འདྲེ་གླེན་པ།
སྲིད་སྐྱོང་དང་པོ་བློ་བཟང་སེང་གེ་ཡིན།།
གངས་ཅན་སྐྱིད་གཞུང་རང་ཁ་རང་གསོ་ཡིན།།
ཨ་རི་གཞུང་གི་རོགས་སྐྱོར་དགོས་དོན་མེད།།
གསར་གཏོད་ཆིག་སྒྲིལ་བང་མཛོད་ནང་དུ་ཡོད།།
བཙན་བྱོལ་ལོ་རྒྱུས་ལོ་རྒན་ལྔ་བཅུ་ཡིན།།
སྨན་ཁང་སློབ་གྲྭ་སྒོར་མོའི་བཟོ་གྲྭ་ཡིན།།
སྦྱིན་བདག་གཞུང་སྒེར་མང་ཙམ་རག་མྱོང་བ།།
སྐུ་དྲགས་མི་དྲགས་དག་གི་སེམས་ན་གསལ།།
ད་ནི་སྦྱིན་བདག་བརླགས་ན་བརླགས་ཚོད་ཡིན།།
བོད་ནས་གསར་འབྱོར་ཡོང་བའི་གྲངས་ལ་ལྟོས།།
སྲིད་ཆས་དབུ་མའི་ལམ་གྱི་རིན་ལ་སོམས།།
རིན་ཐུང་ཆེ་ཙམ་གདའ་འམ་ཆུང་ཙམ་གདའ།།
ཁྲོམ་རྒན་ཕོ་བྲང་དཀར་པོར་གཤེགས་སུ་གསོལ།།
བློ་སེང་གངས་ཅན་གཞུང་ལ་གཡང་འགུགས་ཤིག །
བསྟན་སྐྱོང་དཔལ་ལྡན་ལྷ་མོར་ལྷ་བོབས་་ཤོག ། །
ཁྲལ་བསྡུ་རང་བཙན་ལག་དེབ་རྩིས་རྒྱོབས་ཤོག །
ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པ་འདི་ཨ་རིའི་སྲིད་གཞུང་གསར་བའི་སྲིན་འཛིན་ཁྲཱོམ་རྒན་ལགས་ཀྱིས་བོད་མིར་རོགས་གངུལ་འཚམས་གཅོད་པའི་གྲོས་འགོ་བཏོན་པར་སྙུག་མིང་བ་འདྲེ་གླེན་པས་ཤར་མར་སྦྱར་བའོོ །། །།
སྲིད་སྐྱོང་བློ་སེང་ཁ་ཡག་ལག་སྟོང་དང་།།
སྤེན་ཚེ་ཁྲམ་པ་གཞིས་ཆགས་བུ་གུ་གཉིས།།
གངས་ཅན་བོད་ལ་རེ་བ་ཕན་པའི་རེ་བ་ཞིག།
ནམ་ཡང་མེད་པ་ས་རིས་ཐང་གསལ་རེད།།
རང་ཁ་རང་གསོ་རང་མི་རང་ལས་དང་།
རང་དོན་རང་གཅེས་རང་གི་ལས་ལ་བརྩོན་།
འདྲེ་གླེན་དྲན་རྒྱུ་མ་མང་རང་སེམས་བཅུན།།
འདྲེ་གླེན་ཤོད་རྒྱུ་མ་མང་ཁ་རོག་སྡོད།།
རང་ཉིད་གསོན་པོར་འཚོ་རུ་འཇུག་མཁན་གྱི།།
མཚམས་སུ་དཀའ་དྲིན་ཡིན་ལ་སེམས་པར་གྱིས།།
