དོན་འགྲུབ་སྒྲོལ་མས་བོད་སྒྱུར་བྱས། ཨེ་མ་ཧོས་འོས་སྦྱོར་བྱས།
༡༽ལོ་ངོ་བཞིའི་གོང་དུ་ང་སློབ་གྲྭ་འདིར་གསར་དུ་འབྱོར་ནས་བདུན་དང་པོའི་ཉིན་ཞིག་ལ། ང་དང་གྲོགས་མོ་འགའ་ཞིག་གི་ལྷན་དུ་སློབ་གྲྭའི་གསོལ་ཚིགས་ཁང་དུ་གུང་ཟས་ཤིག་ཟོས། སྐབས་དེའི་ང་ཚོ་ནི་ཞེད་སྣང་དང་བློ་འཚབ་ཀྱིས་སེམས་པ་ཡོངས་སུ་བསྡམས་ཡོད་པ་ནི། གལ་ཏེ་ང་ཚོས་བདམས་པའི་སློབ་གྲྭ་འདི་འོས་འཚམ་ཅན་ཞིག་ཡིན་ན་སྙམ་པའི་སེམས་ཀྱི་དྲི་རྟགས་དེ་རེད། མཚམས་དེ་ནས་ཏག་ཏག་ང་ཚོའི་ཅོག་ཙེ་ལ་ཁ་གཏད་དེ་བུད་མེད་ཅིག་སླེབས་ནས་ངོ་སྤྲོད་གནང་། ཧ་ལས་དགོས་པ་ཞིག་ནི། ཁོ་མོ་ནི་གཙོ་འཛིན་པ་ལི་རི(Leary)ཡིན་པ་དང་། ང་ཚོས་ཁོ་མོ་སུ་ཞིག་ཡིན་པ་མ་རྟོགས་ཀྱང་ཁོ་མོས་ང་ཚོའི་མིང་མཁྱེན་འདུག ཉིན་དེ་ནས་བཟུང་ང་ཚོ་ནི་ཨ་རིའི་གཙུག་ལག་སློབ་གྲྭ་བྷེ་པཱེ་ཐུ(Bay Path)ཡི་ཁོངས་སུ་གཏོགས་ཀྱི་ཡོད་པ་རྟོགས་བྱུང་། ང་ཚོས་མིག་དཔེ་ཡར་ལྟ་བྱེད་སའི་འགོ་ཁྲིད་བཟང་པོ་ཞིག་དང་དེ་རིང་གུས་མོའི་སྐོར་ངོ་སྤྲོད་གནང་བར་ལི་རི་ལགས་སུ་སྙིང་ཁོངས་ནས་བཀའ་དྲིན་ཆེ་ཞུ།
༢༽ཁྱེད་ཀྱི་ལེགས་ཚིག་གིས་ང་ལ་ཡིད་གུས་སྐྱེས་པའི་ཚོར་བ་ཞིག་སྟེར་བྱུང་། ང་ནི་སྔོན་ཆད་ནོར་གཡག་འཚོ་མཁན་གྱི་རྫི་བོ་ཞིག་ཡིན་བས་ཧི་ལ་ཡའི་རི་ངོགས་སུ་འཚར་ཞིང་ལོངས། ངའི་ཕ་མ་གཉིས་ཀ་སློབ་གྲྭར་བསྐྱོད་མ་མྱོང་། དེ་བས། ང་ལ་ཤེས་ཡོན་གྱི་སྣེ་ཞིག་ཡང་རག་ཐུབ་པའི་བསམ་བློ་འཁོར་མ་མྱོང་། འོན་ཏེ། རླངས་འཁོར་ཉིན་བཞི་དང་མཁའ་གྲུ་ཆུ་ཚོད་ཉི་ཤུའི་རིང་འགྲུལ་བཞུད་བྱས་པའི་མཐར། ལོ་བཞིའི་གོང་ལ་ང་འདིར་འབྱོར། ང་ལ་དངངས་སྐྲག་སྐྱེས་ལ་སྤྲོ་སེམས་ཡང་འཕེལ། རྒྱལ་ཁབ་ཕྱི་ནས་ཡོང་མཁན་ཞིག་ཡིན་པས། རྒྱལ་ཁབ་གསར་པ་དང་རིག་གཞུང་གསར་པ་ཞིག་ལ་འབྱུང་འགྱུར་གྱི་ལོ་བཞིའི་རིང་ང་ཇི་ལྟར་འཚོ་ཐུབ་པའི་ཐོག་དོགས་འདྲི་ཡང་བྱུང་། དབྱིན་ཡིག་ནི་ངའི་སྐད་ཡིག་གསུམ་པ་རེད། དེ་བས། “རེ་བ་བཟང་སར་བརྒྱག་དགོས་ལ་མཇུག་འབྲས་སྡུག་སར་བསྒུག་དགོས་” ཞེས་རང་གིས་རང་ལ་བརྗོད་པ་ཡིན། སྐད་ཆ་གང་བྱུང་བཤད་མཁན་གྱི་བུ་མོ་རྣམས་མཐོང་ཚེ། དེ་དག་ལས་་འགའ་ཞིག་གིས་ང་ལ་ཐུབ་ཚོད་གཏང་ཡོང་སྙམ་པའི་སེམས་ཁྲལ་ཡང་བྱུང་། འོན་ཀྱང་། ང་ལ་རྨི་ལམ་ཆེན་པོ་ཞིག་ཡོད། ང་ལ་སེམས་འདུན་གྱི་ཚོར་རླབས་ཤིག་ཡོད། ང་ལ་དགའ་ཞེན་གྱི་བློ་ཐག་ཅིག་ཡོད། དེ་ནི། ངས་ཕྱིར་ཕ་ཡུལ་བོད་དུ་ཁྱད་པར་བཟོ་ཐུབ་པའི་བྱ་བ་ཞིག་གཉེར་བར། ང་ལ་འགངས་པའི་ཆ་རྐྱེན་བསྒྲུབ་ཕྱིར། ཉེན་ཁ་དང་དཀའ་སྡུག་ལ་གདོང་ལེན་བྱེད་རྒྱུ་དེ་ཡིན། བྷེ་པའེ་ཐུ་སློབ་ཆེན་གྱིས་ངའི་ལོ་རྒྱུས་ཐོས་མ་ཐག
༣༽ ངའི་རྨི་ལམ་ལ་གདེང་འཇོག་གནང་བྱུང་། འདི་ནས་ང་ལ་ཁྲོམ་ར་དང་ཁེ་ལས་རིག་པའི་སློབ་སྦྱོང་གི་གོ་སྐབས་ཐོབ། ངས་སློབ་ཆེན་ལོ་རིམ་གཉིས་པའི་སྐབས་བོད་ཀྱི་ལག་བཟོ་བ་རྣམས་ནུས་ཤུགས་སྤེལ་བ་དང་། ཁོང་རྣམས་ལ་ལས་ཀ་བསྐྲུན་པའི་དམིགས་ཡུལ་བཟུང་སྟེ་ཚོང་རྟགས་ “མཁྱེན་ལི”ཞེས་པའི་ཚོང་གཉེར་ཁང་ཞིག་སྒོ་འབྱེད་བྱས། མི་སྒེར་པ་ཞིག་ཡིན་ན་རེད། སྤྱི་ཚོགས་ཤིག་ཡིན་ན་རེད། གལ་ཏེ་དཔལ་འབྱོར་གྱི་རང་རྐྱ་འཕེར་མཁན་ཞིག་ཡིན་ན། ཕྱིའི་དཔལ་འབྱོར་གྱི་གནོན་ཤུགས་མེད་པའི་ཐོག ནང་གི་རིག་གཞུང་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་ཐུབ་པའི་ཡིས་ཆེད་ཡོད། བོད་ནང་དུ་ངའི་གྲོང་སྡེ་ལ་མཚོན་ན། མ་འོངས་མདུན་ལམ་དེ་སོ་སོས་ཐག་གཅོད་བྱེད་ཐུབ་དགོས་པ་དེ་ཡིན། དེ་བས། ཤིང་ནགས་གཅོད་གཏུབ་དང་རྔོན་གསོད་པ་སོགས། ཁོར་ཡུག་དང་ཚེ་སྲོག་ལ་གཏོར་བཤིག་ཡོང་བའི་ཡོང་འབབ་བཟོ་བ་ལས། ལག་བཟོ་དང་སྒྱུ་རྩལ་སོགས་ཀྱི་བརྒྱུད་དེ་ང་ཚོས་འཚོ་བ་བརྟན་པོ་བཟོ་ཐུབ། སློབ་ཆེན་ལོ་རིམ་གསུམ་པའི་སྐབས། ཨ་རི་ཝཱ་ཤིན་ཀྲོན་དུ་གཏན་བཞུགས་བྱས་པའི་སཱི་མིག་ཐཱི་སོ་ནཱོན་སློབ་གཉེར་ཁང་དུ( SmithSonian Institute)། ང་ལ་གླ་ཡོད་གློག་བརྙན་བཟོ་སྐྲུན་གྱི་ཉམས་མྱོང་བསག་སའི་ལས་ཀ་ཞིག་རག དེར་བོད་ཀྱི་ལག་བཟོ་བའི་ཐོན་རྫས་འཛམ་གླིང་གི་ཁྲོམ་རར་འདྲེན་ཐབས་ཀྱི་ལས་ཀ་བྱས། སཱི་མིག་ཐཱི་སོ་ནོན་གྱི་རྒྱབ་སྐྱོར་དང་རོགས་རམ་འོག ངས་བོད་ཀྱི་ལག་བཟོ་བ་དེ་དག་གི་ལོ་རྒྱུས་དང་། ཁོང་ཚོའི་ལག་བཟོ་དང་སྒྱུ་རྩལ་ལ་འཚམ་པའི་འཛམ་གླིང་ཞིག་བསྐྲུན་པར། གློག་བརྙན་གྱི་བརྒྱུད་དུ་ཁོང་ཚོ་ལ་འཛམ་གླིང་ཞིག་དགོས་པའི་དགོས་འདུན་བསྟན་ཡོད། སློན་ཆེན་ལོ་མཐའ་མའམ། བསླབ་པ་རྒན་པའི་ལོ་དེར། ཨ་ཕ་དང་གཅུང་པོ་གཉིས་ཨ་རིར་གདན་འདྲེན་ཞུས་ནས། ཁོང་གཉིས་ཀྱི་ལྷན་དུ་ཡཱེལ་གཙུག་ལག་སློབ་གཉེར་ཁང་(Yale University) དང་།
