འབྲིང་བ་འཇིགས་མེད།
༄༅།། དེ་རིང་ནས་ཡར་བརྩིས་པའི་མི་ལོ་ ༢༧ གོང་སྟེ། ཕྱི་ལོ་ ༡༩༩༠ ལོའི་ཕྱི་ཟླ་ ༥ ཚེས་ ༡༨ ཉིན། གངས་ཅན་བོད་ཀྱི་སློབ་གསོ་བ་ཆེན་མོ་དང་བོད་ལུགས་ཕྱུགས་བཅོས་གསོ་བ་རིག་པའི་ཤིང་རྟའི་སྲོལ་འབྱེད་ཅེས་མཚན་སྙན་པར་གྲགས་པ་སློབ་དཔོན་མཛོད་དགེ་ཨ་ཁུ་ཉི་མ་མཆོག་སྐུ་ཞི་བར་གཤེགས། དེ་དུས་ཁོང་དགུང་ལོ་ ༦༥ ཡིན། དེ་རིང་ཁོང་གི་དངོས་སློབ་དང་ཡང་སློབ་སྟོང་ཕྲག་དུ་མས་ཁོང་གི་བཀའ་དྲིན་རྗེས་དྲན་དང་འབྲེལ་བའི་བྱེད་སྒོ་སྣ་ཚོགས་སྤེལ་བཞིན་པ་ལྟར། ཕྲན་གྱིས་འདིར་ཁོང་གི་རླབས་ཆེའི་མཛད་རྗེས་མང་པོའི་ཁྲོད་ནས་གསར་བཏོད་དང་གསར་བསྐྲུན་གནང་བའི་སྐོར་སྙིང་བསྡུས་ཤིག་བརྗོད་པའི་སྒོ་ནས་བཤེས་གཉེན་དམ་པ་ཁོང་ལ་བཀའ་དྲིན་རྗེས་དྲན་ཞུ།
དང་པོ། སྨན་ཁང་གསར་བསྐྲུན།
ཁོང་དགུང་ལོ་སོ་ལྔ་བཞེས་པ་ལྕགས་བྱི། ཕྱི་ལོ་ ༡༩༦༠ ལོར་མཛོད་དགེ་བཞག་ལྡོམ་ཡུལ་ཚོའི་སྨན་བཅོས་ས་ཚིགས(ལས་ཁུངས་ཀྱི་ངོ་བོར་ཡོད་པ)དང་སྨན་བཟོ་ཁང་གསར་བསྐྲུན་མཛད། ༡༩༦༢ ལོར་སྨན་ཁང་དེའི་གནས་གཞི་སྤོས་ཏེ་བསྐྱར་བསྐྲུན་མཛད། ༡༩༧༠ ལོར་སྐར་དམར་ཀུང་ཧྲེའམ་བཞག་ལྡོམ་ཡུལ་ཚོའི་ཕྱུགས་ནད་འགོག་བཅོས་ས་ཚིགས་དེར་བོད་སྨན་འཕྲུལ་ཁབ་བཟོ་ས་དང། སྨན་སྦྱོར་ཁང་སོགས་ཡན་ལག་དུ་མ་གསར་བསྐྲུན་གྱིས་རྒྱ་བསྐྱེད་མཛད། སྨན་ཁང་འདིའི་འཕྲིན་ལས་ལ་བརྟེན་ནས་ས་གནས་གཞན་དག་ཏུའང་ཕྱུགས་བཅོས་སྨན་ཁང་དུ་མ་སྔ་ཕྱིར་ཚུགས། རྒྱ་ནག་གི་སྲིད་ཇུས་གུ་ཡངས་བྱུང་རྗེས་རྔ་པ་ཀིརྟི་དགོན་དང་ལྷ་མོ་ཀིརྟི་དགོན་དུ་སྨན་པ་གྲྭ་ཚང་གསར་འཛུགས་ལའང་གང་ཅིའི་སློབ་སྟོན་དང་ཐུགས་འགན་ཆེར་བཞེས་མཛད།
གཉིས་པ། བོད་ལུགས་ཕྱུགས་ནད་གསོ་བའི་རིག་པ་གསར་བཏོད།
