན། ལྷོ་ཕྱོགས་མོན་གྷོ་ཊིར་བསྐྱོད་པ་སོགས་ནི་ས་ཐག་རྒྱང་ཆེས་རིང་ཤོས་ཡིན། སྟོང་ལོ་གསར་པ་ཚེས་པའི་ལོ་ངོ་འགའ་ཤས་རིང་བོད་གཞིས་བྱེས་གཉིས་སུ་རང་དབང་རྩོད་ལེན་གྱི་མེ་ལྕེ་དགུང་ལ་མཆེད་མགོ་བརྩམས་ཤིང་། རྩོམ་རིག་དང་། གླུ་གཞས། མང་ཚོགས་ཀྱི་གཏམ་བརྗོད་སོགས་རྣམ་འགྱུར་གང་ལ་ལྟོས་ཀྱང་ད་ནི་མི་འགྱངས་པར་རང་དབང་རྩོད་ལེན་གྱི་རྦ་རླབས་དཔག་དཀའ་བ་ཞིག་འབར་བར་གདོན་མི་ཟ་བའི་སྣང་ཚུལ་རྒྱུན་མར་མཐོང་རྒྱུ་ཡོད་པས། རང་ཉིད་ཀྱང་རང་དབང་རྩོད་ལེན་གྱི་ལས་འགུལ་བསླངས་ནས་བཙན་བྱོལ་དུ་འོང་བ་ཡིན་པས། སྤྱི་ཚོགས་ཁྲོད་ཀྱི་འབར་ལ་ཉེ་བའི་རང་དབང་རྩོད་ལེན་གྱི་མེ་ལྕེ་དེ་རང་དགར་འཆི་རུ་འཇུག་མ་འདོད་པར་འཐབ་གྲོགས་ཁ་ཤས་ཀྱིས་གྲོས་མོལ་བརྒྱུད་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་བཙུགས་ཤིང་། ལོ་ཤས་རིང་ཚོགས་པ་དེའི་འགན་ཁུར་པ་དང་། སེར་བྱེས་གྲྭ་ཚང་གི་གྲོས་ཚོགས་འཐུས་མི་བྱས་པ་སོགས་རིག་གཞུང་དང་སྤྱི་ཚོགས་ལ་ཕན་པའི་ཞབས་ཞུའི་ལས་སྣ་སྐོར་རེ་བསྒྲུབས་པ་སོགས་མདོར་ན་ལོ་ངོ་ཉི་ཤུ་ལྷག་གི་ཡུལ་གྱར་བའི་འཚོ་བ་འདི་ཚོར་སྣང་ཙམ་དང་མིག་འཛུམ་གྱི་སྣང་བའི་ཁྲོད་ཁད་ཀྱིས་ཟད།
དེ་ལྟར་སྣང་ལ་མ་ངེས་པའི་དུས་ཀྱི་བགྲོད་པ་སྤྱི་ལོ་༢༠༡༠ ལོར་ཐོན་པ་ན། བདག་གི་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་སྦྱོང་གི་འཛིན་གྲྭ་ཡང་ཕལ་ཆེར་མཐར་ཕྱིན་ལ་ཉེ་ཞིང་། སེར་བྱེས་མཁས་སྙན་གྲྭ་ཚང་དང་ཁམས་ཚན་ནས་འགན་དུ་བསྩལ་བའི་ལས་འགན་ཀྱང་མང་པོ་ཞིག་ཁུར་ཟིན་ཏེ། ཅུང་ལྷོད་སྡོད་ཀྱི་དུས་སྐབས་ཤིག་ལ། ཕུ་བོ་ཨ་ཀ་རིན་པོ་ཆེ་དང་། མགོན་ཤུལ་མཆོག་སྤྲུལ་རིན་པོ་ཆེ་རྣམ་གཉིས་ཀྱི་གོ་སྒྲིག་འོག་ངེད་ཅག་གི་ཨ་མ་དྲིན་མོ་ཆེ་ཐའེ་ཝན་དུ་ཕེབས་རྒྱུ་དང་། ཁོ་བོ་ཡང་ཐའེ་ཝན་དུ་བསྐྱོད་དེ་ཨ་མ་དྲིན་མོ་ཆེ་དང་། ཕུ་བོ་མགོན་ཤུལ་མཆོག་སྤྲུལ་དང་། ཨ་ཀ་མཆོག་སྤྲུལ། ཚ་བོ་བསྟན་འཛིན་ནོར་རྒྱས་བཅས་ལ་ཐུག་སྟེ། ལོ་ངོ་མང་པོའི་རིང་གི་ཁ་བྲལ་གྱི་སྐྱོ་སྡུག་དང་། འཚོ་བའི་གནས་སྟངས། སློབ་སྦྱོང་དང་མི་ཚེའི་མཐོང་ཐོས་མྱོང་གསུམ་སོགས་ཕན་ཚུན་ལྷུག་པོར་བརྗོད་དེ་སྡུག་ཡུས་ཀྱིས་ནོན་པའི་སེམས་པར་དགའ་སྤྲོའི་སྐྱོ་སངས་ཐེངས་གཅིག་བྱུང་ཞིང་།
བདག་ལ་མཚོན་ན་རིང་ལ་ཐུང་བའི་མི་ཚེའི་ནང་འདི་འདྲ་ལས་ལྷག་པའི་དགའ་དགོས་པའི་གནས་ཚུལ་གཞན་ཡོད་རེ་སྐན་སྙམ་པའི་སེམས་ཚོར་བྱུང་ཞིང་། སྔོན་ཡིན་ན་བར་དུ་རི་ཆུ་ཁྲི་སྟོང་གིས་ཆོད་པའི་ཕ་མ་ཚོའི་སྐད་ལ་ཉན་བསམ་ན་ཁ་པར་བརྒྱུད་ནས་ཅུང་ཙམ་ཉན་པ་ལས་ཐབས་གཞན་མེད་པས་སྐབས་འདིར་ནི་དེ་ལྟར་མི་དགོས་པར་དངོས་སུ་ཞལ་འཛོམས་ཀྱིས་སྐད་ཆ་བཤད་རྒྱུ་བྱུང་བ་འདི་ཅི་འདྲའི་སྐྱིད་སྣང་ལྡན་པ་ཞིག་རེད་ཨང་།
ཐེངས་འདི་ནི་ང་རང་བོད་ནས་རྒྱ་གར་དུ་འབྱོར་རྗེས་ཐོག་དང་པོར་རྒྱ་གར་བརྒལ་ནས་ཕྱི་རྒྱལ་དུ་བསྐྱོད་པ་ཡིན་ལ། ཐའེ་ཝན་གྱི་སྲིད་འབྱོར་རིག་གསུམ་སྤྱི་དང་། ལྷག་པར་དུ་སྤུས་ཀ་དག་ལ་སྤྱོད་སྒོ་ཆེ་ཞིང་སྟབས་བདེ་བའི་རྨང་གཞིའི་འཛུགས་སྐྲུན་དག་མཐོང་ན་ཡིད་སྨོན་ཤོར་དགོས་པ་ཞིག་འདུག་པ་མ་ཟད། ཐའེ་ཝན་གྱི་མི་གཤིས་ཀུན་སྤྱོད་ཕལ་མོ་ཆེ་ཡིད་དུ་འོང་ཞིང་སྨོན་པ་འཆོར་བའི་ཡུལ་དུ་མཐོང་། འདི་འདྲ་ཡིན་ན་ལོ་ངོ་སྟོང་ཕྲག་ལྔའི་དཔལ་ཡོན་ཡོད་ཅེས་འུར་གཏམ་བརྗོད་ཀྱང་མི་ཆོག་པ་མི་འདུག་སྙམ་པ་བྱུང་། དེ་ལྟར་ཐའེ་ཝན་དུ་ཨ་མ་དྲིན་མོ་ཆེར་དུས་ཡུན་ཐུང་ངུ་ཞིག་ནང་དུ་འདུ་འཛོམས་བྱུང་ཞིང་། ཡུད་ཙམ་ཞིག་ནས་སླར་ཡང་བྲལ་ཏེ་ཕ་ཡུལ་གངས་ལྗོངས་སུ་ཕེབས་སོང་ལ། སེམས་ལ་སྐྱུར་ཁ་འབྱུང་བའི་འདུ་འབྲལ་གྱི་དགའ་སྐྱོ་ཐེག་དཀའ་བ་རེ་ཁུར་ནས་རང་རང་སོ་སོར་གྱེས།
སྐབས་དེ་དག་གི་ཚོར་པ་གསོན་པོ་དག་ཡིག་ངོར་འཁོད་ཐབས་བྲལ་ལ། བཀོད་ན་ཡང་རང་སེམས་ལ་རྨ་བཏོད་པ་ལས་མི་འདུག་ན། བཟོད་གླགས་བྲལ་བའི་སྡུག་ཡུས་མང་པོ་ཞིག་སྨྲ་བསམ་བརྗོད་མེད་ཀྱི་ཀློང་ལ་བཞག་ན་དགའ་ཚོད་རེད།
