ཆབ་མདོ་ངག་ཕུན།
རྩྭ་ཆུ་འཛོམས་པའི་བདེ་ལུང་།།
བཀོད་ལེགས་ཡིད་འོང་ལྡན་པར།།
དཔའ་མོ་ཞེས་པའི་བུད་མེད།།
སྙིང་སྟོབས་ཅན་ཞིག་ཡོད་དོ།།
བརྩོན་པའི་གོ་ཁྲབ་གྱོན་སྟེ།།
གཞན་རྣམས་བཙན་མནོན་འོག་ནས།།
བགྲོལ་ཐབས་བློ་སྟོབས་ཆེན་པོའི།།
ཞུམ་མེད་མདུན་མཆོང་བྱས་ཡོད།།
སྐྱེ་བོ་ཀླད་མེད་འགའ་ཡིས།།
གནོད་པའི་བྱ་བ་ངན་པ།།
སྣ་ཚོགས་རིམ་པར་བརྩམས་ཀྱང་།།
དོན་འབྲས་གསོན་པ་བྱུང་མེད།།
གཞན་ཕན་དཀར་པོའི་དར་ཆེན།།
ལྷོད་མེད་རླུང་གིས་བསྐྱོད་དེ།།
མགོན་མེད་དྭ་ཕྲུག་དུ་མ།།
རྒྱ་མཚོའི་ཕ་རོལ་གྲོལ་ཡོད།།
མགོན་མེད་དྭ་ཕྲུག་བོང་བར།།
གཅེས་པར་གསོ་སྐྱོང་གནང་ནས།།
གནའ་དེང་སྦྲང་རྩིའི་བཅུད་ལ།།
རོལ་རྒྱུའི་གོ་སྐབས་བསྐྲུན་ཡོད།།
བཅོས་སྒྲུང་ལང་ཚོའི་སྒྱུ་མའི།།
རང་རེའི་ན་གཞོན་རྣམས་ལ།།
གཞན་ཕན་ས་བོན་བཟང་པོ།།
བསྐྲུན་པའི་རེ་བ་ཡིན་ནོ།།
དེ་ཡང་སྔོན་དུས་ཤིག་ལ་བདེ་ལུང་ཞེས་པའི་རྩྭ་ཆུ་འཛོམས་པའི་ལུང་པ་བཀོད་ལེགས་ཡིད་དུ་འོང་བ་ཞིག་ཡོད་ཅིང་། ལུང་པ་དེའི་མི་རྣམས་ཕྱི་ལོག་ལ་འབྲེལ་བ་དེ་ཙམ་བྱེད་ཀྱི་མེད་ལ། ཁེར་རྐྱང་ལ་འཚོ་སྡོད་བྱེད་མཁན་གྱི་གྲོང་ཚོ་ཞིག་རེད། དེར་བརྟེན་ལུང་པ་དེར་ཉེན་རྟོག་པ་དང་། སྡེ་དཔོན་ཁ་མཐུན་གྱིས་ཡུལ་མི་རྣམས་ལ་བརྙས་བཅོས་བཏང་། དཀར་ཆུ་ཚང་ཟེར་བའི་ཁྱིམ་ཚང་ནི་དཔལ་འབྱོར་འབྲིང་ཙམ་ཡོད་མཁན་ཞིག་ཡོད་པ་དང་། དཀར་ཆུ་ཚང་གི་ཕ་དོན་ལྡན་དང་མ་དཔལ་མཚོ་གཉིས་ལ་བུ་མོ་དཔའ་མོ་ལས་མེད། དོན་ལྡན་གྱི་དུས་ཚོད་ནམ་ཁོམ་ལ་དཔའ་མོ་གཉག་བར་འཁུར་ནས་བྱམས་བརྩེས་ལྟ་སྐྱོང་བྱེད།
དཔའ་མོ་ནི་ཆུང་དུས་རང་བཞིན་གཤིས་རྒྱུད་གྱོང་ལ། གཞན་གྱིས་བརྙས་བཅོས་མི་འཁུར། དེ་བཞིན་སློབ་སྦྱོང་བྱེད་འདོད་ཧ་ཅང་ཆེན་པོ་ཡོད་མཁན་ཞིག་ཡིན། འོན་ཀྱང་ཕ་མས་བུ་མོ་སློབ་གྲྭར་གཏོང་འདོད་ཁྱོན་ནས་མེད། ཡིན་ནའང་དཔའ་མོས་ཨུ་ཚུགས་མཐར་བསྐྱེལ་གྱིས་ཕ་མས་བུ་མོ་གྲོང་གསེབ་སློབ་གྲྭར་བཏང་དགོས་བྱུང་། དཔའ་མོ་ནི་གྲོང་གསེབ་ཀྱི་སློབ་གྲྭ་ནང་སློབ་སྦྱོང་ལེགས་ཤེས་གྲས་ལ་སླེབས་ཤིང་། ཀུན་གྱི་ཡིད་སྨོན་དང་། མིག་དཔེ་ལྟ་སའི་ན་གཞོན་ཞིག་ཏུ་གྱུར།ཡིན་ནའང་ཉིན་གཅིག་གློ་བུར་ཕ་དོན་ལྡན་ལ་ན་ཚ་འཕོག་ནས་སྨན་ཁང་དང་རིམ་གྲོ་སོགས་གང་བྱས་ཀྱང་མ་ཕན་པར་འདས་གྲོངས་སུ་གྱུར། དུས་དེ་ནས་བཟུང་སྟེ་དཔའ་མོའི་མི་ཚེར་འགྱུར་ལྡོག་ཆེན་པོ་བྱུང་འགོ་བཙུགས།
ནང་ལ་མ་ནད་པ་གཅིག་ལས་མེད་པར་བརྟེན་དཔའ་མོ་སློབ་གྲྭར་འགྲོ་མཚམས་བཞག་སྟེ་མ་ལ་རོགས་རམ་མ་བྱས་ཀ་མེད་དུ་གྱུར། བུ་མོ་དཔའ་མོས་ཉིནལྟར་དཔལ་མཚོ་ལག་པ་ནས་བཟུང་སྟེ་སྨན་ཁང་ལ་ཁྲིད་ཀྱི་ཡོད་པས་རིམ་གྱིས་ཨ་མ་ན་ཚ་ཇེ་དྲག་གིས་སྔ་རྒྱུན་ལྟར་གྱུར། དཔའ་མོ་ཡང་ན་སོ་དར་ལ་འབབ་ཅིང་། གྲོང་སྡེ་མི་ཚོས་དཔའ་མོའི་གདོང་གི་རྣམ་འགྱུར་དང་། དཔལ་མཚོར་ལྟ་རྟོག་བྱེད་སྟངས་སོགས་ལ་ཀུན་གྱིས་ཡིད་སྨོན་སྐྱེ་གིན་ཡོད། གྲོང་མི་འགའ་ཤས་དཔའ་མོ་མནའ་མ་སློང་མཁན་ཡོང་གི་མོད། དཔལ་མཚོས་ང་ལ་རེ་བ་བཅོལ་ས་བུ་མོ་འདི་ལས་མེད་ཟེར་ནས་མནའ་མ་སྤྲད་ཀྱི་མེད། ཉིན་གཅིག་དཔལ་མཚོའི་བསམ་བློ་མང་པོ་ཞིག་བཏང་ནས་ད་ནི་བུ་མོ་ཆེན་པོ་ཆགས་འདུག །འདི་མུ་བཞིན་ནང་ལ་ཉར་བསྡད་ན་ཉིན་གཅིག་དཀའ་ངལ་ཕྲད་མི་ཡོང་ངམ་སྙམ་སྟེ་གཞིགས་ཀྱི་གནས་སུ་ལྷུང་།
དེ་འདྲའི་སྐབས་ཤིག་ལ་དབང་པོ་ཚང་གིས་ཕ་རྒན་རིག་འཛིན་དཔལ་མཚོའི་ནང་ལ་ཡོང་ནས་”ཁོ་ཚོའི་བུ་མི་འགྱུར་ལ་དཔའ་མོ་མནའ་མ་སྟེར་རོགས་”ཞེས་སློང་བ་དང་། དཔལ་མཚོས་མནའ་མ་སྟེར་རྒྱུ་ཁས་ལེན་བྱས་ཤིང་། གཟའ་སྐར་འཕྲོད་སྦྱོར་ཉིན་མོར་གཉེན་སྟོན་གྲ་སྒྲིག་བྱས་པ་དང་། སྐབས་དེར་ལུང་པ་སྟོད་སྨད་ཀྱི་མི་མང་པོ་ཞིག་འཛོམས་ནས་བྲོ་གླུ་གཞས་གསུམ་གྱིས་དགའ་བདེའི་དཔལ་ལ་རོལ།
མི་འགྱུར་ནི་སྤྱིར་བཏང་གི་མི་གཤིས་བཟང་བ་དང་། ལས་ཀ་ཧུར་བརྩོན་ལྡན་པ། ཕ་མའི་གང་ལབ་པ་རྡོ་ལ་རི་མོ་བྲིས་པ་ལྟར་བྱེད་མཁན་ཞིག་ཡིན་མོད། ཡིན་ནའང་ཁོ་པར་སྐྱོན་གཅིག་ཡོད་པ་ནི་སྐབས་རེ་ཆང་ཚད་མེད་བཏུང་ནས་བཟི་གཏམ་བཤད་དེ་གཞན་ཟེར་གྱི་རྗེས་ལ་གཡམ་རྒྱུག་བྱ་མཁན་ཞིག་ཡིན་པས། མི་ཚོས་དེ་ཙམ་ཡིད་ཆེས་བྱེད་ཀྱི་མེད། དབང་པོ་ཚང་ལ་དཔལ་མོ་མནའ་མ་སླེབས་ནས་ལོ་ཤས་སོང་མེད་ན་ཡང་། ལུང་པ་དེའི་མི་ཚོའི་གོམས་སྲོལ་མང་ཆེ་