༤༽ལཱ་ཙེ་དཔེ་མཛོད་ཁང་། སཱི་མིག་ཐཱི་སོ་ནོན་སློབ་གཉེར་ཁང་སོགས་སུ། བོད་ལི་སྒྱུ་རྩལ་སྲོལ་རྒྱུན་དང་འབྲེལ་བའི་ཐོག་འགྲེམས་སྟོན་དང་གཏམ་བཤད་སྤེལ་བ་ཡིན། དགོང་མོ་དེར། མཐོ་སློབ་འདིའི་སློབ་དཔོན་བཞི་སློབ་གྲྭ་ནས་ནིའུ་ཡོག་( New York)བར། གུས་མོར་རྒྱབ་སྐྱོར་མཚོན་ཆེད་ཕེབས་ཏེ། དགོང་ཟས་མཉམ་དུ་རོལ་རྒྱུ་བྱུང་། གཙུག་ལག་སློབ་གཉེར་ཁང་འདིའི་ནང་དུ། བདག་གི་སློབ་སྦྱོང་གི་བརྒྱུད་རིམ་དུ་རྒྱབ་སྐྱོར་གནང་མཁན་གྱི་སློབ་དཔོན་རྣམ་པ་སླེབས་པའི་ཚད་མཐོ་བའི་བཀའ་དྲིན་རྗེས་དྲན་གྱི་ཚོར་ཤུགས་འོག ངའི་ཨ་ཕས་དགའ་སྤྲོའི་མིག་ཆུ་བཏང་བྱུང་། དེ་རིང་ང་ཅི་ཞིག་ཆགས་ཡོད་པར་ཁོང་སྤོབས་པ་སྐྱེས། ད་བར། ངས་ཨ་ཕའི་གདོང་ལ་དགའ་སྤྲོ་དེ་ལྟ་བུ་ཞིག་མཐོང་བ་ཐེངས་དང་པོ་ཡིན། རྒྱུན་དུ་ངས། ང་ཆུང་དུས་བོད་ཀྱི་ལག་བཟོ་དང་གཡག་རྫི་སོགས་ཀྱི་ཐོག་ལ་གོ་ཆོད་མཁན་ཞིག་མིན་པའི་སྒྲུང་བཤད་ནས་གད་མོ་སློང་གི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས། ངའི་ཕ་མ་གཉིས་ཀྱིས་ཕ་ཡུལ་དང་ཉིན་མཚན་གོ་ལྡོག་པའི་རྒྱང་རིང་གི་འཛམ་གླིང་ཞིག་ཏུ་གཏོང་བའི་མོས་མཐུན་བྱས། ངས་དེ་རིང་ཁྱེད་ལ་བརྗོད་འདོད་པ་ནི། སྔོན་ཆད་ང་ཟོག་རྫི་དང་ལག་བཟོ་ལ་མཁས་པ་ཞིག་མིན་པས། དེ་རིང་ང་ཧ་ཅང་དགའ་ཡོད། དེ་མིན། དེ་རིང་ང་འདི་ན་མཐོ་རིམ་སློབ་མའི་ལག་འཁྱེར་ལེན་དུ་སླེབས་ཐུབ་མེད་ལ། ངས་དེ་རིང་གི་གཏམ་བཤད་འདིའང་སྤེལ་ཐུབ་མེད། ངའི་ཤེས་ཡོན་གྱི་བརྒྱུད་རིང་དུ་ང་གཅིག་པུ་ཡོང་བཞག་པ་ཞིག་རྩ་བ་ནས་མིན། འདི་ནི་མཉམ་རུབ་ཀྱི་བྱ་བ་ཞིག་ལས་བྱུང་ཡོད། དེ་བས། ད་བར་གུས་མོར་རོགས་རམ་དང་མཐུན་འགྱུར་གནང་མཁན། སེམས་ཤུགས་སྤྲོད་མཁན་ཡོངས་ཀྱི་བཀའ་དྲིན་རྗེས་སུ་དྲན་ཞིང་སྙིང་ལ་ཚོར་ཡོད། ད་བར་ང་ལ་བྱ་བ་གང་ཞིག་ལེགས་གྲུབ་བྱུང་ཡོད་པ་ནི་ཁྱེད་རྣམ་པའི་བྱམས་སེམས་དང་བརྩེ་བའི་འབྲས་བུ་ལས་བྱུང་པ་ཞིག་ཡིན། འདས་པའི་ལོ་ངོ་བཞི་ནི་མིག་རྡེབ་ཐེངས་ཤིག་ལ་ཕྱིན། ང་ཚོ་བྷེ་པཱ་ཐུ་རི་སྐྱེས་ཞི་མི་རྣམས་ནི་སོ་སོའི་སྤྱི་ཚོགས་དང་།
༥༽དགའ་ས་བཟང་ས་དག་གི་ཆེད་དུ་འགོ་ཁྲིད་དང་ཞུ་རྩོད་པ་བྱ་དགོས་པའི་སྐུལ་མ་བཏང་ཡོད། ང་ཚོ་རི་སྐྱེས་ཞི་མི་རྣམས་ནི་གཞན་གྱིས་བཅངས་པའི་རེ་བ་ལས་བརྒལ་དགོས་པ་དང་། སྙིང་སྟོབས་ཅན་ཞིག་བྱེད་དགོས་པའི་སེམས་འགུལ་སྤེལ་ཡོད། བྷེ་པཱེ་ཐུ་ལ་ང་ཚོ་སེམས་པ་བཟང་པོ་བཟོ་དགོས་པ་དང་། རང་གཞན་གཉིས་ཀ་ལ་གུ་ཡངས་ཀྱི་བསམ་པ་འཛིན་དགོས་པ་བརྗོད་བྱུང་། དེ་རིང་འདི་ན། འདས་པའི་ལོ་ངོ་བཞིའི་རིང་གི་དགེ་བའི་བཤེས་གཉེན་དང་གྲོགས་པོ་གྲོགས་མོའི་མི་ཚོགས་ཤིག་གིས་བསྐོར་ཡོད། དེ་རིང་ང་ཚོ་འདི་ན་གུས་ཞབས་དང་གདེང་ཚོད་ཀྱིས་ཁེངས་ནས་ལངས་ཡོད། འདི་ནི་རྫོགས་མཚམས་ཤིག་མིན། འདི་འགོ་འཛུགས་ཤིག་ཡིན། མ་འོངས་བར། གལ་ཏེ་ཁྱེད་ཚོ་ནང་ནས་སུ་ཞིག་བོད་དུ་ཕེབས་འདོད་ཡོད་ཚེ། ངས་བྷེ་པེ་ཐུའི་གཙུག་ལག་སློབ་གྲྭའི་ཚོགས་མི་རྣམས་ལ་ཁང་མིག་ཞིག་ཉར་ངེས། ཕྱི་ལོ་ ༢༠༡༧ ལོའི་བསླབ་པ་མཐར་སོན་པ་རྣམས་ལ་བཀྲིས་བདེ་ལེགས་ཞུ། འབྱུང་འགྱུར་གྱི་བགྲོད་ལམ་ཁྲོད། སྙིང་སྟོབས་དང་། ། འཇིགས་བྲལ། གུས་ཞབས་ངང་བསྐྱོད་ཅིག
མཆན། སྒྱུ་རྩལ་བ་དང་ཁེ་ལས་པ་ཁམས་སྡེ་དགེ་སྨན་ཤོད་ནས་ཡིན་པའི་གྲོགས་མོ་ཟླ་བ་སྒྲོལ་མས་ཁོ་མོ་ཨ་རིའི་གཙུག་ལག་སློབ་གྲྭ་ནས་བསླབ་པ་མཐར་སོན་གྱི་མཛད་སྒོའི་ཐོག་སྤེལ་བའི་གཏམ་བཤད་ཆ་ཚང་། གུས་མོས་ཡིག་རྒྱུགས་སྦྱོང་བཞིན་པའི་ཆུ་ཚོད་འགའ་ཞིག་བེད་སྤྱོད་བྱས་ནས་ཁོ་མོར་ཆེ་བསྟོད་དང་འཚམས་འདྲི། ཡང་དབྱིན་ཡིག་མི་གོ་མཁན་དག་གི་ཆེད་དུ་བོད་བསྒྱུར་བྱས།
༢༣།༥།༢༠༡༧ ཉིན།
ཐུགས་རྗེ་ཆེ། བོད་ཀྱི་དེང་རབས་བུད་མེད་ཚོའི་ཚབ་མཚོན་ཞིག
ཟླ་བ་སྒྲོལ་མས།
https://www.facebook.com/tsering.gopatsang/videos/1948269115392535/?hc_ref=NEWSFEED
ཁམས་སྡེ་དགེའི་བུ་མོ་ཟླ་བ་སྒྲོལ་མ་ལ་མཚམས་འདྲི་བཀྲིས་བདེ་ལེགས་ཞུ། ཟླ་བ་སྒྲོལ་མས་སློབ་སྦྱོང་ལ་ཡིད་རང་དང་བསྔགས་བརྗོད་ཡོད