དེ་ལྟར་སྐབས་དེར་ཐའེ་ཝན་ནས་ཟླ་གཉིས་ཙམ་རྗེས་སུ་རྒྱ་གར་དུ་ཡོང་སྟེ་མུ་མཐུད་རང་འཁྲིའི་ལས་དོན་སྤྱི་དང་། ཁྱད་པར་དུ་སེར་བྱེས་མཁས་སྙན་གྲྭ་ཚང་གི་སྒྲིག་གཞི་ཟིན་བྲིས་དང་། ཚོགས་འདུ་ཆེ་ཆུང་གི་ལས་ཀར་ཧུར་ཐག་གིས་ཞུགས་ཤིང་། གྲྭ་ཚང་རིན་པོ་ཆེའི་ཞབས་ཞུའི་ལས་དོན་མི་དམན་ཙམ་རེ་སྒྲུབ་པའི་མུ་ལ་དགེ་བཤེས་ཀྱི་མིང་བཏགས་བསྩལ་བ་ལྟར་རང་འཁོས་ལ་དཔག་པའི་གཏོང་སྒོ་ཆེ་ཆུང་དང་། དམ་བཅའ་དང་གཞུང་སྐྱོར་གྱི་རིམ་པ་མཐའ་དག་ལེགས་པར་གྲུབ་སྟེ། སྤྱི་ལོ་༢༠༡༢ ལོར་སླར་ཡང་ཐའེ་ཝན་དུ་ཟླ་གཉིས་རིང་སྤྲོ་འཆམ་དང་། ཕྱིར་རྒྱ་གར་དུ་འབྱོར་ནས་རང་འཁྲིའི་ལས་དོན་ཙག་ཙིག་ངང་མགོ་བོ་འཁོར་ནས་བསྡད་ཅིང་། བསམ་དབང་དྲན་དབང་ཙམ་མ་བྱིན་པར་དུས་ཀྱི་བགྲོད་པ་སྤྱི་ལོ་༢༠༡༤ ལོར་ཐོན་པ་ན། ཕུ་བོ་ཨ་ཀ་རིན་པོ་ཆེས་མཐུན་རྐྱེན་སྦྱར་བའི་འོག་སླར་ཡང་ཐའེ་ཝན་དུ་སོང་ཞིང་། ཟླ་བ་གཉིས་རེའི་ཐོངས་མཆན་དུས་ཡུན་རྫོགས་མཚམས་སུ་སྤུན་ཆུང་བློ་དབང་དང་མཉམ་དུ་ཐེ་ལན་ཊི་དང་། མ་ལི་ཞི་ཡ་སོགས་སུ་སྐོར་སྐྱོད་དང་། ཡུལ་གྲུ་དེ་དག་གི་ཚོང་འདུས་ཀྱི་གྲོང་ཁྱེར་ཆེན་པོ་རྣམས་དང་། དགོན་པ། གནའ་ཤུལ་སོགས་ལ་ལྟ་སྐོར་དང་མཇལ་ཕྱག་ལྷན་གཅིག་དང་། སླར་ཡང་ཐའེ་ཝན་གྱི་ཐོངས་མཆན་རྫོགས་མཚམས་སུ་ཡུལ་གྲུ་གཞན་དང་གཞན་དུ་སོང་སྟེ་ཟླ་བ་བདུན་བརྒྱད་ཙམ་སྐད་ཅིག་ཉིད་ལ་ཟད་དེ་དུས་ཀྱི་མདའ་མོས་བསྟན་འོང་བ་ནི་སྤྱི་ལོ་༢༠༡༥ ཕེབས་ལ་ཉེ་བ་དེ་རེད།
སྐབས་དེར་སླར་ཡང་སེམས་པ་དགའ་དགོས་པའི་དོན་དག་ཅིག་ཐོས་པ་ནི། བདག་གི་ཕུ་བོ་གཉིས་ཀྱི་གོ་སྒྲིག་ལྟར་ཨ་མ་དྲིན་མོ་ཆེ་སླར་ཡང་ཐའེ་ཝན་དུ་ཕེབས་རྒྱུ་ཡིན་པ་དང་། ཨ་མ་དང་མཉམ་དུ་ཚ་བུ་བསྟན་འཛིན་ནོར་རྒྱས་དང་། ཚ་མོ་ཉི་མ་མཚོ་གཉིས་ཀྱང་ཡོང་རྒྱུ་ཡིན་པར་ཐོས།
