སེར་བྱེས་དགེ་བཤེས་རྭ་རྒྱ་བློ་བཟང་དཔལ་ལྡན།
གཉིས། ཐའེ་ཝན་གླིང་ཕྲན་སྟེང་གི་མ་བུ།
ང་རང་ཕུ་བོ་ཨ་ཀ་རིན་པོ་ཆེའི་ཆོས་ཚོགས་སུ་སླེབས་ཏེ་གང་མཚམས་ནས་སྤུ་ཆུང་བློ་དབང་ཡང་དེར་སླེབས་པ་ལྟར་ང་ཚོ་དགོང་མོའི་ཆུ་ཚོད་དགུ་བར་གནམ་ཐང་དུ་སོང་། བཤད་ཚོད་ལ་མཚོ་སྔོན་ནས་ཐད་ཀར་ཐའེ་ཝན་དུ་འཕུར་བའི་གནམ་གྲུ་ཞིག་ཏུ་ཡོང་གི་ཡོད་ཚོད་དང་། འཕུར་ལམ་དུ་ཆུ་ཚོད་ལྔ་ཡས་མས་དགོས་རབས་འདུག ། ང་ཚོའི་རེ་སྒུག་གི་མིག་ཟུང་གནམ་ཐང་གི་འགྲུལ་སྒོ་ལ་ཅེར་ནས་གང་འཚམ་འགོར་རྗེས་ཨ་མ་དང་། ཚ་བོ་བསྟན་འཛིན་ནོར་རྒྱས། ཚ་མོ་ཉི་མ་མཚོ། རང་དགོན་གྱི་གྲྭ་དགེ་ལེགས་དཔལ་བཟང་བཅས་མངོན་བྱུང་ལ། ཨ་མས་ང་ཚོ་མཐོང་སྐབས་ཤུགས་གང་ཡོད་ཀྱིས་མགྱོགས་ཙམ་གནང་སོང་ཡང་བལྟས་ཚོད་ལ་གཟུགས་པོ་རྒས་གཅོང་གིས་མནན་ཏེ་སྒུར་པོ་ཆགས་འདུག་ལ། རྐང་པ་ལ་ནད་གཞི་ཕོག་འདུག་པས་འགྲོ་སྐྱོད་ལ་དཀའ་ངལ་ཆེན་པོ་ཡོད་པ་ཚོར་གྱི་འདུག ། ང་ཚོ་ཡང་སྒུག་ར་ནས་ཡར་འགྲོ་མི་ཆོག་པས་དེ་གར་བལྟས་ནས་མི་སྡོད་ཐབས་མེད་རེད།
བར་ཐག་གཞི་འདོམ་བཞི་ལྔ་ཙམ་ལས་མེད་ཀྱང་འགོར་སྣང་ཆེ་ཙམ་བྱུང་། ཉེ་སར་སླེབས་པ་ན་ཨ་མས་གཅེས་ཕྲུག་ཟེར་བཞིན་ངུ་ངག་དང་མཉམ་དུ་རྐེ་འཇུ་བྱེད་སྐབས། དྲིན་ཅན་ཨ་མ་ལོ་མང་རིང་མ་ཐུག་པས་དྲན་གདུང་དང་སྐྱོ་བ་དུས་གཅིག་ཏུ་འཕྱུར་པས་ངུ་ཡང་བྲོ་ལ་དགོད་ཀྱང་འདོད་པའི་སེམས་ཚོར་མཚར་པོ་ཞིག་སྙིང་ནས་བྱུང་སྟེ་ལུས་ཡོངས་ལ་སྦྲིད་ཏིང་ངེར་སོང་ཞིང་། དྲིན་ཅན་ཨ་མ་ལགས་ཆུང་དུས་ལྕི་འདམ་དང་ཙག་རླུང་། ཁ་ཆར་བུ་ཡུག་ཇི་འདྲ་རྒོད་ཀྱང་ཁྱིམ་ཚང་དང་བུ་ཕྲུག