ཟླ་བ་སྒྲོན་མའི་གཏམ་བཤད། དོན་གྲུབ་སྒྲོལ་མས་བོད་སྒྱུར་བྱས་པ་དེ་རབ་ཏུ་ལེགས།
་
མིང་ཚིག་འགའ་ཞིག་གི་འབྲི་སྟངས་ལ་དཔྱད་པར་བྱ་སྟེ།
་
ཏག་ཏག། ཅེས་པ། དག་དག་ཅེས་འབྲི་ན། ལེགས་པར་མངོན། ལཱ་ཙེ། ཞེས་པ་བོད་སྐད་ན། མེད་པའི་སྒྲ་རུ་སྣང། དགོང་ཟས། ལ་དགོངས་ཟས་དང་། ཐེངས་དང་པོ་ལ། ལན་དང་པོ་དང་། འཛམ་གླིང་། ཞེས་པར་ཛམ་གླིང་། འབྲི་ཐུབ་ན། བཀའ་འགྱུར་ན་ཡོད་པའི་བོད་སྐད་དང་་མཐུན་ནོ།
ཤིན་ཏུ་བསྒྱུར་འོས་པ་ཞིག་རང་སྐད་དུ་ཕབ་བསྒྱུར་ཞུས་པར་ཐུགས་རྗེ་ཆེ་ཞུ། བསམ་ཚུལ་ཕྲན་བུ་ཞིག་ཞུ་ན། “ང་ལ་རྨི་ལམ་ཆེན་པོ་ཞིག་ཡོད” ཟེར་ན་གོ་རྒྱུ་འདུག་གམ། ད་སྔའི་བོད་ཀྱི་ཡིག་ཚང་ལ་གྲགས་མ་མྱོང་བ་ཞིག་རེད། ཨིན་སྐད་དུ། I had a big dream ཞེས་བརྗོད་པ་ལ། དེ་ནི་ཁོ་བ་ཚོའི་སྐད་འགྲོས་སུ་སྔ་མོ་ནས་གྲུབ་ཟིན་པ་ཞིག་ཡིན་པས། ཁོང་ཚོའི་ལོ་ཆུང་བྱིས་པ་ཡན་ཆད་ལ་ what is your dream? ཞེས་དྲིས་ན། ང་དགེ་རྒན་ཞིག་ཆགས་འདོད་ཡོད། ཅེས་སམ་ཡང་ན། ང་སྨན་པ་ཞིག་བྱེད་འདོད་ཡོད། ཅེས་པ་ལྟ་བུའི་ལན་འདེབས་པར་བྱེད། འོན་ཀྱང་བོད་སྐད་དུ། བྱིས་པ་ཞིག་ལ་ཁྱོད་ཀྱི་རྨི་ལམ་ཅི་ཞིག་ཡིན་ཞེས་དྲིས་ན། ང་དོ་དགོང་མལ་དུ་ཉལ་ནས་སང་ཉིན་ལབ་གདབ་བོ། ཞེས་ལན་ལྡོན་ཉེན་ཅི་བས་ཆེ་བ་ཡིན་ཏེ། དེ་ལྟ་བུའི་སྐད་བོད་སྐད་དུ་རྩ་ནས་མ་གྲགས་པས་སོ། །འདི་ནི་ཐད་བསྒྱུར་བྱས་པའི་སྐྱོན་དུ་སྣང་ན། “ང་ལ་འདུན་པ་ཆེན་པོ་གཅིག་ཡོད” ཅེས་སམ་ཡང་ན། “ང་ལ་ཕུགས་བསམ་ཆེན་པོ་གཅིག་ཡོད” ཅེས་དོན་བསྒྱུར་བྱས་ན་ཤིན་ཏུ་མད་པ་ཡིན། དེ་སྔོན་སྐུ་ཞབས་དཔལ་ལྡན་རྒྱལ་ལགས་ཀྱིས་ཀྱང་ མཱར་ཊིན་ལོ་དྷར་ཁཱིན་གྱི་ i have a dream ཞེས་པའི་གཏམ་བཤད་རིང་མོ་དེའི་ཁ་བྱང་གོང་ལྟར་ཐད་བསྒྱུར་གྱིས། ང་ལ་རྨི་ལམ་ཞིག་ཡོད། ཅེས་སུ་བསྒྱུར་འདུག་པ་ཡང་གུས་པར་མཚོན་ན་མ་བདེ་བ་ཆེན་པོ་བྱུང་། ཕལ་ཆེར་གཞན་ལའང་དེ་མཚུངས་ཡིན་སྲིད།
དེ་བཞིན་འདིའི་ནང་ན། “ཁོང་ཚོའི་ལག་བཟོ་དང་སྒྱུ་རྩལ་ལ་འཚམ་པའི་འཛམ་གླིང་ཞིག་བསྐྲུན་པར” ཅེས་པ་འདི་ཡང་། ཐད་བསྒྱུར་དོར་ཏེ། “ཁོང་ཚོའི་ལག་བཟོ་དང་སྒྱུ་རྩལ་ལ་འཚམ་པའི་ཁོར་ཡུག་ཅིག་བསྐྲུན་པར།” ཅེས་དོན་བསྒྱུར་ཞུས་ན། བོད་རང་གི་སྒྲ་རྟོག་དང་ཤིན་ཏུ་འབྱོར་བ་ཡིན། སརྦ་མངྒ་ལཾ།
ལོ་ཡག་ལེགས་ཀྱིས་བྲིས་པ་ལ་མངོན་པར་བསྟོད།
དགོང་། འཛམ་གླིང། བོད་མཁས་པ་དག་གིས་བྲིས་པ་དང་མཐུན་ནམ། ཐད་བསྒྱུར་གྱིས། ཞེས་པར་དག་ཆ་ལེགས་སམ།
རྒན་ལ་དྭགས་པར་ལན་དུ་ལྡོན་པ།
༡། ༼གངས་ལྗོངས་ཚིག་མཛོད་ཆེན་མོར༽ “དགོང་ཀ” ཉིན་མོར་ཆ་གསུམ་དུ་ཕྱེ་བའི་མཐའ་མ། ཞེས་དང་། “དགོང་བཅད” ཉིན་གུང་ཡོལ་མཚམས་ནས་སང་ཉིན་སྔ་དྲོ་བར་ཁ་ཟས་སྤོང་བ། ཞེས་དང་།
“དགོངས་བཅད” སེམས་ཀྱིས་ཐག་བཅད་པ། ཞེས་གསལ།
༼དག་ཡིག་གསར་བསྒྲིགས་༽ན། “དགོང་” མཚན་མོའི་དུས་ཀྱི་མིང་སྟེ། དོ་དགོང་། མདང་དགོང་། དགོང་མོ་ཞེས་པ་ལྟ་བུ། ཞེས་གསལ། དེས་ན་རྒན་ལགས་ཀྱིས། འདིའི་ཐད་ནས་ཚིག་མཛོད་འདི་གཉིས་སྒྲིག་པ་པོ་རྣམས་ཀྱིས་གཟུ་ལུམ་བྱས་པར་འདོད་དམ། ཡིན་རྒྱུ་མ་རེད། ཏན་ཏན་དག་ཡིག་གཞན་ལ་ཁོངས་གཏུགས་ཡོད་རྒྱུ་རེད།
གཞན་ཡང་རྒན་ལགས་ལ། “དགོངས་བཅད” ཟེར་ན་དོན་ཅི། སེམས་ཀྱིས་ཐག་བཅད་པར་གོའམ། ཡང་ན། ཉིན་གུང་ཡོལ་མཚམས་ནས་སང་ཉིན་སྔ་དྲོ་བར་ཁ་ཟས་སྤོང་བ་ལ་གོ། ཁྱེད་ལ་དེ་གཉིས་དབྱེ་བ་མི་ཕྱེད་པའི་སྐྱོན་མི་འབབ་བམ། གཞན་ཡང་། དགོང་ཞེས་པ་མཚན་མོ་དོན་གྱི་རྣམ་གྲངས་ལ་མི་སྤྱོད་ན། དེ་ལ་འཇུག་ས་གཞན་མེད་པས། དེ་བོད་ཀྱི་ཡིག་ཚང་ནས་རྒྱང་ཕུད་བཏང་བ་མ་རེད་དམ། དགོངས་ནི། དགོངས་བཞེས། དགོངས་རྫོགས། དགོངས་པ་སོགས་འཇུག་ས་མང་བས་ན། མི་མང་པོར་ཞྭ་མོ་གཅིག་བསྐྱོན་དགོས་དོན་ཅི་ཡོད།
༼ངག་སྒྲོན་༽དུ། དགོངས་མོ་ནོར་དགྲམ་མེ་ཏོག་དགྲམ། ཞེས་སོགས་རེ་གཉིས་འབྱུང་བས་ན། རྒན་ལགས་ཀྱིས་མཐའ་གཅིག་འཛིན་བྱེད་པར་འདུག་ཀྱང་། རིགས་པས་བརྟག་དགོས། རྩོམ་པ་པོར་ཐུགས་མཉམ་མ་བཞག་པའི་སྐྱོན་འབྱུང་སྲིད་ལ། སུག་བྲིས་པར་དེ་བས་ཀྱང་ངོ་། །འོན་ཀྱང་ཁ་ཚོན་སུས་ཆོད།