འཁྱག་འཁྱོག་མེད་པའི་དྲང་གཏམ་ཞིག་བཤད་ན། འཛམ་གླིང་སྤྱི་སྲོལ་ལ་གཞུང་གི་འགྲོ་སོང་མི་སེར་ནས་དཔྱ་ཁྲལ་བསྡུ་རྒྱུ་ལས་གཞན་པའི་ཐབས་ལམ་མེད་པ་ལྟ་བུ་ཡིན་པ་ཚང་མས་མཁྱེན་གསལ་རེད། འོན་ཀྱང་ང་ཚོ་བོད་པ་ཚོ་སྐྱབས་བཅོལ་བའི་གནས་སྟངས་ལ་བརྟེན་ནས་ཐབས་ལམ་དེ་ལ་རེ་བ་རྒྱབ་ཐབས་མེད། བྱས་ཙང་ཐོག་མར་བཙན་བྱོལ་བོད་གཞུང་བཙུགས་སྐབས་ལས་ཁུངས་ཁག་གི་གླ་ཕོགས་ཕུད་པའི་དགོས་མཁོའི་འགྲོ་སོང་སྐུ་སྒེར་ཡིག་ཚང་ནས་གསོལ་རས་སྩལ་ཞིང། ལས་བྱེད་པའི་འཚོ་རྟེན་རྒྱ་གར་གཞུང་གི་སྐྱོབ་གསོ་དང་། དབུས་ངལ་སཻལ་ཚོགས་པའི་སྐྱོབ་གསོ་ལ་བརྟེན་ནས་བཙན་བྱོལ་བོད་གཞུང་འཛིན་སྐྱོང་བྱས་པའི་གནས་སྟངས་དང་བསྡུར་ན་དེང་སང་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་ནི་མངོན་སུམ་མཐོང་ཆོས་རེད། དེ་བཞིན་བོད་མི་ས་ཡ་དྲུག་གི་བདེན་དོན་འཐབ་རྩོད་ནུས་སྟོབས་གོང་འཕེལ་ཡོང་ཆེད་སྐྱབས་བཅོལ་བོད་མི་རྣམས་རང་ཁ་རང་གསོ་དང་། གཞོན་སྐྱེས་ཚོའི་ཤེས་ཡོན་ཆེད་དུ་དངུལ་གྲོན་མང་པོ་བཏང་དང་གཏོང་བཞིན་པ་ནི་སྤྱི་སྒེར་གཉིས་སྨན་གྱི་ཐབས་ལམ་ཟབ་མོ་ཞིག་ཡིན་ཙང་རྗེས་སུ་ཡི་རང་ཞུ་རྒྱུ་ལས་མ་འདས། འོན་ཀྱང་ཞུ་དོན་གཙོ་བོ་ནི་བཙན་བྱོལ་གཞུང་གི་འགྲོ་སོང་ཡོང་འབབ་གཞན་བརྟེན་མ་དགོས་པར་རང་ཁ་རང་གསོ་ཐུབ་ཐབས་ལ་ཚོང་ལས་ཀྱི་ལས་དོན་བརྟན་པོ་ཞིག་ཐོག་མ་རྩ་འཛུགས་འཇོག་གནང་ན་བཙན་བྱོལ་གཞུང་གི་སྒྲིག་འཛུགས་སྲ་བརྟན་ཡོང་རྒྱུའི་ཐབས་ལམ་གལ་ཆེ་ཞིག་རེད་བསམ་གྱི་ཡོད།
སྲིད་སྐྱོང་གི་དང་ཐོག་ཆ་སྐྱེན་བཏོན་པའི་(རང་ཁ་རང་གསོ་)དུས་ལ་བབ་རན་སོང་། མི་ལོ་དུ་མའི་རིང་ལ་ཨ་རི་གཞུང་གི་རོགས་རམ་མི་ཉུང་བ་ཞིག་བྱས་ནས་བསྡད་རེད་་་བྱས་ཙང་ཨ་རི་གཞུང་ནི་ང་ཚོ་ལ་བཀའ་དྲིན་ཆེན་པོ་ཡིན་པའི་དྲིན་ཆེན་ལ་དྲིན་ལོག་ལ་བྱེད་མི་རུང་། བསམ་ཤེས་ན་བོད་གཞུང་ལ་ཨ་རི་ནི་ཕ་མ་ལྟ་བུའི་དྲིན་ཆེན་པོ་ཡིན། དེས་ན་ད་ང་ཚོ་རང་རྐང་ཐོག་ལ་ལང་དགོས་པའི་བརྡ་ལེན་ཞིག་མ་ཡིན་ནམ། ཡང་ན་མི་རབས་ནས་མི་རབས་བར་གཞན་ལ་ལག་བཟེད་ནས་འདུག་གིན་ཡིན་ནམ།