་གི་སླད་དུ་འབད་འབད་སྒྲུབ་སྒྲུབ་ཀྱི་རྩོལ་བ་ཁོ་ནས་ལང་ཚོ་ཡལ་ཞིང་། ང་རང་གཙོ་བོ་ཡིན་པའི་བུ་ཕྲུག་ཚོ་ཡང་དེ་འདྲའི་སྲི་ཞུ་ཅན་དང་། བརྩི་བཀུར་བྱམས་སྐྱོང་ལ་གོམས་པ་ཞིག་མིན་པས་ཆུང་དུས་ནས་དོན་དག་ཡ་མ་ཟུང་སྣ་ཚོགས་བསྒྲུབས་ཏེ་ཨ་མའི་སེམས་ལ་སྡུག་གི་རི་རབ་བརྩིགས་ཤིང་། ནམ་ཉིན་ལྟོས་མེད་དུ་སེམས་ཁྲལ་དང་། མྱ་ངན་གྱི་འོབས་ལ་གཡུག་པ་མང་དྲགས་པ་དང་། མཐོ་སྒང་གི་མཐུན་རྐྱེན་ཞན་ལ་ངལ་ལས་ལྕི་བའི་འཚོ་བ་སྐྱི་གཡའ་བ་དེའི་ཁྲོད་ལོ་ན་རྒས་པས་ད་ནི་གཟུགས་གཞི་སྒུར་ཞིང་། རྐང་ལག་གི་ཚིགས་ཐམས་ཅད་ནད་གཅོང་ཅན་དུ་གྱུར་ཏེ་སྙིང་ལ་བྲེད་ཤ་སློང་བའི་ཚད་དུ་ཐོན་འདུག་མོད་ཅི་བྱ་སྟེ། ཉི་མ་རེ་འགའི་མཇལ་འཛོམས་ཀྱི་གོ་སྐབས་ཙམ་ཡང་འདི་ལྟར་རྒྱལ་ཁབ་ནས་གླིང་ཕྲན་བརྒྱུད། རྒྱུ་དངུལ་གྱི་འགྲོ་སོང་གྲངས་མེད་བཏང་ན་ཡང་འཐོབ་རེ་ཧ་ཅང་ཁག་ན། ཨ་མ་དྲིན་མོ་ཆེ་གཉོར་སྐྱོང་གི་བྱ་བ་ཞིག་གང་ནས་སྒྲུབ་ཐུབ་བམ།
སེམས་ཀྱི་ཟུག་གཟེར་བཙན་གྱིས་གནོན་པའི་ཨུ་ཐུག་པའི་ལས་ལ་མི་འཇུག་ག་མེད་རེད། སྐབས་དེར་ང་རང་དགའ་སྐྱོས་དེད་པའི་མིག་ཆུ་འཐོར་ཞོར་ཨ་མ་ལྟ་སྐོར་ཚོགས་པ་ནས་ཟུར་དུ་བླངས་ཤིང་། ཚ་བོ་ཚ་མོ་གཉིས་སོགས་ཡུལ་སྐོར་ཚོགས་པ་དང་མཉམ་དུ་སྐྱེལ་མ་བྱས་རྗེས་ངེད་མ་བུ་གསུམ་དང་འབྲེལ་ཡོད་དག་ཆོས་ཚོགས་སུ་བསྐྱོད་པ་ཡིན།
ཕུ་བོ་ཨ་ཀ་རིན་པོ་ཆེའི་ཆོས་ཚོགས་ཀྱི་སློབ་མ་དག་གིས་བྱམས་སྐྱོང་དང་མཐུན་སྦྱོར་འོག་ངེད་ཅག་གིས་ཕ་ཡུལ་གྱི་གཏམ་གླེང་སྣ་ཚོགས་ཀྱིས་ཉིན་མཚན་འདའ་བར་བྱས་ཤིང་། ཨ་མ་དྲིན་མོ་ཆེའི་གཟུགས་གཞི་སྤྱི་དང