འོན་ཀྱང་། སྐབས་དེ་དང་དུས་དེ་ལ་ང་རང་ལ་གློ་བུར་ཐོག་རྒྱག་ལྟ་བུའི་དོན་དག་གལ་ཆེན་ཞིག་བྱུང་སྟེ། ངེས་པར་དུ་རྒྱ་གར་ལ་ཐེངས་གཅིག་བསྐྱོད་དགོས་ཐུག་ཅིང་། དེ་ཡང་ཉིན་བཞི་ལྔའི་ནང་ངེས་པར་འབྱོར་དགོས་པའི་དོན་དག་གློ་བུར་བ་ཞིག་སྟེ། ས་མཐའི་ཚེ་གཅིག་གི་འཚོ་བའི་ཁྲོད་ཧ་ཅང་གལ་ཆེ་ཞིང་། ཚེ་འདིའི་གནས་སྟངས་མང་པོ་ཞིག་ལ་གདམ་ག་གཞན་མེད་པའི་དོན་ཆེན་ཞིག་ཡིན་པས་རྒྱ་གར་དུ་ཕྱིར་ལོག་མི་བྱེད་མཐུ་མེད་བྱུང་སོང་།
སྤྱིར་བཏང་རྒྱལ་ཁབ་ཡོད་པའི་མི་སེར་ཞིག་དང་འགྲོ་བསྐྱོད་ཀྱི་ལག་ཁྱེར་ཚད་ལྡན་ཡོད་མཁན་ཞིག་ཡིན་ན། དེང་རབས་ཀྱི་ཚད་མཐོའི་འགྲུལ་བཞུད་ཡོ་བྱད་འདི་འདྲ་ཡོད་བཞིན་དུ། རྒྱ་གར་དུ་ཐེངས་གཅིག་ཡོང་ནས་ཕྱིར་ཐའེ་ཝན་དུ་འགྲོ་རྒྱུ་ནི་ཧ་ཅང་ལས་སླ་མོ་ཞིག་ཡིན་མོད། རང་ཅག་གི་ལག་དེབ་སེར་པོ་རྒྱལ་ཁབ་གང་ལ་ཡང་མི་གཏོགས་པ་མ་ཟད། རྒྱལ་སྤྱིའི་གནམ་ཐང་ཁག་ནས་ངེད་ཅག་གི་ལག་དེབ་དེ་ཅི་ཞིག་ཡིན་པ་ཡང་མི་ཤེས་པས་མཚམས་རེར་བསམ་ཡུལ་ལས་འདས་པའི་འགོག་རྐྱེན་ལ་འཕྲད་སྲིད་པ་མ་ཟད། ཕྱིར་སྐྱོད་ཕྱག་ཁྱེར་དེབ་སེར་བོ་དེ་རྒྱ་གར་ཁོ་རང་ཚོས་བཟོས་པ་ཡིན་ཀྱང་ཐའེ་ཝན་ནས་རྒྱ་གར་དུ་འགྲོ་ན་ངེས་པར་དུ་རྒྱ་གར་དུ་ལོག་ཆོག་པའི་ཆོག་མཆན་ཡི་གེ་རྒྱ་གར་གཞུང་ཚབ་ཁང་ནས་ལེན་དགོས་པས་ཐོ་འགོད་བྱས་ནས་ཉིན་གསུམ་ཙམ་སྒུག་དགོས་ཀྱང་དེ་འདྲའི་ཁོམ་ལོང་ཅིག་ག་ལ་ཡོད།
ཉིན་དེར་རྒྱ་གར་དུ་འགྲོ་བའི་གནམ་གྲུའི་འཛིན་བྱང་ཉོས་རྗེས་རྒྱ་གར་དུ་འཁྱེར་རྒྱུའི་བཅའ་དངོས་ཅུང་ཙམ་འཁྱེར་ནས་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་བཅར། སྐུ་ངོ་མཆོག་ལ་མགྱོགས་པོར་རྒྱ་གར་དུ་འགྲོ་དགོས་བྱུང་པའི་གནས་ཚུལ་ཞུས་པས། ཁོང་ཚོས་རྒྱ་གར་གཞུང་ཚབ་ཁང་དུ་ངེད་དང་མཉམ་དུ་སྐུ་ཚབ་ཅིག་བཏང་ནས་རྒྱ་གར་དུ་ལོག་ཆོོག་པའི་ཡི་གེ་ཆུ་ཚོད་གཅིག་ཙམ་ནང་ལེན་ཐུབ་སོང་། དེ་ནས་སྤུན་མཆེད་ཨ་ཀ་རིན་པོ་ཆེ་དང་མཉམ་དུ་ཐའེ་ཝན་ཕྱི་སྲིད་ལས་ཁུངས་སུ་བཅར་ནས་ཕྱིར་འོང་རྒྱུའི་མགྲོན་ཤོག་ཐོ་འགོད་བྱས་ཟིན་མཚམས་སུ་གནམ་ཐང་ཕྱོགས་སུ་སོང་། གནམ་ཐང་ནས་ཉིན་གུང་གི་ཟ་མ་མགྱོགས་པོར་ཟོས་རྗེས་གནམ་གྲུ་འཕུར་བའི་དུས་ཚོད་ཟིན་ལ་ཉེ་འདུག ། གནམ་གྲུར་བསྡད་ནས་ཧོང་ཀོང་གནམ་ཐང་བརྒྱུད་རྒྱ་གར་བྷང་ལོར་གྲོང་ཁྱེར་ལ་འབྱོར་དུས་མཚན་མོ་རེད། ང་ངེས་པར་འགྲོ་དགོས་ས་དེ་ལྡི་ལི་ཡིན་ནའང་རྒྱ་གར་དུ་སྡོད་ཆོག་པའི་ཨར་སི་ཟེར་བའི་སྐྱབས་བཅོལ་ལག་དེབ་དེ་ངེས་པར་དུ་དགོས་པ་དང་། དེ་ཡང་ཐའེ་ཝན་དུ་འགྲོ་ཁར་མེས་སོར་ཉེན་རྟོགས་ཁང་ལ་བཞག་ནས་འགྲོ་དགོས་སྟབས་ལྷོ་ཕྱོགས་སུ་མི་འགྲོ་ཐབས་མེད་ཡིན། མཚན་ཆུ་ཚོད་བཅུ་གཉིས་དང་ཕྱེད་ཙམ་ལ་མེ་སོར་ཕྱོགས་སུ་ལམ་ལ་ཆས། ནམ་ལངས་ཙམ་ལ་མེས་སོར་ལ་འབྱོར་ཏེ་ངལ་གསོ་ཙམ་བྱས་མཚམས་གྲོགས་ཆོས་མཆོག་རྒྱ་མཚོ་དང་སྤུན་ཆུང་བཟང་པོ་འཕྲིན་ལས་གཉིས་འབྱོར་བ་ལྟར། ཉེན་རྟོག་ཁང་ནས་སྐྱབས་བཅོལ་ལག་དེབ་བླངས་རྗེས་ཁོང་གཉིས་ཕྱིར་སེ་རར་ཕེབས་པ་དང་། ང་ཕྱིར་འཁོར་ནས་བྷང་ལོར་གནམ་ཐང་ལ་སོང་། མཚན་མོར་གནམ་གྲུར་བསྡད་ནས་མཚན་གྱི་ཆུ་ཚོད་བཅུ་གཉིས་ཙམ་ལ་ལྡི་ལིར་འབྱོར། སྤུན་ཆུང་དགེ་འདུན་གྲགས་པ་དེ་གར་ཡོད་པས་མགྲོན་ཁང་ཐོ་འགོད་སྔར་ནས་བྱས་ཟིན་འདུག་པས། ཟ་མ་ཟོས་རྗེས་གཉིད་དུ་ཡུར། ཕྱི་ཉིན་ནས་བཟུང་རྒྱ་གར་དུ་ཡོང་དགོས་པའི་ལས་དོན་རྣམས་གོ་རིམ་བཞིན་སྒྲུབ་ཅིང་། ལྡི་ལི་དང་རྡ་ས་སོགས་སུ་འགྲོ་སྐྱོད་ཀྱིས་ལས་དོན་རྣམས་གྲུབ་རྗེས་སུ་ཕྱིར་ཐའེ་ཝན་དུ་འགྲོ་བའི་གྲ་སྒྲིག་བྱས་པ་ཡིན།
