ཨེ་མ་ཧོ།
སེམས་འཁྲེང་ཕ་ས་ན་བཞུགས་པའི།།
དུང་སེམས་དུང་དཀར་ལས་དཀར་བ།།
སྲིང་ཆུང་དཔལ་མཚོ་ཉིད་གསོན་དང་།།
འཁོར་འདས་གདམས་ངག་ཅིག་ཕུལ་བས།།
གང་བསམ་ལྷུན་གྲུབ་ཏུ་སྨོན་ཡོད།།
སྔོ་བསངས་ཤར་ཕྱོགས་ཀྱི་བུ་མོ།།
མཛེས་ཞལ་སྤྲིན་དཀར་འགྲན་ནས།།
ཆར་བསིལ་འཇའ་གཟུགས་དག་མཐོང་ཚེ།།
ལང་ཚོ་རྒྱ་སེར་གྱི་མེ་ཏོག།
འཛུམ་མདངས་ཉམས་མེད་དུ་སྨོན་ནོ།།
དྭངས་གསལ་ཉི་གཞོན་གྱི་དབང་པོའི།།
གསེར་མདོག་ལམ་ལམ་དུ་འཕྲོ་གནས།།
ཕ་ཁྱིམ་སྟག་ཐང་ཉིད་དྲན་ཚེ།།
འགྲོ་འདོད་གོམས་ཁ་དེ་ཕྱོགས་ནས།།
བསེ་ཁྱུང་དབྲ་ཆེན་ལ་དུང་ཡོད།།
འཁོར་བའི་ཚེ་དཔལ་གྱི་ཉི་མ།།
ཆོས་རིག་སློབ་བརྩོན་ལ་འབོད་དང་།།
བདེ་སྐྱིད་བཟང་སྤྱོད་ཀྱི་དྲོད་རླབས།།
འདི་ཕྱིའི་དགའ་སྟོན་ལ་སྨིན་ནས།།
འོད་གསལ་སྙིང་དབུས་སུ་བཞད་ངེས།།
བྱམས་བརྩེ་དམ་ཆོས་ཀྱི་ཟླ་བ།།
གཡའ་བྲལ་དུང་མདོག་གི་བསིལ་ཟེར།།
ཚ་གྲང་སྡུག་བསྔལ་ལ་སྨན་ནས།།
ཐེག་དགུའི་རིག་གྲོལ་ལ་བསྟེན་པས།།
རྣམ་དག་རྒྱལ་ཁ་ཉིད་ཐོབ་ཡོང་།།
སྤྲིན་རུམ་སྨུག་ནག་གི་ཀློང་དུ།།
ཤེས་བྱ་རྒྱུ་སྐར་གྱི་ཕྲེང་བ།།
རེ་ཞིག་མི་མངོན་ལྟར་སྣང་ཡང་།།
ཀུན་བཟང་དབྱིངས་ཆེན་ལ་གཟིགས་དང་།།
འཁོར་འདས་སྐར་ཚོགས་དག་མཐོང་ཡོང་།།
དྲན་ཤེས་བག་ཡོད་ལ་འབད་ནས།།
བཅུ་ཕྲག་རིག་པ་ཡི་གཏེར་མཛོད།།
གང་དགོས་རང་རྒྱུད་ལ་འབྱོར་ནས།།
བསྟན་འགྲོའི་དོན་ཆེན་རྣམས་འགྲུབ་ཅིང་།།
མི་ཚེའི་སྙིང་དོན་ཉིད་ཐོབ་སྨོན།།
ཞེས་པ་འདི་ཡང་རབ་གནས་མེ་བྱའི་ས་ག་ཟླ་བའི་དཀར་ཕྱོགས་དགའ་བ་དང་པོར་སྲིང་ཆུང་དཔལ་ལྡན་མཚོ་ལ་དབྲ་ཤྲཱིས་སྙིང་ནས་གདམས་པར་དགེའོ།། །།