༢། རྒན་ལགས་ཀྱིས་སྙན་རྩོམ་ལ་ “སྙན་དངགས” བྲི་དགོས་ཞེས་མཐའ་གཅིག་ཏུ་ཨུ་ཚུགས་བྱེད་མོད། ས་པཎ་གྱིས་༼དག་པར་བྱེད་པ་སྡེབ་སྦྱོར་རིན་རྒྱ་མཚོ་༽ན། སྙན་ངག་ལ་སོགས་ས་སྙན་ཡིན། །ཞེས་གསུང་ཞིང་། ད་སྔའི་འགྲེལ་ལུགས་ལའང་། སྙན་ངག་གི་བརྗོད་བྱ་དང་མཚན་མཚོན། རྣམ་དབྱེ་སོགས་གསལ་བར་སྟོན་པའི་རིག་པའི་གཞུང་ལུགས་ལ “སྙན་དངགས” དང་། དེ་དང་འབྲེལ་བྱུང་གི་སྒྱུ་རྩལ་སྙན་ཚིག་ལ”སྙན་ངག” ཏུ་འབོད་པ་རེད།
༣། སྤྱིར ”ཛམྦུ་གླིང” ཞེས་པའི་སྐབས་སུ། འ་སྔོན་འཇུག་མི་སྦྱོར་ཡང་། “འཛམ་གླིང་” ཞེས་པའི་སྐབས་སུ་སྔོན་འཇུག་འ་སྦྱར་པ་ནི། ཐ་སྙད་དེ་བོད་རང་གི་སྐད་ཀྱི་ཁྱད་ཆོས་ཅན་དུ་བྱས་པ་རེད། ཁྱེད་ཀྱིས་བསྟན་འགྱུར་ཀློགས་དང་། འ་སྔོན་འཇུག་ཅན་རྒྱུན་མི་ཆད་པར་མཐོང་ཡོང་། དེ་ཡི་ཕྱིར་ན། མཁས་དབང་དམུ་དགེ་མ་ཡིན་ནམ། དེ་བོད་རང་གི་སྐད་ཀྱི་ཁྱད་ཆོས་ཅན་དུ་བྱས་པ་རེད་ཅེས་བཀྲལ་ཡོད། །སྤྱིར་ཡང་ཐ་སྙད་དེ་ནི་སྒྲ་བསྒྱུར་པ་ཞིག་ཡིན་པས། སྒྲ་ཐོན་ཡོང་མིན་བལྟ་རྒྱུ་ལས། དག་ཆ་ཐོན་མིན་བལྟ་རྒྱུ་ཞིག་མ་རེད།
༤། “ཐད་བསྒྱུར་གྱིས” ཞེས་པ་གུས་པའི་མཉམ་མ་བཞག་པའི་སྐྱོན་ཏེ། “ཐད་བསྒྱུར་ཀྱིས” ཞེས་བཅོ་བར་བྱའོ། །
ཁ་བྲོ། །
གཞོན་ནུ་ལོ་ཡག་མཆོག་གིས་ལན་རིང་པོར་བྲིས་པར་དགའ།
དགོངས། ཞེས་པ་རྩ་བར་ཁ་སྐད་ཤན་ཞུགས། དགོངས་པ་ངེས་པར་འགྲེལ་པ། ཞེས་དགོངས་པ་དང་དགོངས་གཉིས་ལ། པ། ཡོད་མེད་མ་གཏོགས། རྩ་ཚིག་ཁྱད་མེད། བཅས་ལྡན་དགེ་སློང་གིས་རྒྱུན་དུ་དགོངས་ཟན་སྤོང་བ་ལ་དགོངས་གཅོད། ཅེས་པ་རླུང་ལྟར་སྒྲོགས། དེ་ཉིད་ཀྱི་འདས་ཚིག་གཞོན་ནུ་ཁྱེད་ཀྱིས་ཤེས།
དགོངས། ཞེས་པ་མཚན་མོ་དང་ཉིན་མོའི་མཚམས་ལ་མ་གཏོགས་མཚན་མོར་མི་འཇུག དགོངས་པ། ཞེས་པའི་ལེགས་སྦྱར་སྐད་དོད། སནྡྷི། ཞེས་པ་མཚམས་སྦྱོར། ཞེས་ཀྱང་བསྒྱུར་པ་ཡང་མཆིས། ལེགས་སྦྱར་གྱི་མིང་ཚིག་རྣམས་སྔ་མ་དང་ཕྱི་མ་དག་སྦྱོར་བའི་སྐབས་ལ་མཚམས་སྦྱོར་པ་ཞེས་པ་མཆིས།
ངག་སྒྲོན་གྱི་སྔོན་དུ། དག་ཡིག་ཟ་མ་ཏོག་ན། དགོངས་པ་དང་ནི་ཕྱི་དྲོའི་དགོངས། ཞེས་བཀའ་བསྟན་ན་གསལ་བ་ལྟར་བཀོད། བུ་སྟོན་ཞབས་ཀྱིས་ཀྱང་། དགོངས་ཀ་མི་འདུས་པ་རྣམས་ལ་སྨྲས། ཞེས་བྲིས་པར་མཛད།
ངག་དང་། དངགས་གཉིས་ཀྱི་སྒྲ་གདངས་ཀྱི་མི་འདྲ་བའི་དབང་གིས། སྔ་རབས་པའི་སྒྲ་སྒྱུར་པ་རྣམས་ཀྱིས། སྙན་དངགས། ཞེས་འདོན་ཅིང་བསྒྱུར་ཏོ།
ཛམྦུ། ཞེས་པ་རྒྱ་གར་གྱི་སྒྲ་ཡིན། རྩ་བའི་འགྲོ་སྟངས་དེ་ལྟར་ལགས་པ་ལས་སོ་སོའི་རྣམ་པར་རྟོག་པའི་དབང་གིས་བྲིས་པ་མཐའ་ཡས་སོ།
ཁྱེད་ཀྱིས་བྱ་ཚིག་འདས་པ་དང་། སྐུལ་ཚིག་དག་ལ་ཡང་འཇུག་དགོས་པ་སེམས་ལ་བབས། འོན་ཀྱང་། འབྱིན་པའི་འདས་ཚིག ཕྱུང་། ཞེས་པ་ཁོ་ན་བྲིས་ཀྱང་། ཁོ་བོའི་གྲོང་སྐད་ན། བརྡ་རྙིང་གི་ཚུལ་དུ་འབོད་ཅིང་། ཕཡཨིངས། ཞེས་ཡང་འཇུག་ས་ཡང་འབོད་པ་ལགས་སོ།
དགེན་ལགས་མཆོག་གིས། “དགོངས་གཅོད” ཅེས་རླུང་ལྟར་གྲགས་འདུག་ཟེར། ཨ་ཙི། མི་ལ་མ་གྲགས་པར་རླུང་ལ་ཇི་ལྟར་གྲགས། ཀུ་རེ། དངོས་གནས་བཤད་ན། རླུང་ལྟར་གྲགས་པ་དེ། “དགོངས་བཅད” དང་ “དགོང་བཅད” རེད། “དགོངས་གཅོད” ཅེས་པ་ཞིག་གང་དུའང་མ་གྲགས། གྲགས་ན་བསྟན་འཚལ། དགོངས་བཅད་ཅེས་པའི་ “བཅད” མིང་གི་ཆ་ཤས་སུ་གྲུབ་ཟིན་པ་ཞིག་ཡིན་པས། གཅད་གཅོད་ཆོད་སོགས་སུ་བསྒྱུར་ཏུ་མི་རུང་།
དགེན་ལགས་སུ་ལུང་ཁུངས་འདུག་མོད། ང་ནི་༼གངས་ལྗོངས་ཚིག་མཛོད་ཆེན་མོ་༽དང་༼དག་ཡིག་གསར་བསྒྲིགས་༽ཀྱི་རྗེས་སུ་འབྲང་འདོད། གང་ལ་ཟེར་ན། ཞུས་ཟིན་ལྟར། དེ་ལྟར་སྦྱར་པ་ལ་གནོད་གཞི་མེད་ཐོག་མིང་ཚིག་གཞན་དང་མི་འདྲེ་བའི་དགེ་མཚན་ལྡན་པས་སོ། །ལུང་ཁོ་ན་ལས་རིགས་པས་མི་བརྟགས་པ་ནི། སྐད་ཡིག་འཁོར་རྒྱུགས་ཀྱི་གེགས་སུ་འགྲོ། དཔེར་ན། རྫོགས་ཚིག་གི་མཐར་ཉིས་ཤད་འབྲི་ན། དེ་ལ་སྐྱོན་ལས་ཡོན་ཏན་གང་འདུག ལག་ལེན་གྱི་ཉམས་མྱོང་ལས་རང་རེའི་སྐད་ལ་འདོར་ལེན་བྱ་དགོས་པའི་ཕྱོགས་མི་ཉུང་བ་ཞིག་མཐོང་སོང་ཡང་འདིར་མི་སྤྲོ། །”སྙན་ངག་དང་སྙན་དངགས” ཀྱང་བཤད་ཟིན་ཏོ། །ལར་ནས་མིང་འདི་འགྱུར་ཞིག་མ་ཡིན་པས་ལེགས་སྦྱར་ལ་འབྲེལ་མེད་སྙམ།
བཀྲ་ཤིས་ཤོག།
ཡིག་རྙིང་ལྟར་ན། གདོངས་དྲོ་དག་པ་རེད། མིང་ལ་དུས་ད་ལྟ་བ་དགོངས་གཅོད་དག་པ་རེད། སྙན་དངགས་ལ་སྙན་ངག་བྲིས་ན། སྙན་དངགས་ཞེས་པའི་མིང་ཚིག་འདི་བེད་མེད་དུ་འགྱུར་བ་དང། འཛམ་ལས་ཛམ་འདི་སྒྲ་འཇམ་པ་དང་། རྒྱ་གར་སྐད་ཀྱི་ཛམྦུ་དྭིབ་ཀྱི། ཛམ་འདི་ཡང་ད་དུང་སྒྲ་དྲག་པས་སྐྱོན་ཡོད་པ་ནི། ལེགས་སྦྱར་སྐད་ལ་ཅུང་ཟད་སྦྱང་ནའང་ཤེས་ཐུབ་བོ།།