རྒྱ་གར་ནས་ཕྱིར་ཐའེ་ཝན་དུ་འགྲོ་རྒྱུ་ནི་དེ་ལས་ཀྱང་ལས་སླ་བོ་ཞིག་ག་ལ་ཡིན་ཏེ། ཐའེ་ཝན་གཞུང་གིས་ཐོངས་མཆན་ལེན་དུ་ངེས་པར་དུ་ལྡི་ལིར་འགྲོ་དགོས་པ་དང་། ཕྱིར་བསྐྱོད་ཆོག་མཆན་ཞུ་བར་ལྡི་ལི་དང་ལེ་དབར་སྟོང་ཕྲག་དུ་མས་ཆོད་པའི་ལྷོ་ཕྱོགས་སུ་འོང་དགོས། འགྲུལ་བཞུད་ཐམས་ཅད་ལ་གནམ་གྲུར་བསྡད་ན་གྲྭ་རྐྱང་ཞིག་གི་ཨམ་ཕྲག་ལ་དེའི་སྟོབས་ཤུགས་མེད་ལ། གལ་ཏེ་གནམ་གྲུར་མ་བསྡད་ན་ཨ་མ་དྲིན་མོ་ཆེ་ཐའེ་ཝན་དུ་བདུན་ཕྲག་གཅིག་ཙམ་ལས་བཞུགས་དབང་མེད་པས་ཨ་མར་མཇལ་དཀའ་བ་སོགས་རྡོ་ལེབ་ཚ་བོའི་སྟེང་གི་གྲོག་མའི་དཔེ་ལྟར་བྲེལ་འཚུབ་ཀྱིས་མགོ་བོ་གས་པ་ལྟར་གྱུར་མོད། ཐབས་ཤེས་ཅི་ཡོད་དེ།
བྲེལ་བྲེལ་འཚུབ་འཚུབ་ངང་རྒྱ་གར་དུ་འབྱོར་སྐབས་ལས་མ་དྲང་བ་ཞིག་ལ། བོད་དང་ཐའེ་ཝན་གྱི་ལོ་སར་མཉམ་དུ་ཁེལ་སོང་བས་ཕྱིར་ཐའེ་ཝན་དུ་འགྲོ་བའི་ཐོངས་མཆན་ལེན་ཕྱིར་མི་འདོད་བཞིན་དུ་ལྡི་ལི་ནས་ཉིན་བཅོ་ལྔ་ཙམ་འགོར་ཞིང་། ཉིན་བཅོ་ལྔ་ཙམ་དེ་ནི་ཟད་མཐའ་མེད་པའི་མུ་གེའི་ཐང་ཆེན་ཞིག་འདྲ་བར་ཕ་མཐའ་གཞལ་དཀའ་བའི་སྣང་བ་སྐྱེས་ཤིང་། ཉི་མ་རེ་རེ་བཞིན་བྲེལ་འཚུབ་དང་རེ་སྒུག་ཁོ་ནས་དུས་འདའ་དགོས་བྱུང་ལ། ཉི་མ་མཛུབ་རྩེར་བགྲངས་ནས་སྒུག་ཅེས་པའང་མྱོང་བ་དམར་ཁྲིད་ཐེངས་གཅིག་བྱུང་། བསྒུགས་བསྒུགས་པའི་མཐའ་མར་ཐའེ་ཝན་གྱི་བསྐྱོད་ཐམ་ཐོབ་ན་ཡང་ཐད་ཀར་འགྲོ་ཆོག་པའི་ཐོབ་ཐང་ཞིག་ག་ན་ཡོད་དེ།
སྐྱབས་བཅོལ་ལག་དེབ་བཟུང་ནས་ཕྱིར་བསྐྱོད་ཆོག་མཆན་ཞུ་བར་ལྷོ་ཕྱོགས་སུ་བསྐྱོད་། ལྷོ་ཕྱོགས་ཀྱི་རང་གི་འབྲེལ་ཡོད་ཚོར་སྔ་ས་ནས་ཁ་པར་བརྒྱུད་ཁང་ཚན་དང་། གྲྭ་ཚང་། གཞིས་ཆགས་ལས་ཁུངས་བཅས་སུ་རིམ་པ་བཞིན་དུ་རྒྱབ་གཉེར་ཡིག་ཆ་ལེན་པར་མངགས་ཤིང་། བྷང་ལོར་གནམ་ཐང་ནས་ཆུ་ཚོད་དྲུག་ཙམ་གྱི་དུས་ཡུན་སྤྱད་དེ་སེ་རར་འབྱོར་མ་ཁད་ནས་རྒྱབ་གཉེར་ཡིག་ཆ་ཁག་བཟུང་སྟེ། སླར་ཡང་སྤྱི་ལེ་བརྒྱ་ཙམ་གྱི་སར་ཡོད་པའི་མེ་སོར་གྲོང་ཁྱེར་ཉེན་རྟོག་ཁང་དུ་སོང་། ཁོ་ཚོས་རྒྱབ་གཉེར་ཡིག་ཆ་ཁག་རྟོག་ཞིབ་དང་འབྲེལ་ངོས་སྦྱོར་ཞིག་སྤྲད་པ་ཁྱེར་ཏེ་བསྐྱར་དུ་སྤྱི་ལེ་བརྒྱ་ཙམ་གྱི་སར་ཡོད་པའི་སྦེལ་ཀོབ་ཉེན་རྟོག་ཁང་དུ་སྤྲད། ཁོ་ཚོས་དེ་ལ་ཞིབ་འཇུག་དང་འབྲེལ་རྒྱབ་གནོན་ཡི་གེ་ཞིག་སྤྲད་པ་ཁྱེར་ནས་ཕྱིར་མེ་སོར་ཉེན་རྟོག་ཁང་དུ་ཐོན་སྐབས། ཐབས་སྐྱོ་བ་ཞིག་ལ། ཆོག་མཆན་སྤྲོད་པའི་ཉེན་རྟོག་དཔོན་པོ་ལས་ཁུངས་སུ་བསྡད་མི་འདུག་སྟེ།