་ཁྱད་པར་རུས་ཚིགས་ཁག་ལ་ནད་གཞི་ལྕི་མོ་ཕོག་འདུག་ན་ཡང་། རྣམ་རིག་གསལ་ཞིང་སྨྲ་ལྕེ་དག་ལ། སེམས་ཁམས་ལྷོད་ཆགས་ཤིང་གྲུང་ཤ་དོད་པོ་འདུག་པས། རླབས་གཡོ་མཚོ་སྐྱོམས་ལྟ་བུའི་ཉོག་གླེང་དང་མྱ་ངན། ཁ་བྲལ་དང་འཐབ་རྩོད་བཅས་ཀྱི་ཁྲོད་ལོ་ན་རྒས་པའི་མི་ཞིག་གི་ཚོད་ལ་བལྟས་པས་དེ་ཙམ་སྐྱོན་ཆེན་པོ་མི་འདུག་པའི་ཚོར་སྣང་བྱུང་།
ཕ་ཡུལ་ནས་ཁྱེར་འོང་བའི་མར་ཆུར་རྩམ་གསུམ་དང་། ཞུན། གྲོ་མ། ཤ་བཅས་ལ་ལོངས་སུ་སྤྱོད་ཞོར་མི་ཚེའི་འདིའི་འོད་སྣང་ལྟ་བུའི་ཉི་མ་ཁ་ཤས་ལ་རོལ་མྱོང་བྱས་ཤིང་། གློག་འོད་འཁྱུག་པ་ལྟ་བུ་དུས་ཡུན་ཐུང་ངུ་འདི་ནི་ངའི་མི་ཚེའི་ནང་བརྗེད་པ་མེད་པའི་བརྩེ་སེམས་ཀྱི་རྡོ་རིང་གསོན་པོ་ཞིག་ཏུ་གྲུབ།
ཨ་མའི་སྐུ་གཟུགས་ཀྱི་རྐྱེན་པས་འགྲོ་སྐྱོད་མི་བདེ་བ་དང་། སྡོད་པའི་དུས་ཡུན་ཀྱང་ཧ་ཅང་ཐུང་བས་ང་ཚོ་ས་ཆ་ཐག་རིང་སར་འཆམ་འཆམ་དང་ལྟ་སྐོར་ལ་མ་སོང་མོད། ཐའེ་པེའི་མཚོ་འགྲམ་གྱི་རང་བྱུང་བྲག་རྡོ་ངོ་མཚར་ཅན་ཁག་ལ་ལྟ་བར་སོང་ཞིང་། ལྟ་སྐོར་ལ་འགྲོ་ས་དག་ཏུ་ཨ་མ་འདྲུད་འཁོར་ནང་བཞག་ནས་ང་རང་གིས་དེད་སོང་བ་ཡིན། ཆོས་ཚོགས་ཀྱི་སློབ་མ་དག་གིས་འབྲེལ་སྦྱོར་ལྟར་ཨ་མ་ཁྲིད་དེ་ལག་རྩལ་ཚད་མཐོ་བའི་སྨན་པ་མཁས་པ་ཞིག་གི་སར་ཐེངས་ཁ་ཤས་སོང་ཞིང་། སྨན་པ་དེས་གཏར་ཁ་དང་ཐབས་ཤེས་ཀྱིས་རུས་ཚིགས་ལ་ཕན་པ་དགའ་རབས་འདུག་ཅེས་གསུང་གི་འདུག །
གང་ལྟར་ཉི་མ་དྲུག་ཙམ་གྱི་རིང་ལ་ཕ་ཡུལ་གྱི་རི་སྡེ་སྐྱེས་གསུམ་དང་། ཤ་ཉེ་འབྲེལ་སོགས་ཀྱི་འཚོ་བའི་གནས་ཚུལ་དང་། དགའ་སྐྱོ་ཆགས་སྡང་གི་བྱུང་བ་མང་པོ་གླེང་བཞིན་བསྡད།