ཧེ་ཧེ། དབང་རྟུལ་དད་པའི་རྗེས་འབྲང། ད་ལན་གདབ་སྙིང་མི་བྲོ། རི་བོང་རྩྭ་གཟན་སྤྱང་ཀི་ཤ་གཟན་གཉིས། །ཟས་ཀྱི་དོན་དུ་གྲོས་ཁ་བསྡུར་བ་ལས། །རེ་ཞིག་རང་རིགས་མཐུན་པའི་འཁོར་ནང་དུ། །རང་རང་སོ་སོའི་སྤྱོད་པ་བསྐྱང་ན་ལེགས། །
དགོངས་དག།དབང་རྣོན་གྱི་ཚབ་ཏུ་དབང་རྟུལ་གཏགས་ཤོར་བར་དགོངས་དག་ཞུ། དབང་རྣོན་ཆོས་ཀྱི་རྗེས་འབྲང་ལ་ལན་ཅིས་ཀྱང་ལྡོན་འོས།
“དགོངས་གཅོད” དག་ན། ལུང་ཞིག་སྟོན་དང་། འདུལ་གཞུང་གང་ནས་ཁྱེད་ལ་དེ་འདྲའི་ཡི་གེ་ཞིག་རེག་གམ། རེག་ན་ངས་སྟོང་གདབ་བོ། ཞེན་དོན་ལ་བརྟགས་ན། མིང་རྐྱང་དུ་གྲུབ་པའི་བྱ་ཚིག་ཡིན་ན་ད་ལྟ་བས་ཁྱབ་པ་ཁས་བླངས་པ་མ་རེད་དམ། ཡིན་ན། “གསལ་བསྒྲགས་” ལ་ “གསལ་སྒྲོག”། “བཅོམ་ལྡན་འདས” ལ “འཇོམས་ལྡན་འདའ” “ཆིངས་ཡིག” ལ་ “བཅིངས་ཡིག”། “ཐོངས་མཆན” ལ་ “གཏོང་མཆན”། ཕེབས་བྱམས་”ཁྱོགས” ལ་ “འགྱོག”། “ཕབ་སྒྱུར” ལ་ “འབེབ་སྒྱུར” ཞེས་སོགས་སུ་བྲིས་ཤིག་ཀློགས་ཤིག་ཀུན་ཆུབ་པར་བྱོས་ཤིག རྗེད་པར་བྱོས་རི་མོར་བྱོས་བཀུར་སྟིར་བྱོས་ཤིག གཞན་དག་ལའང་ཡང་དག་པར་རྗེས་སུ་སྟོན་ཅིག
ཤེས་ལྡན་མང་པོས་ ༼སྙན་དངགས་མེ་མོང་མ་༽བོད་ལ་མ་འགྱུར་བའི་སྔོན་དུ། བོད་ལ་སྙན་དངགས་མེད་ཀྱང་སྙན་ངག་ཡོད་ཅེས་ཤོད་སྲོལ་ཡོད། དེའི་དོན་ཅི་རེད། དེའི་དོན་ནི། དེའི་སྔོན་དུ་སྙན་ངག་གི་རིག་པའི་གཞུང་ལུགས་མེད་ཅེས་པའི་དོན་རེད། དེས་ན་ “སྙན་ངག་” ཅེས་བྲིས་ན་ “སྙན་དངགས” བེད་མེད་དུ་ཇི་ལྟར་འགྱུར། མི་འགྱུར་བར་ཐལ། སྙན་གཞུང་རྣམས་ཡོད་ཡོད་པའི་ཕྱིར་ཏེ། དེ་ལ་སྙན་དངགས་ཀྱི་སྒྲ་ཤེས་བརྗོད་འཇུག་གསུམ་ཡིན་པའི་ཕྱིར། གཞན་ཡང་། ཅིག་ཤོས་བེད་མེད་དུ་འགྱུར་མི་རུང་བ་ཁྱེད་ཀྱི་དམ་བཅའ་ཡིན་ན། སྙན་དངགས་ཞེས་བྲིར་མི་རུང་བར་ཐལ་ “སྙན་ངག” བེད་དུ་འགྱུར་བ་དེའི་ཕྱིར། འཁོར་གསུམ་ལོངས་ལ་དམ་བཅའ་གད་སྙིགས་སུ་དོར་ཞིག
“འཛམ་གླིང་” དང་ “ཛམ་གླིང” ནི། ཕན་ཚུན་སྤངས་འགལ་ལྟར་ཅིག་ཤོས་ཡོངས་གཅོད་ལ་གྲུབ་ན་ཅིག་ཤོས་རྣམ་བཅད་ལ་ཁེགས་དགོས་པ་དེ་འདྲ་ཞིག་སུས་གཏན་ལ་ཕབ་བམ། “འཛམ་གླིང་” ཞེས་མཁས་དབང་གནམ་གྱིས་ས་བཀབ་པ་ལྟ་བུ་ཤིན་ཏུ་མང་པོས་ད་ལྟའི་བར་སྤྱད་དང་སྤྱོད་བཞིན་ཡོང་པ་རེད་ལ། བཀའ་བསྟན་གྱི་གླེགས་བམ་མང་པོར་ཡང་དེ་ལྟར་ཡོད། ཁྱེད་ཀྱིས་ཡིག་རྙིང་ལ་ལ་ན་ཛམ་གླིང་བྲིས་ཡོད་པ་རྒྱུ་མཚན་དུ་བྱས་ཏེ། འུར་མ་ལངས། རལ་གྲི་མ་སྐོར། བྲིས་སྟངས་མི་འདྲ་བ་ཡོང་ཆོག་གི་རེད། དེ་གཉིས་དངོས་འགལ་དུ་སུས་ཀྱང་ཐག་བཅད་མེད། དེ་གཉིས་ལས་གང་རང་གི་རིག་གནས་ལ་གཏན་ཆགས་སུ་སོང་བ་ནི་ “འཛམ་གླིང་” ལས་ “ཛམ་གླིང” མ་ཡིན་ནོ། །འོན་ཀྱང་ཁྱོད་ཀྱིས་ “ཛམ་གླིང་” བྲིས་དང་ངས་ནོར་རྟགས་མི་བརྒྱག ཅིས་ན། དེ་ལྟར་འབྲི་སྟངས་ཀྱང་ཡོད་པའི་ཕྱིར། མཚམས་རེར་སྡེ་དགེ་དཔར་མ་དང་སྣར་ཐང་དཔར་མ་གཉིས་ལའང་མི་མཐུན་པ་ཡོང་གི་ཡོད། དེའི་ཚེ། བརྟག་པ་བྱེད་སྟངས་ནོར་མི་རུང་། ཡིག་རྙིང་ཡིན་ན་ཚད་ལྡན་ཡིན་པས་ཁྱབ་པ་རྩ་ནས་མེད། སྟབས་ཉེས་ན་མཚམས་རེར་མ་དག་པ་ཡིག་རྙིང་ལ་མང་། དེ་མཁྱེན་པར་གྱིས། །
མི་རིགས་ཤིག་ལ་ཁ་སྐད་ཡོད་ཙམ་གྱིས། སྙན་དངགས་ཡོད་དགོས། ཁྱེད་ཀྱི་རེག་འདི་ཡང་། རག་ཅེས་འབྲི་དགོས་ཏེ། རག་པ་ནི། རྙེད་པའམ་ཐོབ་པའི་དོན་ཡིན་ནོ།།
གཞོན་ནུ་ལོ་ཡག་རྣམ་པར་གཡེངས་ནས། སྒྲོགས་ལ་གྲགས་བྲིས་པ། སྙིང་རྗེ། སྤྱོད་འཇུག་བསམ་གཏན་ལེའི་མགོ་ན།
སེམས་ནི་རྣམ་པར་གཡེངས་པའི་མི།
ཉོན་མོངས་མཆེ་བའི་ཕྲག་ན་གནས།佛喜精進增 安住禪定意
愍彼散心人 煩惱芽間住
འོལ་ཚོད་ཀྱིས་རྒྱ་ཡིག་བཤུས་པས། ཕན་པར་སྨོན།
མིས་ནི་ངོ་བསྟོད་ཀྱིས་སྨྲ་དགོས་ཀྱང་མི་སྨྲ་བ་མང་། རླུང་གིས་ནི་སུ་ལ་བསྟུན་མི་དགོས་པར་རྒྱུགས་པ་ན། ཁང་པ་མཐོན་པོ་དང་། རི་བྲག་སོགས་ལ་ཐོགས་ཏེ། སྒྲ་སྒྲོགས་པར་བྱེད། དེ་བཞིན་དུ། བཅས་ལྡན་གྱི་དགེ་སློང་དག་གིས། དགོངས་མཅོད་མཛད་པར་མཐོང་ན། སྐལ་ལྡན་གྱི་ཕོ་མོ་རྣམས་ཀྱིས་རླུང་ལྟར་སྒྲོགས། ཁྱོད་ནི་ཡུལ་མཁའ་ཁོབ་ཏུ་གནས་པས། བཅས་ལྡན་དགེ་སློང་མཇལ་མྱོང་མེད་པས། སྙིང་རྗེའི་ཡུལ་དུ་གྱུར། བཅས་ལྡན་གྱི་འཁོར་རྣམ་བཞི་རྒྱུ་བའི་ཡུལ་ཞིག་ལ་སླེབ་པར་གྱིས་ཤིག
ཁྱོད་དབང་པོ་རྣོན་པོ་དང་། ཁོ་བོ་ནི་དངོས་གནས་དབང་པོ་རྟུལ་པོ་ཞིག་ཡིན། འོན་ཀྱང་གང་ནུས་བརྩོན། རི་བོང་དང་རུས་སྦལ་གྱི་སྒྲུང་ཞིག་ཡོད་པ་ཁྱོད་ཀྱིས་ཀློག་མྱོང་ངེས་སེམས།