ལོ་རབས་དྲུག་ཅུ་དང་བདུན་ཅུའི་ནང་མཛོད་དགེའི་རོང་འབྲོང་ས་ཁུལ་གྱིས་གཙོས་ཉེ་འཁོར་བོད་ཁུལ་དུ་ཕྱུགས་ནད་སྣ་ཚོགས་བྱུང་སྐབས། བོད་ཀྱི་གསོ་བ་རིག་པའི་གཞུང་ནས་གསུངས་པའི་སྨན་བཅོས་ཀྱི་རིག་པ་རྣམས་ཕྱུགས་ནད་བཅོས་ཐབས་སུ་བཀོལ་ཏེ་སྨན་གྱི་སྡེབ་ཁ་མང་པོ་གསར་བཏོད་གནང་བའི་ཚུལ་ཁོང་གི་རང་རྣམ་ས་བོན་ལས། ‘‘སྨན་སྣ་སྡེབ་སྦྱོར་བྱས་པ་ཕལ་ཆེར་ལྔ་བརྒྱ་ཙམ་དང། ལག་ལེན་དུ་ཁེལ་བ་བརྒྱ་དང་བརྒྱད་ཅུ་ཙམ། གཞན་ལ་དར་སྤེལ་དང་སློབ་སྦྱོང་བྱས་པ་བརྒྱད་ཅུ་ཡན་ལ་སླེབས།’’ ཞེས་གསུངས་པ་ལྟར་དང་། ལྷག་པར་ཕྱི་ལོ་ ༡༩༦༨ ལོར་བོད་སྨན་རྩ་ཁབ་བྱེད་པའི་རིག་པ་འཕྲུལ་ཆས་དང་བཅས་པ་གསར་བཏོད་གནང་བས་བོད་ལུགས་གསོ་རིག་གི་ཐོག་སྔར་མེད་པའི་རླངས་འཕྲུལ་ལས་ཐོན་པའི་སྨན་རིགས་སྣ་ཚོགས་བཟོ་བསྐྲུན་མཛད་པའི་མཛད་རྗེས་འགངས་ཆེ་བའི་ཚུལ་ནི་ཁོང་གི་རྣམ་ཐར་དད་པའི་ཆུ་གཏེར་འཕེལ་བའི་ཟླ་བ་ལས། ‘‘དགུང་ལོ་ཞེ་གསུམ་བཞེས་པ་ས་སྤྲེལ་(༡༩༦༨)ལོ་འཆར་ཅན་གྱི་ལས་ཀ་རྣམས་ལ་བཀོད་ཁྱབ་དང། ག་བུར་གསུམ་པ་དང་། ག་བུར་དགུ་པ། ཨ་རུ་བཅོ་ལྔ་སོགས་རླངས་ཁབ་བྱས་ཏེ་རྟ་ཆམ་དང་འཁྲུ་ནད་སོགས་ནད་རིགས་མང་ཙམ་ལ་སྔོན་འགོག་དང་སྨན་བཅོས་བྱས། འདི་དག་གི་སྔ་ཕྱིར་འཕྲུལ་ཁབ་ཕབ་པའི་རིག་པ་གསར་བཏོད་གནང་སྟེ་བོད་སྨན་གྱི་སྡེབ་སྦྱོར་མང་པོ་རླངས་འཕྲུལ་གྱི་དཔྱད་ཆས་གསར་བཟོ་ལ་བརྟེན་ནས་སྨན་ཁབ་བཟོས་ཏེ་ཁྲག་རྩ་དང་ཤའི་གནས་སུ་ཐད་ཀར་ཕུལ་ཆོག་པའི་རིགས་ལམ་འཁྲུལ་མེད་ཐུགས་ངེས་འདྲོངས་པ་བྱུང་། སྔར་ང་ཚོའི་བོད་སྨན་ཐང་ཕྱེ་རིལ་བུ་སོགས་ཁོང་དུ་བསྟེན་པ་ཕོ་བའི་མེ་དྲོད་རྣམ་གསུམ་གྱིས་བཞུས་པའི་སྙིང་པོ་དྭངས་མ་སོགས་བརྒྱུད་དེ་ཁྲག་དང་ཤའི་གནས་སུ་འགྲོ་དགོས་པ་ལ། ཐབས་འདིར་ཀར་ཀོར་དེ་འདྲ་མི་དགོས་པར་མེ་ཆུའི་འཕྲུལ་གྱིས་སྨན་ནུས་ཀྱི་སྙིང་པོ་བླངས་པ་ཐད་ཀར་ཁབ་སྦུག་བརྒྱུད་དེ་ཁྲག་ལམ་དུ་ཕུལ་ན་ནུས་པ་མྱུར་བ་རྒྱུ་མཚན་དང་བཅས་ཏེ་གསུངས་ཤིང་ཕྱག་ལེན་དུ་བསྟར་བ་གནང་བས་ཕན་ནུས་ཁྱད་པར་ཅན་བྱུང་བ་ཀུན་གྱི་མཐོང་ཆོས་སུ་གྱུར།’’ ཅེས་གསུངས་པ་ལྟར་རོ།། རྒྱུ་མཚན་དེ་དག་ལ་བརྟེན་ནས་ཁོང་ལ་བོད་ལུགས་ཕྱུགས་བཅོས་གསོ་བ་རིག་པའི་ཤིང་རྟའི་སྲོལ་འབྱེད་ཅེས་པའི་མཚན་སྙན་ཡོངས་སུ་གྲགས། བོད་ལུགས་ཕྱུགས་ནད་གསོ་རིག་སྐོར་གྱི་གསུང་རྩོམ་ཡང་། ཕྱུགས་ནད་བརྟག་བཅོས་གསལ་སྟོན་དངོས་ཐོབ་ཀྱི་མྱོང་གྲུབ་རིན་པོ་ཆེའི་དོ་ཤལ་ཞེས་བྱ་བ་དང་། ཕྱུགས་སྨན་གསལ་སྟོན་ཀུན་ཕན་བདུད་རྩིའི་འབྱུང་གནས་ཞེས་བྱ་བ་སོགས་ལེགས་བཤད་གྲགས་ཅན་དུ་མ་མཛད།
གསུམ་པ། སློབ་གྲྭ་གསར་འཛུགས།
ཕྱི་ལོ་ ༡༩༦༢ ལོ་ནས་གོང་གསལ་སྨན་ཁང་དང་འབྲེལ་བའི་སྨན་པ་གསར་པ་ཚོར་ཐོག་མར་བོད་ཡིག་འབྲི་ཀློག་དང་རིམ་བཞིན་སྨན་གཞུང་སོགས་སློབ་ཁྲིད་མཛད། དབྱར་དུས་རི་ཀླུང་ཁག་ཏུ་སྨན་སྣ་འཐུ་ཞོར་ལ་སྦྲ་གུར་ནང་དུ་སློབ་ཁྲིད་གནང་བས་སྦྲ་གུར་སློབ་གྲྭ་ཞེས་ཀྱང་གྲགས། ༡༩༦༦ ལོར་ལྔ་བདུན་སློབ་སྦྱོང་འཛིན་གྲྭ་ཞེས་པ་བཙུགས་ཏེ་ཐབས་མཁས་ཀྱི་སྒོ་ནས་བོད་རིགས་ན་གཞོན་མང་པོར་བོད་ཀྱི་སྐད་ཡིག་རིག་གནས་སློབ་པའི་གོ་སྐབས་བསྐྲུན། ༡༩༧༠ ལོར་འཛིན་གྲྭ་དེ་སྐར་དམར་ཀུང་ཧྲེའི་ལྔ་བདུན་སློབ་གྲྭར་བསྒྱུར། ༡༩༧༥ ལོར་སློབ་གྲྭ་དེ་མཛོད་དགེ་རྫོང་ལྔ་བདུན་སློབ་གྲྭར་བསྒྱུར།
༡༩༨༡ ལོར་རྒྱལ་ཡོངས་ཀྱི་བོད་ཡིག་སློབ་འབྲིང་ཐོག་མ་རྔ་པ་ཁུལ་མཛོད་དགེ་བོད་ཡིག་སློབ་འབྲིང་གསར་འཛུགས་མཛད། ༡༩༨༥ ལོར་སློབ་གྲྭ་དེར་མཐོ་འབྲིང་འཛིན་གྲྭ་གསར་འཛུགས་མཛད། སློབ་གྲྭ་འདི་བོད་ཡིག་ཆེད་ལས་འབྲིང་རིམ་སློབ་གྲྭར་བསྒྱུར་རྒྱུའི་ཐུགས་བརྩོན་ཆེས་ཆེར་གནང་ནའང་འགལ་རྐྱེན་དུ་མའི་དབང་གིས་ཐུགས་བཞེད་ཇི་བཞིན་མ་འགྲུབ། ཡིན་ནའང་སློབ་གྲྭ་འདི་ལ་བརྟེན་ནས་མདོ་སྨད་ཀྱི་རྫོང་ཁག་གཞན་དང་གཞན་དུ་བོད་ཡིག་གི་སློབ་འབྲིང་དུ་མ་སྔ་ཕྱིར་ཚུགས་ཏེ་བོད་ཀྱི་སྐད་ཡིག་རིག་གནས་ཀྱི་གསོན་ཤུགས་རྒྱས་པར་ནུས་པ་རླབས་ཆེན་ཐོན།