ད་བོད་མི་རིགས་ལ་ཁྲག་རྩ་དང་རྒལ་ཚིག་ཡོད་ན་ཕ་ཐོག་བུ་ཐོག་དང་མི་ཐོག་ནས་མི་ཐོག་བརྒྱུད་ནས་གཞན་ལ་སྐྱབས་བཅོལ་རྒྱུའི་སྒོམས་བཤིས་ངན་པ་དོར་ནས་རང་ཁ་རང་གསོ་དང་རང་མི་རང་ལས་རང་དོན་རང་གཅེས་བྱས་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་སྔོན་རྩིས་ལ་མི་མང་ནས་འགན་འཁུར་ནས་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་དཔྱ་ཁྲལ་ད་མུས་ལས་གསུམ་འདབས་བཞི་འདབས་སྤར་ནས་ཁྲིམས་སྒྲིག་གསར་གཏོད་གནང་དགོས་པ་ལས་མི་ལོ་བཅུ་ཕྲག་དྲུག་མ་ཟིན་ཙམ་སྐྱོབས་གསོ་རོགས་རམ་ལ་བརྔས་བཅོལ་ནས་སྐྱིད་ཉལ་བྱ་རྒྱུའི་ལམ་ལུགས་སམ་སྒོམས་བཤིས་ངན་པ་དོར་མ་ཐུབ་ཚེ་གཞིས་བྱེས་མཉམ་འཛོམས་མ་ཐུབ་བར་མི་ཡུལ་དུ་སྐྱོབས་གསོ་རོགས་རམ་ནས་ཁ་བྲལ་མ་ཐུབ་པའི་སྤྱི་ཚོགས་ཞིག་ནམ་ཡང་ཆགས་མི་ཉན་ནོ་།
ཧམ་པ་སྐྱག་རྫུན་གཉིས་ཀ་རི་ལྟར་སྤུངས།།
རྡོ་དང་ཀོ་བ་གཉིས་ཀ་གདོང་ལ་བྱུགས།།
གཏམ་གྲགས་རང་དོན་གཉིས་ཀ་ཁོག་ཏུ་སྦས།།
ང་ཚོའི་སྲིད་སྐྱོང་ཤོག་བུའི་སེང་གེར་འདུད།།
རང་དབང་མང་གཙོའི་སྤྱི་ཚོགས་ཆེན་པོའི་ནང་།
རང་ཁ་རང་གསོ་རང་མི་རང་ལས་བཟང་།
རང་དོན་རང་གཅེས་རང་གི་འཚོ་བ་སྲུང་།
རང་གཞན་གཉིས་ལ་ཕན་པའི་བྱ་བ་སྒྲུབས་།
༄༅། སྨ་འབེབས་སྐྱོན་བརྗོད་རང་ཉིད་རང་ལ་བྱེད།།
རང་གི་དམངས་ལ་ཕན་སླད་གང་བྱེད་ཡོད།།
རང་གིས་རང་ལ་དཔྱད་པ་ཐེངས་གསུམ་བྱེད།།
རང་གི་མི་བྱོན་གཞན་བྱས་མིག་མ་ཚ།།
༄༅། བྱོན་མདོག་མཁས་མདོག་མ་བྱེད།།
རིན་ཆེན་རིལ་པོ་མ་རེད།།
ཤེས་མདོག་མཁས་མདོག་མ་སྟོན།།
དགེ་བའི་བཤེས་གཉེན་མ་རེད།།
རང་དབང་མང་གཙོའི་ཁྲིམས་ལ་འགན་འཁུར་ནས་།
རང་མིང་བཀོད་ནས་ལྷག་བསམ་དྲ་ནང་གླེང་།
རང་མིང་དཀྱུར་ནས་དྲ་ནང་ཕེབས་མཁན་ཚོ་།
རང་དབང་སྨྲ་བརྗོད་ལྷག་བསམ་གང་ནས་ཡིན་།
ལྷག་བསམ་བཟང་པོའི་བསྐུལ་བའི་མཆན་བཀོད་དང་།
ལྷག་བསམ་རྫུན་གྱི་འཁོར་ལོའི་མཆན་བཀོད་གཉིས་།
ལྷག་བསམ་ཅན་གྱི་ཟུར་གནས་མཁས་པའི་ཚོའི་།
ལྷག་བསམ་བཟང་རྨ་མེད་སུ་ཡིན་དགོང་པར་ཚལ་།