བཀའ་བསྟན་དཔེ་ཆ་དག་ན། ངའི་གྲོང་ཡུལ་པའི་མིང་ཚིག་དུ་ཡོད་པར་མཐོང་། རྒྱལ་བ་དང་འཇུ་སོགས་ཡིན། ངའི་གྲོང་ཡུལ་དང་། སྟོད་པས། རྒྱ་ལ། ཟེར་བ་མ་དག་པ་ཡིན། གཤམ་མ་དང་སྦལ་ཏིའི་སྐད་དུ། རྒྱལ་བ་ཟེར། དེས་ན། བཀའ་འགྱུར་ཀློག་དགོས་ཞེས་པ་ལོ་ངོ་སུམ་ཅུ་ཙམ་སྔོན་དུ་བཤད་ཅེས་དྷ་ན་གྲོགས་ཀྱི་དགེ་སློང་ཞིག་སྨྲས་སོ།
དཔེ་ཆོས་རིན་ཆེན་སྤུངས་པ་ན། ཇོ་བོ་འཇུ་ཁྱོད་ལ་སྐྱབས་སོ། ཁྱེད་འཕན་པོར་སླེབས་ན། མིང་ཚིག་འདི་ཉིད་དེར་ལུས་འདུག་གམ་མི་འདུག་རྩད་གཅོད་གྲོགས། བོད་སྤྱིའི་སྐད་ལ་ཕན་ནོ། བཀྲ་ཤིས།
དགེན་རིན་པོ་ཆེ་ལགས། ངས་ “དགོངས་གཅོད” ཅེས་པའི་ཐ་སྙད་ཀྱི་དག་ཆ་ནོར་འདུག་ཟེར་བ་ལས། ཆོས་འདུལ་བར་དེ་འདྲའི་བཅས་པ་མེད་ཅེས་རྗོད་ཀྱི་མེད། ཕྱི་དྲོ་ཁ་ཟས་གསེར་དངུལ་ལེན། །ཞེས་སོགས། དགེ་སློང་དུ་མ་ཟད་དགེ་ཚུལ་གྱི་བླངས་འདས་སོ་དྲུག་ཏུའང་ཡོད་ན། དེ་ཤེས་ཕྱིར་འཁོར་རྣམ་བཞི་རྒྱུ་བའི་ཡུལ་དུ་བསྐྱོད་དགོས་དོན་འདུག་གམ།
གཞན་ཡང་། ང་ནི་བོད་དུ་སྐྱེས་ཤིང་བོད་དུ་འཚར། བོད་ནི་ཆོས་ཚིགས་ཀྱི་དབང་དུ་བྱས་པའི་ཡུལ་དབུས་ཡིན། ད་ལྟ་ནི་རྒྱ་གར་དུ་བསླེབས་ཤིང་རྒྱ་གར་དུ་འཚོ། རྒྱ་གར་ནི་ས་ཚིགས་ཀྱི་དབང་དུ་བྱས་པའི་ཡུལ་དབུས་ཡིན། ད་གསུངས་དང་། ང་མཐའ་འཁོབ་ཏུ་གནས་འདུག་གམ། དགེན་ལགས་ཀྱིས་བོད་མཐའ་འཁོབ་ཏུ་བཤད་པའི་རྒྱུ་མཚན་ཅི། དགེ་སློང་མ་བྱུང་མ་མྱོང་པའི་ཕྱིར་ཟེར་རམ། ཟེར་ན། བསམ་སྡིངས་རྡོ་རྗེ་ཕག་མོ་སྐུ་ཕྲེང་དང་པོ་རྗེ་བཙུན་མ་ཆོས་ཀྱི་སྒྲོན་མའི་རྣམ་ཐར་ཀློགས་དང་། རྟེན་དགེ་ཚུལ་མ་ནས་དགེ་སློང་མའི་དངོས་པོར་རིམ་པར་བསྒྲུབས་པའི་ལོ་རྒྱུས་གསལ་པོར་བཀོད་ཡོད།
ངས་ “སྒྲོགས་” ཀྱི་ཚབ་ཏུ་ “གྲགས” ནམ་ཞར་ཡང་བྲིས་མ་མྱོང་། སྒྲོ་མེད་ལ་སྒྲོ་མ་འདོགས། ངའི་ཁོག་ཏུ་འདྲེ་ཞུགས་ནས་བྲིས་ན་ནི་མི་ཤེས། བརྗོད་མྱོང་པ་ཞིག་ལ། སྔོན་གྱི་བསྟན་བཅོས་རྣམས་སུ། ད་ལྟ་བ་ “སྒྲོག” བྲི་དགོས་སར་ “སྒྲོགས” བྲིས་པ་དག་འགྲིག་གི་མི་འདུག་ཅེས་ལབ་མྱོང་། ད་དུང་ཡང་དམ་བཅའ་དེ་ག་ཡིན། དེར་སྐུལ་ཚིགས་བྲིས་པ་ལ་རྒྱུ་མཚན་ཏིལ་ཙམ་ཡང་མི་འདུག དེར་མ་ཟད་སྐྱོན་ཆེ་སྟེ། དེས་དུས་གསུམ་བྱེ་བྲག་པའི་བྱ་ཚིག་གི་སྤྱི་འགྲོས་བཤིག་པ་རེད། །
དགེན་ལགས་ཀྱིས། བཀའ་འགྱུར་”ཀློག”དགོས་ཞེས་བྲིས་འདུག་མོད། ངས་ནི་ “བཀླག” དགོས་ཞེས་བྲིས་ན་དག་པར་འདོད། འོན་ཀྱང་འདིའི་རིགས་ནི་བོད་ཀྱི་སྙུག་ཐོགས་ཀུན་གཅིག་གྱུར་མེད་པའི་ཕྱོགས་ཡིན་པས་རེ་ཞིག་བསྐྱུར་ན་ལེགས་སྙམ། གཞན་ཡང་དགེན་ལགས་ཀྱི་ “རྩད་གཅོད་གྲོགས” ཞེས་པའི་ “གྲོགས” སྒྲ་དེ་ལ་ངས་ནི་གོ་བ་མི་ལོན་པར་འདུག
སྐབས་ཐོབ་ལ་གཞིགས་ནས། རྗེ་གུང་ཐང་བསྟན་པའི་སྒྲོན་མེས། ཤེས་རབ་ཀྱི་རལ་གྲི་སོ་གཉིས་མ། །ཤེས་བྱའི་མཁའ་ལ་གདེངས་ཆེ་ན། །རང་མགོ་གཅོད་པ་ཨ་ཙ་མ། །རྣོ་སོ་གཅིག་ཡིན་ན་ཆོག་པ་ལ། །ཞེས་པ་འདི་ཡང་ངང་གིས་ཐལ་ལོ། ། (དགེན་མཆོག་ལ་དབང་རྟུལ་ཞེས་བྲིས་པ་མེད་ན་གོ་བ་ལོག་པར་མི་ལེན་པར་ཞུ།) ཁ་བྲོ་བཀྲ་ཤིས། །
ཁ་བརྡ་དྲྭ་བར་མཆན་བུ་བཀོད་མཁན་ཉུང་སྐབས། ལ་དྭགས་ལེགས་དང་ལོ་ཡག་རྩོད་པ་བཟང་། ད་དུང་མུ་མཐུད་སྐྱུགས་དང་དགོད་རྒྱུ་རེ་འོང་གི། གད་མོ་ནི་སྤྲོ་སྣང་ལས་ཐོན། དེའི་ཕྱིར་བགད་ན་ཚེ་རིང་ཞེས་ཐོས།
ལོ་ཡག་ལགས། ཁྱེད་ཀྱིས་དགེན་ཞེས་བྲིས་པ་འདི་ལ་འགྲེལ་བཤད་ཅིག་དང་། རྒན་ལ་དྭགས་པས་ལོ་ཡག་ལགས་ཀྱི་ཚབ་ཏུ་ལོ་ཡག་ལེགས་ཞེས་བྲིས་གནང་བར་དགོངས་ཚུལ་ཅི་ཡོད་དམ།
རྩད་གཅོད་གྲོགས་ཞེས་པའི་གྲོགས་ཀྱི་ཐད། གྲོགས་ཀྱི་སྒྲ་ཉམས་ཏེ་རོགས་སུ་གྱུར་པ་ཡིན་ངེས་ཀྱང་། གྲོགས་དང་རོགས་གཉིས་ཀ་ཚང་མས་བེད་སྤྱོད་གཏོང་གིན་པ་འདི་བཞིན་ལ་ཕྱོགས་གཅིག་ཁོ་ན་ལས་མི་དགོས་པའི་གུ་དོག་མི་དགོས་སོ་སྙམ། སྙན་དངགས་དང་སྙན་ངག་ཀྱང་དེ་བཞིན་ནོ། །
དེ་ལས་གལ་ཆེ་བ་བསྡུས་ཚིག་རྩད་གཅོད་ཀྱི་རྒྱས་ཚིག་རྩད་ནས་གཅོད་པ་ཞེས་པ་ནི། རྩ་བའམ་དྲུངས་ནས་འབྱིན་པའི་དོན་ཡིན། མ་ཤེས་པ་གཞན་ལ་འདྲི་བ་རྩད་པ་དང་། གཞན་གྱིས་བཤད་ལ་བརྟག་ཅིང་དཔྱོད་པའི་ལས་ལ་རྩད་དཔྱོད་ཅེས་བྲིས་ན་དག་ཅེས་མཁས་པ་མང་པོས་གསུངས་ཀྱང་། རྩད་གཅོད་འདི་དར་ཆེ་བས་རྩད་དཔྱོད་འབྲི་མཁན་ཉུང་ངོ། །
དགོངས་དང་དགོང་གི་སྐད་དོད་གཅིག་ཅེས་ཁུ་ན་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་གསུངས