འོན་ཀྱང་། དུས་ཚོད་ནི་ཅི་འདྲའི་མགྱོགས་མོ་ཞིག་རེད་ཨང་། སྐད་ཅིག་དེ་ཉིད་ལ་ཨ་མ་ཕྱིར་འགྲོ་བའི་དུས་ཚོད་ལ་སླེབས་བྱུང་། ང་ཚོས་ཨ་མ་ཁྲིད་ནས་ཐའེ་ཝན་གནམ་ཐང་ལ་སོང་སྐབས་ཡུལ་སྐོར་ཚོགས་པ་དང་མཉམ་དུ་སོང་བའི་ཚ་བོ་ཚ་མོ་གཉིས་སོགས་ཀྱང་གནམ་ཐང་ལ་འབྱོར་འདུག ། མཚོ་སྔོན་དུ་བསྐྱོད་པའི་གནམ་གྲུ་ཡང་འཕུར་ལ་ཉེ་འདུག །
སྐབས་དེར་ང་ཚོ་སུ་ལ་ཡང་སྐད་ཆ་བཤད་རྒྱུ་མི་འདུག་སྟེ། ཕན་ཚུན་ལ་སེམས་གསོ་ཙམ་རེ་ཡང་ངག་ནས་མ་འཁྲོལ། གནམ་ཐང་དུ་ཐོ་འགོད་སོགས་ཀྱི་གོ་རིམ་གྲུབ་པ་ན་དྲིན་ཅན་ཨ་མ་ཕྱིར་ཕ་ཡུལ་ལ་འགྲོ་རན་སོང་། ལང་ཚོ་རྒ་བའི་ཁུར་གྱིས་ནོན་ཅིང་། རུས་ཚིགས་བརྩེ་མེད་གཅོང་གིས་ནོན་པའི་ངའི་ཨ་མ་དྲིན་མོ་ཆེ་འདེད་འཁོར་ལ་བསྡད་དེ་གནམ་གྲུ་འཕུར་སའི་སྒོ་ཆེན་ལ་ཐོན་སྐབས་ང་ཚོར་རང་དབང་མེད་པར་ངུ་ཤོར་ཞིང་། མ་ལོའི་སེམས་ལ་སྡུག་གི་སྣོན་མ་མི་འདེབས་པའི་ཆེད་དུ་གདོང་གཞན་དུ་ཕྱོགས་ཏེ་གནམ་ལ་ལྟ་ཁུལ་བྱས་མོད། མིག་ཆུ་ཤམ་ཤམ་བཞུར་བས་ངོ་གདོང་ཡོངས་སུ་གཤེར་སོང་།
སྐབས་དེར་ངའི་ཁ་ནས་ཚིག་གཅིག་ཐོན་པ་ནི།
ཨ་མ་སེམས་ཁྲལ་མ་བྱེད་དང་ང་ཚོ་ད་དུང་ཐུག་གི་རེད་ཅེས་པ་འདི་ཡིན་ལ། ཨ་མས་ཀྱང་མིག་ཆུ་གཏོང་ཞོར་ངས་དཀོན་མཆོག་ལ་རྒྱུན་དུ་གསོལ་འདེབས་བྱེད་དགོས། ཁྱེད་རང་ཚོ་སོང་ས་བསྡད་ནས་བསམ་པའི་དོན་འགྲུབ་པའི་སྨོན་ལམ་དུས་རྒྱུན་འདེབས་ཀྱིན་ཡོད་ཅེས་དང་།