༡༩༨༤ ལོར་སྔོན་གྱི་ལྔ་བདུན་སློབ་གྲྭ་དེ་མཛོད་དགེ་རྫོང་ཞིང་འབྲོག་རིག་གནས་ལག་རྩལ་སློབ་གྲྭ་རུ་བསྒྱུར་པ་དང་ཆབས་ཅིག བོད་ཡིག་སློབ་འབྲིང་དང་མཉམ་གནས་ཀྱིས་བོད་ཡིག་སློབ་འབྲིང་གི་སློབ་མའི་རྟེན་གཞིའམ་འབྱུང་གནས་སུ་བསྒྱུར་བསྐྲུན་མཛད། ༡༩༨༧ ལོར་རྔ་ཁུལ་ཞིང་ཕྱུགས་སློབ་གྲྭའི་ནང་བོད་ལུགས་ཕྱུགས་ནད་གསོ་རིག་ཆེད་ལས་འཛིན་གྲྭ་གསར་འཛུགས་མཛད།
བཞི་པ། ཉི་མའི་སློབ་གསོའི་ཐབས་ལམ་གསར་བཏོད།
སློབ་གྲྭ་དེ་དག་གསར་འཛུགས་དང་འབྲེལ་བོད་ཡིག་གི་ལམ་ནས་དེང་རབས་སློབ་གསོའི་སློབ་ཚན་ཁག་བསླབ་ཐུབ་པའི་ཐབས་ལམ་འཚོལ་སྒྲུབ་ཀྱིས་བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་སྒོ་ནས་དེང་རབས་སློབ་གསོའི་ལམ་ལུགས་ནང་བསྐྱོད་ཐུབ་པའི་ལམ་སྲོལ་གསར་བཏོད་མཛད། ལམ་སྲོལ་དེ་ལ་ཉི་མའི་སློབ་གསོའི་ཐབས་ལམ་ཞེས་སློབ་གསོའི་ལམ་ལུགས་ཁྱད་པར་བ་ཞིག་ཏུ་བརྩི་ཞིང་གྲགས་པར་གྱུར། དེའང་རྣམ་ཐར་དད་པའི་ཆུ་གཏེར་འཕེལ་བའི་ཟླ་བ་ལས། ‘‘རྗེ་ཉིད་ནས་གསར་བསྐྲུན་གྱི་རང་བཞིན་ལྡན་པའི་དེང་རབས་ཀྱི་སློབ་གསོའི་ལམ་ལུགས་དང་ཕྱོགས་མཚུངས་བོད་ཀྱི་རིག་གནས་སློབ་གསོའི་ཁྱད་ཆོས་འབུར་དུ་ཐོན་པའི་སློབ་གསོའི་ལམ་ལུགས་སློབ་ཆུང་ནས་སློབ་འབྲིང་། དེ་ནས་མཐོ་འབྲིང། དེ་ནས་སློབ་གྲྭ་ཆེན་མོར་ཡིག་རྒྱུགས་འབུལ་ཆོག་པའི་དགོངས་གཞི་ལམ་ལྷོང་བྱུང་།’’ ཞེས་གསུངས་པ་ལྟར་རོ།།
སློབ་གསོའི་ཐབས་ལམ་འདིའི་ནང་དེང་རབས་ཀྱི་སློབ་གསོའི་ལམ་ལུགས་བོད་ཡིག་ཐོག་ནས་འགྲོ་ཐུབ་ཙམ་མིན་པར། བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་མ་བརླགས་པར་མཉམ་གནས་ཐུབ་པའི་ཐབས་ཚུལ་གསལ་སྟོན་གནང་ཡོད་པ་འདི་ནི་དགོངས་གཞི་ཤིན་ཏུ་ཟབ་ཅིང་བཀའ་དྲིན་བསམ་གྱིས་མི་ཁྱབ་པའི་མཛད་པ་རླབས་པོ་ཆེ་ཞིག་ཡིན་པས། ཁྱད་ཆོས་འདི་ནམ་ཡང་མ་བརླགས་པ་ཞིག་དང་མཛད་བཟང་འདི་ནམ་ཡང་མ་ནུབ་པ་ཞིག་བྱེད་དགོས་པ་ནི་ཁོང་གི་བཀའ་དྲིན་རྗེས་དྲན་དང་འབྲེལ་བའི་སྒྲུབ་པའི་མཆོད་པ་གཙོ་བོ་དེ་ཡིན་ལ། ཁོང་གི་སློབ་གསོའི་ཐབས་ལམ་རྒྱུན་འཛིན་གྱི་ལས་ཀྱི་སྣེ་མོར་འཁོད་པ་རྣམས་ཀྱི་འགན་འཁྲི་གཙོ་བོ་དེའང་ཡིན་ནོ།།
སློབ་གསོའི་ཐབས་ལམ་ཁྱད་པར་བ་དེ་གསར་བཏོད་ཀྱིས་ལག་ལེན་བསྟར་བ་དང་ཆབས་ཅིག་ཏུ། དེ་དང་འབྲེལ་བའི་སློབ་དེབ་སྟེ་བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་ལྡན་ལ་དེང་རབས་སློབ་གསོའི་ཁྱད་ཆོས་ཀྱང་ཡོད་པའི་སློབ་དེབ་མི་ཉུང་བ་ཞིག་གསར་རྩོམ་མཛད། སློབ་གསོའི་མཛད་རྗེས་དེ་དག་གི་མཐུ་ལས་ཁོང་ལ་གངས་ཅན་བོད་ཀྱི་སློབ་གསོ་བ་ཆེན་མོ་དང་། རྩྭ་ཐང་གི་ཁུང་ཙི། རྩྭ་ཐང་གི་ཉི་མ་ཞེས་པ་སོགས་ཀྱི་མཚན་བསྟོད་དུ་མས་འབོད་སྲོལ་བྱུང་།
ལྔ་པ། བོད་ཀྱི་ཟློས་གར་འཁྲབ་སྟོན་གསར་བཏོད།
མཛོད་དགེ་སོགས་ཀྱི་རོང་འབྲོག་ས་ཁུལ་ལ་མཚོན་ན་དུས་འགྱུར་མ་བྱུང་གོང་དུའང་བོད་ཀྱི་ཟློས་གར་འཁྲབ་སྟོན་བྱེད་པའི་ལུགས་སྲོལ་དང་ཆ་རྐྱེན་མེད་པས། རིག་གནས་གསར་བརྗེ་ཆེན་པོའི་རླུང་འཚུབ་ལྡང་བཞིན་པའི་སྐབས་སུ་དེ་བས་ཀྱང་ག་ལ་ཞིག་སྟེ་ཡོང་ཐབས་མེད་པ་ལྟ་བུ་ཞིག་ཡིན་མོད། འོན་ཀྱང་ཁོང་གིས་ལྷག་བསམ་དང་སྙིང་སྟོབས་ཆེར་བསྐྱེད་ཀྱིས་ཕྱི་ལོ་ ༡༩༧༦ ལོར་ལྔ་བདུན་སློབ་གྲྭའི་ནང་ལས་ཞོར་ཟློས་གར་འཁྲབ་སྟོན་ཚན་ཆུང་གསར་འཛུགས་ཀྱིས་བོད་ཀྱི་ཟློས་གར་སྣ་ཚོགས་འཁྲབ་སྟོན་བྱེད་པའི་རིག་གཞུང་གི་ལམ་པ་ཆེ་ཞིག་གསར་བཏོད་མཛད། དེའང་སློབ་གྲྭའི་ནང་ཙམ་མིན་པར་ཉེ་འཁོར་གྱི་རོང་འབྲོག་ས་ཁུལ་ཁག་ཏུ་བསྐོར་བསྐྱོད་ཀྱིས་འཁྲབ་སྟོན་བྱེད་པའི་བྱེད་ཐབས་མཁས་པོའི་སྒོ་ནས་བོད་ཀྱི་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་གྱི་མཛད་པ་རྒྱ་ཆེར་བསྐྱངས། དེའི་ཆེད་བོད་ཀྱི་ཟློས་གར་གྱི་འཁྲབ་གཞུང་དུ་མ་གསར་རྩོམ་དང་ཕྱོགས་བསྒྲིགས་མཛད།
དྲུག་པ། རིག་གནས་བཅུའི་དམ་བཅའ་གསར་བཏོད།
དགུང་ལོ་དྲུག་ཅུ་རེ་ལྔ་བཞེས་པ་ལྕགས་རྟ། ཕྱི་ལོ་ ༡༩༩༠ ལོར་གདན་ས་ཆེན་པོ་སྟག་ཚང་ལྷ་མོ་ཀིརྟི་དགོན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་དུ་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་སྐབས། གཞུང་ཆེན་བཀའ་པོད་ལྔ་གཙོ་བོར་མཛད་པའི་ཐོག་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་སྟེ་བཅུ་ཕྲག་རིག་པའི་གནས་སོ་སོའི་ཐོག་དམ་བཅའ་བཞག་གནང་བ་ནི་སྔར་མེད་གསར་བཏོད་ཀྱི་མཛད་བཟང་བླ་ན་མེད་པ་ལགས་པ་བཅས་མདོ་ཙམ་མོ།།
ཐུགས་བསྐྱེད་རྟ་བདུན་ཤུགས་ཀྱིས་དྲངས། །གངས་ལྗོངས་མཁའ་ལ་རྣམ་པར་རྩེན། །འཕྲིན་ལས་འོད་སྟོང་ཕྱོགས་སུ་འགྱེད། །ཉིན་མོའི་མགོན་དེ་སླར་ཡང་དྲན། །
སྙིགས་མའི་རྒུད་ཚོགས་ཆུ་ཡི་གཏེར། །དགུང་དུ་འཕྱུར་བའི་ཀློང་དཀྱིལ་ན། །གཡོ་མེད་སྲིད་པའི་སྲོག་ཤིང་དུ། །བཞུགས་པའི་ལྷུན་པོ་གང་དེ་དྲན། །
སློབ་ཚོགས་འདབ་སྟོང་བཞད་པའི་ཚལ། །རིག་པའི་སྦྲང་རྩིས་ཅི་ཡང་ངོམས། །ཕན་བདེའི་དྲི་བསུང་ཕྱོགས་བཅུར་འཐུལ། །གང་གི་བཀའ་དྲིན་མཚོ་ལས་ཟབ། །
ཅེས་པ་འདི་ནི་བཀའ་དྲིན་མཚུངས་མེད་དགེ་བའི་བཤེས་གཉེན་དམ་པ་གང་གི་སློབ་གྲལ་དུ་གཏོགས་པ་འབྲིང་བ་འཇིགས་མེད་ཀྱིས། ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༨ ཉིན་བྲིས།