ཡང་ཉེན་རྟོག་པ་ཞིག་ཐོན་འདུག། ཨ་ཁུ་འབྲོག་པ་རེད། དགེན་ནི་དགེ་རྒན་གྱི་སྐུང་ཡིག་རེད།
ཨ་ཁུ་འབྲོག་པ་ལེགས།
རྩད་གཅོད་ལ། རྩད་དཔྱོད་ཅེས་བློ་བསྐྱེད་ལེགས་པ་བྱུང་། བཀའ་དྲིན་ཆེ། སྔོན་དུས་སུ། ལེགས་ཞེས་བོད་ཡུལ་ཀུན་ཏུ་ཁྱབ། ཕྱིས་སུ་སྐད་འགུར་བས། ལེགས་ལགས་ལ་གྱུར། ངས་ནི་བོད་སྐད་སྲུང་བར་འདོད་པས། དཔེ་ཆ་དག་ན། བོད་མཁས་པ་རྣམས་ཀྱིས་བྲིས་པ་དེ་དག་བཀོལ་གང་ཐུབ་བྱེད།
གཞོནནུ་་ལོ་ཡག་ལ་ལན་ལྡོན་དགོས་ཡོད།
གཞོན་ནུ་་ལོ་ཡག་ལེགས།
ང་ལ་སྒྲོ་བཏགས་ཡོད་པ་རྣམས་སེལ་བའི་ཕྱིར་དུ། སྔར་བཀོད་ཀྱི་མཆན་བུ་འགོད་དགོས་པར་བཟོད་གསོལ། “རྩད་གཅོད་གྲོགས” ཞེས་པའི་ “གྲོགས” སྒྲ་དེ་ལ་ངས་ནི་གོ་བ་མི་ལོན་པར་འདུག ཅེས་པར་རྩད་གཅོད་རོགས” ཞེས་ཟུར་ཆག་བྲི་ན། ཁྱེད་ཀྱི་གོ་བ་ལེན་ཐུབ་པ་ཡིན་ན་ནི། མ་འོངས་རྒྱང་གཟིགས། དགེ་ཆོས་ཀྱིས་གསུངས་པ་དེ་ཅིས་མི་བདེན། འདི་འདྲའི་རིགས་ལ་བག་ཟོན་དགོས་སོ། ལྷ་སའི་ཤིང་སྤར་མ་ཤོག་གྲངས་༣༢་པ་དང་། གསུང་འབུམ་དེབ་༣་པ་ཤོག་གྲངས། ༢༧༢་པར་གཟིགས།
་་་
བདག་གིས། “བཅས་ལྡན་དགེ་སློང་གིས་རྒྱུན་དུ་དགོངས་ཟན་སྤོང་བ་ལ་དགོངས་གཅོད། ཅེས་པ་རླུང་ལྟར་སྒྲོགས།” ཞེས་པའི་ལན་དུ། ཁྱེད་ཀྱིས།
#9 ལོ་ཡག ་ལགས་ཀྱིས་སྤེལ་དོན།:
May 30th, 2017 at 11:34 pm
དགེན་ལགས་མཆོག་གིས། “དགོངས་གཅོད” ཅེས་རླུང་ལྟར་གྲགས་འདུག་ཟེར། ཨ་ཙི། མི་ལ་མ་གྲགས་པར་རླུང་ལ་ཇི་ལྟར་གྲགས། ཀུ་རེ། དངོས་གནས་བཤད་ན། རླུང་ལྟར་གྲགས་པ་དེ། “དགོངས་བཅད” དང་ “དགོང་བཅད” རེད། “དགོངས་གཅོད” ཅེས་པ་ཞིག་གང་དུའང་མ་གྲགས། གྲགས་ན་བསྟན་འཚལ། དགོངས་བཅད་ཅེས་པའི་ “བཅད” མིང་གི་ཆ་ཤས་སུ་གྲུབ་ཟིན་པ་ཞིག་ཡིན་པས། གཅད་གཅོད་ཆོད་སོགས་སུ་བསྒྱུར་ཏུ་མི་རུང་།
“དགེན་ལགས་མཆོག་གིས། “དགོངས་གཅོད” ཅེས་རླུང་ལྟར་གྲགས་འདུག་ཟེར། ཨ་ཙི། མི་ལ་མ་གྲགས་པར་རླུང་ལ་ཇི་ལྟར་གྲགས། ” ་བརྗོད་པ་འདི་དག་ཁྱེད་ཀྱེས་བྲིས་པ་མ་ཡིན་ནམ།
”
ངས་ “སྒྲོགས་” ཀྱི་ཚབ་ཏུ་ “གྲགས” ནམ་ཞར་ཡང་བྲིས་མ་མྱོང་། སྒྲོ་མེད་ལ་སྒྲོ་མ་འདོགས། ངའི་ཁོག་ཏུ་འདྲེ་ཞུགས་ནས་བྲིས་ན་ནི་མི་ཤེས། བརྗོད་མྱོང་པ་ཞིག་ལ། སྔོན་གྱི་བསྟན་བཅོས་རྣམས་སུ། ད་ལྟ་བ་ “སྒྲོག” བྲི་དགོས་སར་ “སྒྲོགས” བྲིས་པ་དག་འགྲིག་གི་མི་འདུག་ཅེས་ལབ་མྱོང་། ད་དུང་ཡང་དམ་བཅའ་དེ་ག་ཡིན། དེར་སྐུལ་ཚིགས་བྲིས་པ་ལ་རྒྱུ་མཚན་ཏིལ་ཙམ་ཡང་མི་འདུག དེར་མ་ཟད་སྐྱོན་ཆེ་སྟེ། དེས་དུས་གསུམ་བྱེ་བྲག་པའི་བྱ་ཚིག་གི་སྤྱི་འགྲོས་བཤིག་པ་རེད། །”
#12 ལོ་ཡག ་ལགས་ཀྱིས་སྤེལ་དོན།:
May 31st, 2017 at 11:08 pm
དགོངས་དག།དབང་རྣོན་གྱི་ཚབ་ཏུ་དབང་རྟུལ་གཏགས་ཤོར་བར་དགོངས་དག་ཞུ། དབང་རྣོན་ཆོས་ཀྱི་རྗེས་འབྲང་ལ་ལན་ཅིས་ཀྱང་ལྡོན་འོས།
་་་་་་་་་་་
སྒྲོགས་དང་། སྒྲོག་ཅེས་པའི་བྱ་ཚིག་གཉིས་པོ་མ་ནོར་བ་གལ་ཆེ། འཇམ་དབྱངས་གང་བློ་མ་ན།
འབྲུག་ལྟར་ཆེར་སྒྲོགས་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་འགྲོལ་མཛད་ཅིང་། འདིར་སྒྲོག་མིང་ཚིག་གི་ཚིག་ཏུ་ཡོད་ཀྱང་། དེ་ཉིད་ཀྱི་བྱ་ཚིག་ཀྱང་། བོད་ཡུལ་དུ་ལྷམ་གྱི་འབོལ་རིང་མོའི་མགོ་ན་སྒྲོག་པ་ལ་ལྷམ་སྒྲོག་ངེས་པར་དུ་དགོས།
གོང་དུ་དཔྱོད་ལྡན་ཀརྡོར་རམ་འབྱམས་པ་མཆོག་གིས་གུས་པར་འཕངས་པའི་སྐྱོན་ “རག” དང་ “རེག” གཉིས་རེ་ཞིག་བརྟག་བྱར་ལུས།
ཡང་དགེན་ལགས་ཀྱིས། “རྩད་གཅོད་ལ། རྩད་དཔྱོད་ཅེས་བློ་བསྐྱེད་ལེགས་པ་བྱུང་།” ཟེར། འཇམ་དབྱངས་ཀྱི་ཕྱག་ན་རལ་གྲི་བསྣམས་པའི་མཚོན་དོན་གྱིས་ཀྱང་ “རྩད་གཅོད་” ལ་གོ་རྒྱུ་ལྷག་མ་ཞིག་སྟོན་གྱིན་ཡོད། གང་དྲན་དྲན་མ་བྱེད། སྐད་ཡིག་ལ་བཙན་གཡེམ་ལྟ་བུར་འགྲོ་ཉེན་འདུག། ཁྱེད་རྣམ་པས་ “རྩད་དཔྱོད” ཅེས་སྤྱད་ཀྱང་འགལ་ཆ་མི་སྣང་མོད། འོན་ཀྱང་ “རྩད་གཅོད” མ་དག་པར་རྩིས་ན་གླེན་རྟགས་བསྟན་པ་ཡིན།
དགེན་ལགས། “སྒྲོག” ལྷམ་སྒྲོག་དང་ལྕགས་སྒྲོག་གི་སྒྲོག་ལ་སོང་བའི་རྒྱུ་མཚན་གྱིས། དེའི་ཚབ་ཏུ་སྐུལ་ཚིག་ “སྒྲོགས” བྲི་དགོས་བ་ཁྱེད་ཀྱི་བཞེད་དོན་ཨེ་ཡིན། ཡིན་ན། མེས་སྲེགས་བཞིན་འདུག དབྱུག་པས་རྡེགས་ཀྱིན་གདའ། དགེ་ཕྲུག་སྐྱོངས་བཞིན་དུ། བསྟན་བཅོས་རྩོམས་བཞིན་ཡོད། ཡི་གེ་ཀློགས་བཞིན་པར། ཤུལ་དུ་སྐྱུརད་བཞིན་ཡོད། ཕྱེ་རྩམ་སྲེས་མུས་ཡིན། ལྟད་མོ་སྟོནད་བཞིན་མཆིས། མཁར་རྩིགས་བཞིན་བདོག། ལེགས་སྐྱེས་རྫོངས་བཞིན་མཆིས། ཐག་པས་སྡོམས་བཞིན་འདུག། གྲོ་རྫིས་བཞིན་པར། རྟ་རྒྱུགས་བཞིན་དུ། དགྲ་བོར་སྡིགས་བཞིན་པར། ཡོས་རྔོས་བཞིན་དུ། ཟས་སློང་བཞིན་འདུག་ཅེས་སོགས་སུ་བྲི་དགོས་པར་ཐལ།