བ་ཤེས་པར་གྱུར། ལུང་པའི་གནད་ཡོད་མི་ཚོས་བྱེད་སྟངས་ལ་དཔའ་མོ་བློར་ཐད་ཀྱི་མེད་པས། ཉིན་གཅིག་དཔའ་མོས་དེའི་སྐོར་མི་འགྱུར་ལ་བཤད་རྗེས། མི་འགྱུར་ཧོན་མཐོར་ནས་དཔའ་མོའི་གདོང་ལ་བལྟས་ཏེ། “ཁྱོད་ཀྱིས་ཅི་ལབ་ཀྱི་ཡོད། རིག་རྡོར་སུ་ཞིག་གི་ངོ་ལོག་བྱེད་ནུས་ཀྱི་མེད། ཁྱེད་དེས་སྐོར་བསམ་བློ་མ་བཏང་མ་གཏོགས་ནང་མི་དཀའ་ངལ་གྱི་གནས་སུ་ལྷུང་ངེས་རེད་”ཟེར་ནས་སྐད་ཆ་ཉན་གྱི་མེད། སྡེ་དཔོན་དང་ཉེན་རྟོག་ཁ་མཐུན་གྱིས་མི་སེར་ཉམ་ཆུང་ལ་བརྙས་བཅོས་བཤད་པ་མཐོང་དུས་དཔའ་མོ་སྡོད་མི་ཚུགས་པར་ཁོང་ཁྲོ་ལངས་ཀྱི་ཡོད་ཀྱང་མི་འགྱུར་གྱིས་ཁ་རྩུབ་དགོས་ཚུལ་བཤད་པས་དཔའ་མོའི་བྱེད་ཐབས་ཅི་ཡང་མ་རྙེད།
མཐར་དཔའ་མོས་ག་དུས་བར་དུ་དཀའ་ངལ་འོག་ཏུ་མགོ་སྒུར་ནས་སྡོད་དགོས་རེད་སྙམ་སྟེ་བསམ་བློ་མང་པོ་བཏང་མྱོང་ཡོད། ཉིན་གཅིག་ལུང་པའི་བུད་མེད་འགའ་ཤས་ནགས་འདབས་ལ་མེ་ཤིང་བསྒྲུགས་བར་ཕྱིན་པ་དང་། རིག་རྡོས་མཐོང་སྟེ་མི་འགའ་ཤས་ཁྲིད་ནས་བུད་མེད་དེ་དག་གི་འཁུར་པོ་ཚང་མ་འཕྲོག །འགའ་ཤས་ལ་རྡོག་འཇག་བཞུས། རིག་རྡོས་”ད་ནས་བཟུང་སྟེ་ལུང་པ་འདི་ནས་ཤིང་འཐུ་བ་སུ་ཞིག་ཡོང་མི་ཆོག །གོང་རིམ་གྱིས་བཀའ་ཡིན་པ་ལམ་ཟུར་ལ་ལྕགས་ལེབ་སྟེང་ལ་གསལ་བསྒྲགས་སྦྱར་ཡོད་པ་ཁྱོད་ཚོས་མཐོང་མ་བྱུང་ངམ་”ཟེར། བུད་མེད་དེ་དག་ནི་རིག་རྡོ་ལ་ཞེད་ཐག་ཆོད་ནས་ཚིག་གཅིག་ཀྱང་ལེན་འདེབས་མི་ནུས།
དུས་དེ་ནས་བཟུང་སྟེ་ཤིང་རྐང་གཅིག་གནས་དེ་ནས་འཐུ་ནུས་ཀྱི་མེད་པས། གྲོང་མི་རྣམས་ལ་འབུད་ཤིང་མི་རག་པས་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་ཅིང་། དཔའ་མོ་ནི་བུད་མེད་གཞན་ལྟར་མ་ཡིན་པས་ཡི་གེ་བཀླགས་ནས་དོན་དག་རྟོགས་མཁན་ཞིག་ཡིན་པས། ལྕགས་ལེབ་ངོས་ཀྱི་གསལ་བསྒྲགས་ཞིབ་ཚགས་བཀླགས་པར་དེ་ནང་ཤིང་སྐམ་པོ་འཐུ་མི་ཆོག་ཟེར་བའི་བཀོད་ཡོད་པ་མ་མཐོང་། དེར་བརྟེན་ཉིན་གཅིག་དཔའ་མོས་བུད་མེད་རྣམས་ཁྲིད་ནས་ཉེན་རྟོག་པའི་སྒོ་ཁར་ཕྱིན་ནས་དཔའ་མོས་”ཕུ་ནས་ཐང་ཤིང་སྐམ་པོ་བསྒྲུགས་མི་ཆོག་ཟེར་ནས་བཀོད་མི་འདུག་པས། རིག་རྡོས་དབང་ཆ་བེད་སྤྱོད་ལོག་པར་བཏང་ནས་དོན་མེད་མི་མང་ལ་འབུད་ཤིང་བསྒྲུགས་པར་དཀའ་ངལ་བཟོ་གི་འདུག་ལ། མི་སེར་ལ་འབུད་ཤིང་སྐམ་པོ་བསྒྲུགས་མ་བཅུག་ཚེ་དམངས་ཀྱི་ཁ་ལག་ག་འདྲ་བཟོ་དགོས་རེད་དམ་”ཞེས་ཞུས་རྗེས།