ཁྱེད་རང་ཚོ་ཚེ་རིང་ལོ་བརྒྱ་ཟེར་བཞིན་ཁོང་གི་རྒྱབ་གཟུགས་ཆུང་ངུ་དེ་སྒོ་ཆེན་ལས་འབབ་ཚིགས་ནང་ལ་ཡལ་སོང་། སྐྱོ་བས་སྙིང་ཆུང་བསྡམས་པའི་ངེད་ཕུ་ནུ་གཉིས་ཨ་མ་དང་ཁ་བྲལ་ནས་ཁ་ཚུར་འཁོར་སྐབས་མིག་གིས་ལམ་ཡང་མི་མཐོང་བའི་ཚོད་དུ་འདུག་ལ། འདུ་འབྲལ་འཁོར་བའི་ཆོས་ཉིད་ཟེར་སླ་ཡང་། མྱོང་བ་དམར་པོ་རང་གི་ཐོག་ཏུ་ལྷུང་ན་འཁོར་བའི་ངང་ཚུལ་སྒོམ་པའི་རྣལ་འབྱོར་ཕར་ཞོག ། རང་གི་གཟུགས་གཞི་ཡང་ཡམ་ཡོམ་འདར་འདུར་ངང་རང་ཚུགས་འཁྱོངས་པའང་དཀའ་མོར་འདུག །
མྱོང་བ་འདི་ལྟ་བུ་དང་ཚོར་སྣང་འདི་ལྟ་བུ་ལ་སྙན་ངག་དང་སྒྱུ་རྩལ་དུ་གྲགས་པའི་མཚོན་ཐབས་གང་གིས་ཀྱང་ཇི་བཞིན་མཚོན་དཀའ་སྟེ། ཤ་དང་ཁྲག་གི་འབྲེལ་བ། བརྩེ་བ་དང་གཉོར་སྐྱོང་གི་བྱུང་བ། ལུས་སེམས་དང་ལང་ཚོའི་དར་རྒུད། འདུ་བ་འབྲལ་བའི་ངང་ཚུལ་སོགས་ཆུང་ནས་ད་ལྟ་བར་གྱི་བྱུང་རབས་མཐའ་དག་པ་ཚོར་སྣང་ཁོ་ནའི་མྱོང་བྱར་ལུས་པ་ལས་བརྡ་མཚོན་ཇི་ལྟ་བུས་ཀྱང་མཚོན་དུ་མེད་པར་འདོད། གལ་ཏེ་མཚོན་པ་བྱ་དགོས་པའི་ངལ་བ་བསྟེན་ན། ངའི་མགྲིན་སྒོར་འཚང་འོང་བ་ནི། བརྗོད་པ་ཐུང་ངུ་གཅིག་ཁོ་ན་སྟེ། དངོས་གནས་བཟོད་གླགས་ཤིག་མི་འདུག་ཅེས་པ་འདི་ལས་ལྷག་པ་ཞིག་མ་རྙེད།
དེ་ལྟར་ཨ་མ་གནམ་ཐང་དུ་བསྐྱལ་ནས་ཚུར་འཁོར་རྗེས་སེམས་པ་སྟོང་ལྷང་ལྷང་ངང་ཕྱིར་ཆོས་ཚོགས་སུ་སོང་ནས་བཅའ་དངོས་ཅུང་ཙམ་རེ་ཁྱེར་ནས་རང་གི་སྡོད་གནས་ཐའེ་པེ་སོང་ཧྲན་ལ་འོང་ཞིང་། དེ་གར་ཟླ་གཉིས་མ་ཟིན་ཙམ་ལ་བསྡད་རིང་ཐའེ་པེ་གྲོང་ཁྱེར་གྱི་ཁྲོམ་སྲང་དང་། གླིང་ག་སོགས་སུ་འཆམ་ཉུལ་གྱིས་དུས་འདའ་ཞིང་། ཕྱིར་ལོག་པའི་མཚམས་ལ་ཐུག་སྐབས་སྤུན་ཆུང་བློ་དབང་མ་ལི་ཞི་ཡར་འགྲོ་བ་དང་ཁེལ་བས་དུས་མཉམ་དུ་གནམ་ཐང་དུ་ཡོང་སྟེ། ང་རང་འཇིག་རྟེན་འདིའི་ཕ་ཡུལ་གཉིས་པ་རྒྱ་གར་ཕྱོགས་ལ་ལོག་འོང་བ་ཡིན།