དེ་ལྟར་བྲི་དགོས་པར་ཐལ། རིམ་པ་བཞིན་དུ། སྲེག་ནི་བྱ་སྲེག་པའི་སྲེག་དང་། རྡེག་ནི་རྡེག་ཆའི་རྡེག སྐྱོང་ནི་སྐྱོང་བུའི་སྐྱོང་། ཀློག་ནི་ཀློག་ཤུ་ཡི་ཀློག སྐྱུར་ནི་སྐྱུར་མོ་ཡི་སྐྱུར། སྲེ་ནི་སྲེ་མོང་གི་སྲེ་དང་སྲེ་ནག་གི་སྲེ། སྲེ་ཟན་གྱི་ཟེ་སོགས་དང། སྟོན་ནི་སྟོན་ཁ་ཡི་སྟོན། རྩིག་ནི་རྩིག་མའི་རྩིག རྫོང་ནི་མཁར་རྫོང་གི་རྫོང་། སྡོམ་ནི་སྡོམ་ཐག་དང་སྡོམ་རྒྱའི་སྡོམ། སྡོམ་ནི་སྡོམ་བུའི་སྡོམ། རྫི་ནི་རྫི་མའི་རྫི་དང་རྫི་ཆར་གྱི་རྫི། རྒྱུག་ནི་རྒྱུག་པའི་རྒྱུག སྡིག་ནི་སྡིག་པ་དང་སྡིག་སེམས་ཀྱི་སྡིག རྔོ་ནི་རྔོ་ཤུ་ཡི་རྔོ་དང་རྔོ་ཐོགས་ཀྱི་རྔོ། སློང་ནི་ཀུན་སློང་གི་སློང་དང་དགེ་སློང་གི་སློང་ལ་འཇུག་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་ན་ཆོ་མེད་པའི་དམ་བཅའ་དེའི་རིགས་གད་སྙིགས་སུ་དོར་ཅིག། །ཕྱིན་ཆད་འདི་འདྲིའི་དམ་བཅའ་མི་འཛིན་པར་ཞུ། ཐུགས་རྗེ་ཆེ། །
གཟུ་བོའི་བློས་དཔྱད་ན། དཔལ་ལྡན་ཐོན་མིའི་དགོངས་པ་བཞིན། མིང་ཚིག་མང་ཆེ་བ་ད་ལྟ་བའི་སྒོ་ནས་བཏགས་པ་མང་ཡང་། སྐུལ་ཚིག་གི་ལམ་ནས་བཏགས་པའི་མིང་ཚིག་དམིགས་བསལ་ཅན་དཔེར་ན། འོད་སྲུངས། རྒྱུད་མངས། སྒྲ་སྒྲོགས། ཐོངས་མཆན། དྭངས་བླང་། ལྟ་བུ་ང་ཚོ་ཚང་མས་ཁས་ལེན་དགོས་རེད་སྙམ།
ཨ་ཁུ་འབྲོག་པ་ལགས། “དྭངས་བླང་” ཟེར་ན་ཅི། འདི་ནི་བཙན་བྱོལ་ན་མ་དག་རྒྱུན་འབྱམས་སུ་སོང་བའི་ནང་གི་གཅིག་རེད། གཞན་ཡང་ “དྭོགས་པ” དང་། “བདེན་འཛིན་ཀུན་བརྟགས” ལྟ་བུ་རྟོལ་ཕོ་གཡག་ཏུ་འཁྲུལ་བ་མང་ངོ་། །ཡིན་རྒྱུ་ནི། དང་བླངས། དོགས་པ། བདེན་འཛིན་ཀུན་བཏགས་སུ་བྲིས་ན་གཟོད་དག་པ་ཡིན།
ཁྱེད་ཀྱི་འདོད་པ་ལྟར། མིང་རྐྱང་གི་ཆ་ཤས་སུ་སོང་བའི་བྱ་ཚིག་ལ་ད་ལྟ་བས་ཤིན་ཏུ་ཡང་མ་ཁྱབ། དུས་གསུམ་ག་སྐུལ་ཚིག་དང་བཅས་པའི་བྱ་ཚིག་གིས་གྲུབ་པ་རྣམ་པ་སྣ་ཚོགས་ཡོད། ལ་ལས་གོང་ལྟར་འདོད་ནས། དགོངས་བཅད་ལ་ “དགོངས་གཅོད” ཟེར། ཁོང་ཚོས་ “གནང་བཀག” ཀྱང་ “གནང་འགོག” ལ་བཅོ་ཉེན་ཆེ་ན། སྨྲས་པ། རྟ་མགོ་ལུག་སྦྱར་དང་། །ལུག་མགོ་ར་སྦྱར་འདིས། །ཕ་ནོར་བརླག་སྟོར་ལ། །ཐུགས་སེམས་འཕྱང་མོའི་རྒྱུ། །
གཞོན་ནུ་ལོ་ཡག་ལེགས།
“རྩད་གཅོད་གྲོགས” ཞེས་པའི་ “གྲོགས” སྒྲ་དེ་ལ་ངས་ནི་གོ་བ་མི་ལོན་པར་འདུག”
གཞོན་ནུ་ཁྱོད་ལ་སློབ་སྟོན་པ་ཞིག་དགོས་པར་སྣང་། ཀརྡོ་རབ་འབྱམས་པ་བོད་ཀྱི་སྐད་ལ་གཅེས་ཤིང་། བརྩོན་འགྲུས་ཆེ་བས། ཁྱོད་ཀྱི་གྲོགས་སུ་འགྱུར་བས། ཁོང་དང་ལྷན་དུ་སྡོངས་གྲོགས་གྱིས།
་
དག་ཅེས་པའི་མིང་ཚིག་་ལ་དཔྱད་ན།
དག ཅེས་གཅེས་པ་དོན་གསུམ་ལ་འཇུག དོན་དག ཅེས་པ་ཚིག་གི་ཁ་སྐོང་་དང་། མཁས་པ་དག ཅེས་པ་མང་ཚིག་དང་། རྣམ་པར་དག་པ། ཞེས་པ་ཉེས་སྐྱོན་མེད་པ་ལ་འཇུག་པས། དག་དག ཅེས་པ། ཏག་ཏག་གི་ཚབ་ཏུ་འབྲི་ན། ཉེས་སྐྱོན་མེད་པར་སྣང་ངོ་།
མཁྱེན་ལྡན་དགེན་བློ་བཟང་འཇམ་དཔལ་མཆོག་དང་ལྷན་དུ། ད་དུང་ཡང་བསམ་ཚུལ་ཕྲན་ཚེགས་ཁ་ཤས་མུ་མཐུད་དེ་བརྗེས་རེས་བྱ་འདོད་འདུག་ཀྱང་། མི་ལས་ཀྱིས་དེད། ལས་དུས་ཀྱིས་དེད་པས། གྱེས་ཕྱག་འབུལ་དགོས་བྱུང་སོང་། རེ་ཞིག་ལྷན་རྒྱས་སྐུ་གཟུགས་གསལ་ཐང་ཅི་བསམ་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ། བཀྲ་ཤིས་བདེ་ལེགས། །
ངས་ཉིན་ཤས་ཁ་བརྡར་མ་བལྟས་སྟབས་ལན་འབུལ་རྒྱུ་ཕྱི་དྲགས་ཏེ། ལོ་ཡག་ལགས་ནས་གྱེས་ཕྱག་ཕུལ་བས་གཟིགས་སམ་མི་གཟིགས་མི་ཤེས་ཀྱང་། དྭངས་ནི་གནམ་དངས་ཤིག་པ་སོགས་ཀྱི་སྐུལ་ཚིག་རེད། ཝ་ཟུར་བཏགས་པ་ནི་ད་སྔོན་འཇུག་ཏུ་མི་འཁྲུལ་ཕྱིར་ཡིན། དྭོགས་ལ་ཝ་ཟུར་ནི་ངོགས་དང་མི་ནོར་ཕྱིར་ཡིན། དྭངས་བླང་བཙན་བྱོལ་ནང་མ་དག་རྒྱུན་འབྱམས་སམ་གསར་གཏོད་ཇི་ལྟར་ཡིན་ཡང་སླ། སྐུལ་ཚིག་གི་སྒོ་ནས་མིང་ཚིག་རེད། ཀུན་བཏགས་དང་ཀུན་བརྟགས་མཁས་པ་སོ་སོར་འགྲེལ་བཤད་རེ་ཡོད། རྟོལ་ཕོ་དང་གཡག་ཕོ་འཁྲུལ་དྭོགས་མེད། རྟོལ་ཕོ་ལའང་སྒར་གསེར་གླིང་སྒིར་པ་ཞེས་ཤིན་ཏུ་དཀོན་པའི་རྟོལ་ཕོ་ཁྱད་འཕགས་ཡོད་པ་འབྲོག་པས་ཤེས།