གཤིས་སྤྱོད་རྩུབ་ཅིང་ཧམ་ཆེན་ཅན་གྱི་ཉེན་རྟོག་པ་དེས་མི་དམངས་ཉམ་ཆུང་ལ་རྒྱབ་སྐྱོར་བྱེད་རྒྱུ་ལས་ལྡོག་སྟེ་”ཁྱོད་རང་གི་གནས་སྟངས་མང་པོ་ཤེས་ཀྱི་མ་རེད། དེ་ལས་ཁྱོད་ནང་ལ་ལོག་ན་དགའ་གིན་རེད། དེ་མ་གཏོགས་ཡག་པོ་ཡོང་གི་མ་རེད་”ཟེར། ཉེན་རྟོག་པས་སྐད་ཆ་དེ་ཐོས་རྗེས་བུད་མེད་རྣམས་ཁོང་ཁྲོ་ལངས་ནས་སྐད་འབོད་བྱས་པ་དང་། ཉེན་རྟོག་པས་བུད་མེད་རྣམས་དབྱུག་པ་ཞུས་ནས་ཕྱིར་དེད་བཏང་། ཕྱི་ཉིན་དཔའ་མོས་བུད་མེད་རྣམས་འཁྲིད་ནས་འབུད་ཤིང་འཐུ་བར་ཕྱིན་པ་དང་། རིག་རྡོས་ལམ་སང་ཉེན་རྟོག་པ་སྐད་བཏང་ཞིང་། ཉེན་རྟོག་པས་བུད་མེད་དབྱུག་པ་ཞུས་ནས་ནད་པ་བཟོས།
དེ་ནས་དཔའ་མོ་ཉིན་ལྟར་ཉེན་རྟོག་པའི་དཔོན་པོ་ཐུག་བཅུག་རོགས་བྱས་ཟེར་ནས་ཉེན་རྟོག་ཁང་གི་སྒོ་འགྲམ་ལ་འགྲོ་གི་ཡོད་ཀྱང་གཤམ་འོག་ལས་བྱེད་ཀྱི་འགོ་ཁྲིད་ཁྱོན་ནས་ཐུག་མ་བཅུག།།ཉིན་གཅིག་དཔའ་མོ་དང་བུད་མེད་འགའ་ཤས་སྡོད་བཞིན་པ་སྐབས་སུ་ཉེན་རྟོག་པའི་འགོ་ཁྲིད་སླེབས་ཤིང་། དཔའ་མོས་”སྐད་ཤུགས་ཆེན་པོས་མི་དམངས་ཀྱི་བདེ་སྡུག་ལ་གཟིགས་རོགས་གནང་”ཞེས་སྐད་འབོད་བྱེད་བཞིན་པའི་སྐབས་དེར། ཉེན་རྟོག་པ་འགོ་ཁྲིད་དེས་”བུད་མེད་མང་པོ་འདི་འདྲ་གང་རེད་དམ་”ཞེས་དྲིས། སྣེ་ལེན་པ་དེས་”ཁོ་ཚོ་དོན་དག་གཞན་ཞིག་གི་ཆེད་དུ་འདིར་ཡོང་བ་རེད་”ཟེར། དེ་འདྲའི་བཤད་བསྡད་པའི་སྐབས་དཔའ་མོ་འགོ་ཁྲིད་ཀྱི་ཁྲིས་ལ་སླེབས་ནས་ལག་གཉིས་ཐལ་མོ་སྙིང་ཁར་སྦྱར་ཏེ། “གུས་བཀུར་འོས་པའི་དབུ་ཁྲིད་མཆོག་ལ། ང་ཚོ་སྐུ་ཉིད་ལ་བདེ་སྡུག་ཞུ་ཆེད་དུ་ཉིན་གྲངས་མང་པོ་ཞིག་སྒུག་ཀྱང་གཤམ་འོག་ལས་བྱེད་པས་སྐུ་ཉིད་བཞུགས་མེད་ཚུལ་བརྗོད་ནས་དཀའ་ངལ་ཞུ་ས་རག་གི་མི་འདུག །ང་ཚོ་འདིར་བཅར་དོན་ནི་གྲོང་གསེབ་མི་མང་ལ་འབུད་ཤིང་སྐམ་པོ་ཡང་འཐུ་མི་ཆོག་ཅེས་རིག་རྡོས་བཙན་དབང་གི་འཐུ་བཅུག་གི་མི་འདུག །འབྲེལ་ཡོད་ཉེན་རྟོག་པ་ལ་ཞུས་པ་ཡིན་ནའང་དོན་འབྲས་གསོན་རྒྱུ་ལས་ལྡོག་སྟེ། ཉེན་རྟོག་པས་རིག་རྡོའི་ཕྱོགས་བཟུང་ནས་ང་ཚོར་དཀའ་ངལ་ཞེ་དྲག་འཕྲད་ཀྱི་འདུག །དེ་བཞིན་རིག་རྡོ་དང་ཉེན་རྟོག་པ་ཁ་མཐུན་གྱིས་ཐང་བཅད་བསྟུབས་ཀྱི་གཞན་ལ་ཚོང་གི་འདུག་ལ། ང་ཚོས་ཁྱོད་ཀྱི་ཐང་ཤིང་བཅད་ནས་གཞན་ལ་ཚོང་ཆོག་ན་ང་ཚོར་འབུད་ཤིང་བཅུག་རྒྱུ་སྐམ་པོ་འཐུ་མི་ཆོག་པའི་རྒྱུ་མཚན་གང་རེད་ཅེས་དྲིས་དུས། ཁོ་བོར་གོང་རིམ་གྱི་བཀའ་འཁྲོལ་ཡོད་ཚུལ་སོགས་བརྗོད་ཅིང་། མི་མང་ཉམ་ཆུང་ལ་འབུད་ཤིང་མེད་པའི་དཀའ་ངལ་ཞེ་དྲག་འཕྲད་ཀྱི་འདུག་ཚུལ་”སོགས་ཞུས་རྗེས། ཉེན་རྟོག་པའི་འགོ་ཁྲིད་དེ་ལམ་སང་རླངས་འཁོར་ནང་བསྡད་དེ་ཕྱིན། རིག་རྡོག་དང་བློ་བཟང་གཉིས་ཀྱིས་གཞན་ལ་ཤིང་ཚོང་བསྡད་པ་དང་ཁ་ཐུག་འཁེལ་ནས་རིག་རྡོ་ལ་ཉེས་ཆད་དང་། བློ་བཟང་ཉེན་རྟོག་ཁང་ནས་ཕྱིར་འབུད་བཏང་། ཉེན་རྟོག་གཙོ་འཛིན་བཀྲ་ཚེས་”གསལ་པོ་བཟོ་དགོས་པ་ཞིག་ལ་ད་ནས་བཟུང་སྟེ་ཤིང་སྐམ་པོ་བསྒྲུགས་པར་བཀག་འགོག་མེད་ཅིང་། ཤིང་རློན་པ་རིགས་གཏན་ནས་བཅད་ཆོག་གི་མ་རེད་”ཅེས་བརྗོད། དུས་དེ་ནས་བཟུང་སྟེ་ལུང་པ་དེར་ཤིང་སྐམ་བསྒྲུགས་ཆོག་པ་བྱུང་བས། ཀུན་གྱིས་དཔའ་མོའི་འཇོན་ཐང་དང་། བློ་སྟོབས་ལ་ཡིད་སྨོན་བྱེད།
དེ་འདྲའི་གནས་སྟངས་འོག་ནས་ལོ་ཤས་སོང་བ་དང་། དཔའ་མོ་ལ་ཁོག་ནང་ཕྲུ་གུ་ཆགས། ཉིན་གཅིག་རིག་རྡོ་དང་བློ་བཟང་གཉིས་ཆང་ཁང་ཞིག་ལ་འཛོམས་ནས་བློ་བཟང་གིས་”དཔའ་མོ་ཟེར་བའི་བུད་མེད་དེ་ལ་དཀའ་ངལ་མ་བཟོ་ན་འགྲིགས་མ་སོང་”ཟེར་བཞིན་ཁོང་ཁྲོས་སོ་སྒྲ་བསྒྲིགས། ཁུ་ཚུར་མདུན་ལྕོག་ལ་བཞུས། རིག་རྡོས་ཀྱང་”དེ་ག་རང་རེད་”ཟེར་ནས་ཁོ་གཉིས་གྲོས་བྱེད་བཞིན་པའི་སྐབས་དེར་མི་འགྱུར་ཆང་བཏུང་ནས་ཟུར་ཞིག་ལ་བསྡད་ཡོད་པ་མཐོང། བློ་བཟང་གིས་”ལྟོས་དང་མི་འགྱུར་ཁོ་ཕ་གིར་བསྡད་འདུག །ངེད་གཉིས་ཀྱི་ཁོག་པ་རྒྱང་དགོས་”ཟེར། རིག་རྡོས་”འགྱུར་མེད་ཁོག་པ་གང་འདྲ་རྒྱང་དགོས་”ཟེར་བ་དང་། བློ་བཟང་གིས་”ཁྱོད་སེམས་ཁྲལ་མ་བྱེད་ཁོག་པ་ངས་རྒྱང་ཆོག་”ཟེར་ནས་འགྱུར་མེད་ཀྱི་ཁྲིས་ལ་ཕྱིན། བློ་བཟང་གིས་རྣམ་འགྱུར་ལེགས་པོའི་ཐོག་ནས་”མི་འགྱུར་ལགས་ག་རེ་གནང་གི་ཡོད་དམ་”ཞེས་དྲིས། མི་འགྱུར་མགོ་འཕུར་ཙམ་ཞིག་བྱས་ཏེ་”དེ་རིང་དཀའ་ལས་ཞེ་དྲག་ཁག་སོང་བས་ཆང་བཏུང་བར་ཡོང་བ་ཡིན་”ཚུལ་བརྗོད།