དུས་ཀྱིས་བསྐལ་བ་སྔར་སོང་སྐྱེ་འཆི་ཡི་འགྱུར་ལྡོག །
མྱོང་བས་མྱངས་པ་ཚེ་འདིའི་འདུ་འབྲལ་གྱི་སྐྱོ་གར། །
རོ་སྙོམས་རྣལ་འབྱོར་ཅན་གྱིས་མཉམ་ཉིད་དུ་མཐོང་ངམ། །
སོ་སྐྱེས་ཚོར་བར་ཟུག་ན་བཟོད་ཐབས་ཤིག་མི་འདུག །
དགེ་བཤེས་ཚང་གིས་སྔ་ཕྱིར་བྲིས་པའི་དངོས་བྲིས་བཀླགས་ཟིན། ཡག་པོ་བྲིས་འདུག ཁྱེད་ཀྱིས་བརྩམས་སྒྲུང་བྲིས་ཡོད་ཀྱི་ན་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་ངེས།
ཧ་ཅང་ཡག་པོ་བྲིས་འདུག སྙན་ངག་ཡིན་ནོ་སྐད་ཀྱི་ཡིག་ཉོག་དེ་ཚོ་ལས་དོན་དངོས་འཚོ་བ་འདི་ལྟར་བྲིས་ན་དོན་སྙིང་འདུག
འདི་ན་ཡང་ཚེ་རིང་རྡེ་རྗེ་ཟེར་བའི་༼ སྔོན་ཐོན་པ་ ༽ཞིག་འགྲོ་གིན་འདུག
ཨ་མར་མཇལ་བ་དང་གྱེས་པའི་བར་དུམ་དེ་ནས་ང་ལ་མིག་མཆི་མ་ཉིལ་ལེར་བཏང་སོང་།
ཁྱེད་ཅག་ལ་ཨ་མ་ཟེར་ནས་ཐུག་ས་ཞིག་ཡོད་པ་དེ་ཡང་བསོད་ནམས་རེད། ང་ནི་ལོ་དགུ་ནས་ཨ་མ་དང་གཏན་བྲལ་བྱས། ད་ལྟ་ཨ་མའི་གདོང་པ་འདི་འདྲ་ཞིག་ཡིན་སྙམ་པའི་དོན་སྤྱི་ཞིག་ཀྱང་འཆར་རྒྱུ་མི་འདུག ངས་ཁྱེད་ཚོར་ཡིད་སྨོན་ཤོར་སོང་།
ལོ་རྒྱུས་སྙན་ཐུང་འདི་ཕན་ཐོགས་དང་། གཞན་ལ་ཤན་ཤུགས་ཆེ་བས།
ཨུ་ཐུག་འདི་འུ་ཐུག་དང་། ་མར་ཆུར་རྩམ་གསུམ་འདི། མར་ཕྱུར་རྩམ་གསུམ་དང་། མགྱོགས་མོ་འདི་མགྱོགས་པོར་བྲིས་ན་ཀུན་དང་མཐུན་ཤས་ཆེའོ།།
ཀ་རྡོ་རབ་འབྱམས་པ་མཆོག་གིས་བྲིས་པ་ལ་བསྟོད་འོས།
རྒན་ལ་དྭགས་འཇམ་དཔལ་མཆོག་གིས། བླུན་རྒན་ང་ལ་བསྟོད་པ་དགའ་སྤྲོས་བརྟས། ཁྱེད་༸སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་འདུན་ཞུའོ།།