ཁོ་ཚོས་བཤད་པ་ལྟར་ན། ཞོས་མོ་ཀ་ཟེར་བའི་གྲོང་ཁྱེར་དུ་རྒྱ་གར་ཧིན་རྡུ་བ་དང་ཁ་ཆེ་བའི་བར་འཁྲུགས་འཛིང་ཤོར་ནས་མི་གསོད་རེས་ཀྱི་དོན་རྐྱེན་བྱུང་བས་དཔོན་པོ་ལགས་གནས་དེར་གཞུང་དོན་སྒྲུབ་ཏུ་བུད་སོང་ཟེར། དཀའ་ངལ་དང་བྲེལ་འཚུབ་ཀྱི་ངང་བསྒུགས་བསྒུགས་ཀྱང་རིམ་བཞིན་ཉི་མ་དམར་ཐག་ཏུ་ཆོད་དེ་ས་རུབ་སོང་ལ། ཉེན་རྟོག་པ་རྣམས་ཀྱང་ལས་མཚམས་བཞག་ནས་རང་རང་སར་བསྐྱོད་སོང་བས་ཡིད་ཐང་ཆད་པའི་དབུགས་རིང་ཞིག་དང་ལྷན་དུ་ཕྱིར་སེ་རར་ལོག་སོང་བ་ཡིན།
ཕྱི་ཉིན་སྔ་ལངས་ཀྱིས་སྤྱི་ལེ་བརྒྱ་ཙམ་བརྒྱུད་དེ་མེ་སོར་ཉེན་རྟོག་ཁང་དུ་ཉིན་གང་བསྒུགས་པའི་ཕྱི་དྲོ་ཆུ་ཚོད་ལྔ་ཙམ་ནས་ཉེན་རྟོག་དཔོན་པོ་ལས་ཁུངས་སུ་ཡོང་སྟེ་ཕྱིར་བསྐྱོད་ཤོག་བུའི་ཐོག་ས་རྟགས་རག་སོང་མོད། ཉམ་ཆུང་ཟ་བར་རྔམ་པའི་ཉེན་རྟོག་པ་ཧེབ་རྒན་ཚོས་ལྐོག་དངུལ་སྟེར་དགོས་པའི་ཉོག་བཤད་ཀྱིས་ཨར་ལ་གཏད་ཀྱི་འདུག་མོད། ང་ལ་ཁོ་ཚོར་ཁ་ལན་སློག་ནས་སྡོད་ཁོམ་ཞིག་ག་ལ་ཡོད་དེ། གནམ་གྲུ་འཕུར་བའི་དུས་ཚོད་ཟིན་ལ་ཉེ་ཞིང་། སང་ཉིན་བདག་གི་ཨ་མ་དྲིན་མོ་ཆེ་ཐའེ་ཝན་དུ་སླེབས་ཀྱི་ཡོད་པས་ཁོང་ལ་ངོ་མཇལ་ཐེངས་ཤིག་འབྱུང་རྒྱུ་ནི་མི་ཚེ་འདིར་རིན་ཐང་གཞལ་མཐའ་བྲལ་བའི་ནོར་བུ་སྟོང་གིས་ཀྱང་མཚོན་དཀའ་བ་ཞིག་ཡིན།
སྤྱིར་ན་འབངས་ཀྱི་ཆེད་དུ་ལས་ཀ་ཅུང་ཙམ་རེ་སྒྲུབ་རྗེས་ལྐོག་དངུལ་སློང་བ་ནི་རྒྱ་གར་གཞུང་ཞབས་པའི་དར་སྲོལ་ལྟ་བུ་ཡིན་པས་འདི་ལ་མི་དགའ་བ་བྱས་པས་ཀྱང་ཕན་ཐོགས་རྡུལ་ཙམ་མེད་པ་ཡིན། ད་ནངས་ཞོགས་པ་སེ་ར་ནས་ཡོང་སྐབས་ཅ་ལག་ཡོད་ཚད་ཁྱེར་ཡོད་པ་ལྟར་ལམ་འཇུག་བྱེད་མཁན་གྲོགས་པོ་ཆོས་མཆོག་རྒྱ་མཚོ་དང་། སྤུན་ཆུང་བཟང་པོ་འཕྲིན་ལས་གཉིས་ཀྱིས་རོགས་རམ་འོག་རླངས་འཁོར་གླས་རྗེས་ཁོང་གཉིས་སེ་རར་ལོག་པ་དང་ང་བྷང་ལོར་གནམ་ཐང་ལ་ཤར་སྐྱོད་བྱས་མོད། ཕྱི་དྲོའི་ལས་དུས་གྲོལ་མཚམས་སུ་ཁེལ་བས་གཞུང་ལམ་དུ་རླངས་འཁོར་འགག་ཅིང་། གནམ་གྲུ་འཕུར་དུས་ལ་ཉེ་བར་བཅར་བས་སླར་ཡང་ལུ་གུ་ལྡིང་བ་ལྟར་གྱི་བྲེལ་སེམས་འཚུབ་མས་རླངས་འཁོར་ནང་སྡོད་མི་ཐུབ་པའི་སྣང་བ་ཤར་འོང་ཞིང་། གཤོག་པ་ཞིག་ཡོད་ན་འཕུར་འགྲོ་ཨང་སྙམ་པ་དངོས་གནས་ཤར་གྱི་འདུག།
གང་ལྟར་ཁ་ལོ་བའི་ཐབས་ཤེས་གང་ཡོད་དང་། གོ་སྐབས་གང་ཡོད་ལ་བར་འཚང་བརྒྱབ་ནས་གནམ་ཐང་ལ་འབྱོར་སོང་། བྲེལ་འཚུབ་ངང་ཐོ་འགོད་དང་ལུས་བཤེར་སོགས་རིམ་པར་བརྒྱུད་དེ་འགག་སྒོ་ལས་ཐར་ཏེ། གནམ་གྲུའི་ཕྱོགས་སུ་སྐྱོད་སྐབས་བྲེལ་འཚུབ་དང་དཀའ་སྡུག་ལས་ཐར་བའི་བདེ་སྣང་ཡ་མཚན་པ་ཞིག་སྐྱེས་ཤིང་། ཨ་མ་དྲིན་མོ་ཆེར་དངོས་མཇལ་འབྱུང་བའི་བར་ཆད་ཐམས་ཅད་ཞི་སོང་སྙམས་ཏེ་དགའ་སྤྲོས་ཀི་རིང་ཞིག་འདེབས་ན་བསམ་སོང་མོད། གནམ་ཐང་ནས་དེ་ལྟའི་འབྲོག་རྟགས་སྟོན་པར་ཅུང་འཚེར་སྣང་འདུག། ལྷོད་ལ་བབས་མ་ཁད་ཀྱི་སེམས་པ་དམར་པོའི་ནང་ཀི་སྒྲ་སང་སིང་སྒྲོག་པའི་ཉམས་སྣང་ཤར་གྱི་འདུག །
དེ་ལྟར་གནམ་གྲུར་བསྡད་ནས་ཅུང་མ་འགོར་བར་གཉིད་དུ་ཡུར་ཞིང་མཚམས་ཤིག་ནས་ཞབས་ཞུ་བས་གཉིད་དཀྲོགས་ཏེ་སྐྱོབ་ཐག་སྡོམ་དགོས་ཚུལ་དང་གནམ་གྲུ་ཧོང་ཀོང་གནམ་ཐང་ལ་འབབ་ལ་ཉེ་བར་བཤད་ཀྱི་འདུག ། ཧོང་ཀོང་ནས་ཐའེ་ཝན་དུ་འགྲོ་བའི་གནམ་གྲུར་བསྡད་ནས་ཆུ་ཚོད་གཅིག་མ་ཟིན་ཙམ་གྱིས་ཐའེ་ཝན་ལ་སླེབས་ཤིང་། ང་རང་སྡོད་སའི་ཐའེ་པེ་ཕྱོགས་ལ་མ་སོང་བར་ཐད་ཀར་ཨ་ཀ་རིན་པོ་ཆེའི་ཆོས་ཚོགས་སུ་འབྱོར་སྐབས་ཨ་མ་དྲིན་མོ་ཆེ་ཡང་ཅུང་ཙམ་རྗེས་ལ་ཐའེ་པེ་གནམ་ཐང་དུ་འབྱོར་རྒྱུ་ཡིན་པས་ཆོས་ཚོགས་ཀྱི་སློབ་མ་རྣམས་བསུ་བར་འགྲོ་བའི་གྲ་སྒྲིག་བྱེད་ཀྱི་འདུག །