དེ་ནས་ཁོང་གསུམ་སྤྱིར་བཏང་སྐད་ཆ་འདྲ་བཤད་ནས་བསྡད། རིག་རྡོས་”དཔའ་མོ་བདེ་མོ་ཨེ་ཡིན་”ཟེར་ནས་དྲིས་པ་དང་། མི་འགྱུར་གྱིས་”དཔའ་མོ་བདེ་མོ་ཡིན་ལ་ཁོག་ནང་ཕྲུག་གུ་སྐྱེ་རྒྱུ་ཡོད། སང་ཕར་ལམ་ང་ཕ་རྒན་འགྱུར་རྒྱུ་རེད་”ཟེར་བཞིན་དགའ་བའི་རྣམ་འགྱུར་གྱིས་བརྗོད། རིག་རྡོས་”ཁྲེལ་བགད་གཅིག་བྱས་ཏེ་ཕ་ཁྱོད་ཡིན་དང་གཞན་ཡིན་སུས་ཤེས་”ཟེར། བློ་བཟང་གིས་”གོ་ཚོད་ཁྱིམ་མཚེས་དོན་འགྲུབ་དང་མཉམ་དུ་བསྡད་འདུག་ཅེས་མི་ཚོས་ལབ་ཀྱི་འདུག་”ཟེར། མི་འགྱུར་གྱིས་”དེ་འདྲ་གཏན་ནས་ཡིན་གྱི་མ་རེད་”ཅེས་བརྗོད་པ་དང་། རིག་རྡོས་”ངེད་གཉིས་ཀྱི་བཤད་པར་ཡིད་མ་ཆེས་ན་བལྟ་བར་ཕྱིན་དང་ཁྱོད་མེད་དུས་ད་ལྟ་མཉམ་དུ་བསྡད་ཡོད་ཀྱི་རེད་”ཟེར།
མི་འགྱུར་ལམ་སང་ཆང་བཏུང་འཕྲོ་བཞག་སྟེ་ནང་ལ་ལོག་ཕྱིན། དོན་འགྲུབ་དང་དཔའ་མོ་གཉིས་རྭ་བར་སྐད་ཆ་འདྲ་བཤད་ནས་བསྡད་ཡོད་པ་མི་འགྱུར་གྱིས་དངོས་སུ་མཐོང་སྟེ་ཁོང་ཁྲོ་ལངས་བཞིན་ནང་ལ་ལོག་ཕྱིན། མི་འགྱུར་རྐུབ་སྟེགས་སྟེང་ལ་བསྡད་དེ་ཡུན་རིང་སྒྲུག །མཐར་དཔའ་མོ་ནང་ལ་ཡོང་བ་དང་། མི་འགྱུར་གྱིས་རྣམ་འགྱུར་དྲག་རྩུབ་སྟོན་བཞིན་”ཁྱོད་གང་དུ་སོང་བ་ཡིན་ནམ་”ཞེས་དྲིས། དཔའ་མོས་”གྲོགས་མོ་ནང་ལ་སོང་བ་ཡིན་”ཚུལ་ལས་དོན་འགྲུབ་ཀྱི་ནང་ལ་སོང་བ་མ་བཤད། མི་འགྱུར་གྱི་སེམས་ནང་ལ་རིག་རྡོ་དང་བློ་བཟང་གིས་བཤད་པ་དེ་བདེན་པ་རེད་འདུག་སྙམ་སྟེ་ཁོང་ཁྲོ་དེ་ལས་ཆེ་བ་ལངས་ཏེ། མི་འགྱུར་གྱིས་”ད་ཡིན་ན་ཁྱོད་ཀྱི་བྱེད་སྟངས་ཚང་མ་ཤེས་སོང་། དེ་རིང་ནས་བཟུང་སྟེ་ངེད་གཉིས་ཀྱི་བར་འབྲེལ་བ་གང་ཡང་མེད་”ཟེར། དཔའ་མོས་སེམས་ནང་མི་འགྱུར་གློ་བུར་དུ་གང་ཞིག་ཆག་པ་ཡིན་ནམ་སྙམ་སྟེ་”དོན་དག་ཅི་ཡང་མེད་པར་འགྲོ་དགོས་ཟེར་བ་ཁྱོད་ཀྱི་ཅི་ལབ་ཀྱི་ཡོད། ག་རེ་བྱས་ནས་འགྲོ་དགོས་རེད་དམ།” ཞེས་དྲིས་པ་དང་། མི་འགྱུར་གྱིས་”ཁྱོད་དོན་འགྲུབ་ཀྱི་ནང་ལ་ཕྱིན་ནའང་ང་ལ་རྫུན་མ་བཤད་ནས་གྲོགས་མོའི་ནང་ལ་ཕྱིན་ཟེར། ཁྱེད་ཀྱི་ཁོག་ནང་ཕྲུ་གུའི་ཕ་ང་མ་རེད་”ཅེས་ལབ་སྟེ་དཔའ་མོ་དཔུང་པ་ནས་བཟུང་སྟེ་བཙན་དབང་གིས་སྒོར་ནས་ཕྱིར་འབུད་བཏང་། དཔའ་མོས་”དོན་འགྲུབ་ངེད་གཉིས་ཀྱི་བར་ལ་དེ་འདྲ་གང་ཡང་འབྲེལ་བ་མེད་ཅེས་དག་གསལ་ག་ཚད་བྱས་ཀྱང་མི་འགྱུར་གྱི་ཉན་འཇོག་གཏན་མ་བྱས། མཐར་དཔའ་མོས་མི་འགྱུར་གྱི་ཉན་འཇོག་མི་བྱེད་པ་ཤེས་དུས་ཐུགས་རྗེའི་གཟིགས་དོ་དགོང་བསྡད་བཅུག་དང་སང་ཉིན་ཐོན་འགྲོ་ཆོག་”ལབ་ཀྱང་དེ་ཡང་མ་ཉན་ནས་ཕྱི་སྒོ་ཕྱེ་རོགས་མ་བྱས། མཐར་དཔའ་མོ་ཨ་མ་དཔལ་མཚོའི་ནང་ལ་ལོག་ཕྱིན། ཨ་མས་”ཁྱེད་ལ་ག་རེ་བྱས་སོང་ངམ་”ཞེས་དྲིས། དཔའ་མོས་”བཟའ་ཟླ་མི་འགྱུར་གྱིས་མ་ཉེས་ཁག་གཡོག་གིས་ནང་ནས་ཕྱིར་འབུད་བཏང་སོང་”ཞེས་ངུ་བཞིན་ལབ་པ་དང་། ཨ་མས་”ཁྱོད་ཀྱི་ཅི་ལབ་ཀྱི་ཡོད། ད་ལྟ་ཕར་ལོག་རྒྱུག་ཁྱོད་རང་ཁོ་ལས་ལྷག་རག་གི་མ་རེད་”ཟེར་ནས་སྒོ་བརྒྱབ། དེ་སྔོན་དཔའ་མོ་ཞེས་བསྟོད་དབྱངས་འཐེན་ནས་རྒྱབ་སྐྱོར་བྱེད་མཁན་དེ་ཚོ་སར་སོང་ཡང་མཐོང་སའི་ཡུལ་ལ་མེད་པར་གྱུར་ཅིང་། དེ་ལས་ལྡོག་སྟེ་སྐད་ཆ་སྣ་ཚོགས་ཤིག་བཀྲམས་ནས་དཔའ་མོར་མཐོང་ཆུང་དང་དམའ་འབེབས་བྱེད་པ་དང་། དཔའ་མོས་ལས་ཀ་འཚོལ་བར་གང་སར་ཕྱིན་ནའང་སུ་ཞིག་ལས་ཀ་སྤྲད་མཁན་མ་རག།།དཔའ་མོ་ནི་ཉིན་རེ་བཞིན་གྲོད་ཁོག་ཆེ་རུ་གྱུར། མཐར་དཔའ་མོ་གྲོང་ཚོའི་དཀྱིལ་ཟ་ཁང་གི་མདུན་དུ་བསྡད་དེ་ལྟོ་སློང་གི་ཡོད་ཅིང་། ཆར་རླུང་འཚུབ་པའི་ཁྲོས་དཔའ་མོར་ཕྲུ་གུ་སྐྱེས་གྲབས་ཀྱིས་ན་ཟུག་ཇེ་ཆེར་གྱུར། དཔའ་མོ་གྲོད་ཁོག་རས་ཤིག་གིས་བསྡམས་ནས་གོམ་པ་འཁྱོར་བཞིན་དེ་སྔོན་གྲོགས་མོ་སྡོད་སའི་ཕྱོགས་ལ་ཕྱིན་ནས་ཕྱི་སྒོ་བརྡུང་ཡང་དཔའ་མོ་ཡིན་པ་ཤེས་འཕྲལ་སྒོ་ཕྱེ་རོགས་མ་བྱས། དེ་སྔོན་ངོ་ཤེས་ཚོའི་སྒོ་འགྲམ་ཕྱིན་ནས་རོགས་པ་བྱེད་རོགས་ཞེས་རེ་འབོད་ཀྱང་སུ་ཞིག་གིས་རོགས་པ་བྱེད་མཁན་མ་རག །མཐར་གོམ་པ་འཁྱོར་བཞིན་ཤིང་གདོང་ཞིག་གི་འོག་ཏུ་དྲན་མེད་དུ་བརྒྱལ། རྒན་འཁོགས་བཟའ་མི་གཉིས་ཀྱིས་མཐོང་བ་དང་སེམས་ཀྱི་མ་བཟོད་མགྱོགས་མྱུར་འོང་ནས་དཔའ་མོ་རྒྱབ་ནས་སྐྱོར་བཞིན་གྲོང་གསེབ་ཀྱི་སྨན་ཁང་ལ་ཁྲིད་ཕྱིན། དེ་ནུབ་དཔའ་མོར་བུ་མོ་ཞིག་སྐྱེས། ལྷ་མཚོས་དཔའ་མོའི་གནས་སྟངས་དེ་དག་མཐོང་རྗེས་སྙིང་རྗེ་ཚད་མེད་སྐྱེས་ཏེ་ཁག་ལག་འཁུར་ཡོང་ནས་སྟེར། རིམ་གྱིས་སྨན་ཁང་ནས་བཏང་བ་དང་། ས་ཆ་གཞན་འགྲོ་ས་མེད་པས། དེ་སྔོན་སྡོད་སའི་ལམ་ཁའི་གསུམ་མདོ་ལྕང་ཤིང་གི་འོག་ལ་བསྡད་པ་ལས་གཞན་འགྲོ་ས་གང་ཡང་མེད་ཅིང་།
དཔའ་མོའི་ལྟོ་སློང་བཞིན་ཡོད་པའི་ལུང་པའི་སྡེ་ཟུར་རིག་རྡོའི་ཤེས་ཏེ་ལམ་སང་རོགས་པ་ཁ་ཤས་ཤིག་ཁྲིད་དེ་དཔའ་མོའི་ལྟོ་སློང་སའི་ཕྱོགས་སུ་འོང་། དཔའ་མོར་རྒན་འཁོགས་གཅིག་གིས་ཁ་ལག་སྟེར་བཞིན་པ་དང་ཁ་ཐུག་འཁེལ་བས། སྡེ་ཟུར་རིག་རྡོས་རྒན་འཁོགས་དེར་རྡོག་འཇག་བཞུས་ཐེངས་གཅིག་གིས་ཐང་ལ་འགྱེལ། རིག་རྡོས་”གནས་འདིར་ཁྱོད་སྡོད་ཆོག་གི་མ་རེད་”ཅེས་བརྗེད་དེ་དཔའ་མོའི་སྐྲ་ནས་འཇུས་ཏེ་འཐེན། སྡེ་ཟུར་རོགས་པས་ཀྱང་རྡོག་འཇག་བཞུས་པར་དཔའ་མོ་སར་འགྱེལ་བ་དང་། སྡེ་ཟུར་རིག་རྡོས་ལག་གཡས་པས་དཔའ་མོ་སྐྲ་ནས་བཟུང་སྟེ་”ད་ནས་བཟུང་སྟེ་ཁོ་མོར་སུ་ཞིག་གིས་ཁ་ལག་སྤྲད་པ་ཡིན་ན་མཐའ་མཇུག་ཡོང་རྒྱུ་འདི་ལས་མེད་”ཅེས་བརྗོད་དེ་སྡིག་ར་བཏང་ནས་ལོག་ཕྱིན། གྲོང་མི་རྣམས་ཞེ་ཐག་ཆོད་ནས་དཔའ་མོ་ལ་ཁ་ལག་སྟེར་མི་ནུས་པར་འགྱུར། དཔའ་མོ་ལམ་སང་ལངས་ཏེ་རྒན་པོ་ལག་ནས་བཟུང་སྟེ་ཡར་འཐེན། རྒན་མོ་ལྷ་མཚོ་འོང་སྟེ་”ཁྱེད་འདི་ཕྱོགས་མ་བསྡད་ནས་ས་ཆ་གཞན་ལ་འགྲོ་རོགས་བྱོས། ཁྱོད་འདི་ཕྱོགས་སུ་བསྡད་ན་ང་ཚོའི་སེམས་ནང་བདེ་བར་ཉིན་གཅིག་ཀྱང་ཡོང་བ་མི་འདུག་”ཟེར་བཞིན་ལག་གཉིས་ཐལ་མོ་སྦྱར་བས། རྒན་པོས་”ཅི་ཁྱོད་ཀྱི་ཅི་ལབ་ཀྱི་ཡོད། དཔའ་མོ་ལ་ནོར་འཁྲུལ་གང་ཡང་མེད་”ཟེར། དཔའ་མོའི་བསམ་པར་ང་ཉེས་རྡུང་ག་ཚོད་བཏང་ནའང་ཁྱད་པར་གང་ཡང་མི་འདུག་སྟེ་དོན་མེད་རྒན་འཁོགས་ལ་དཀའ་ངལ་བྱུང་ན་འགྲིགས་ཀྱི་མ་རེད་སྙམ་སྟེ། དེ་ནུབ་ཤིང་སྡོང་འོག་དེར་བསྡད། སང་ཉིན་ཞོགས་པ་ནམ་སྐྱ་མདའ་གཏོང་བ་དང་། དཔའ་མོས་ཕྲུག་གུ་རྒྱབ་ལ་འཁྱེར། འཁར་རྒྱུག་བཙུགས་ནས་རླངས་འཁོར་འབབ་ཚུགས་ལ་བསྐྱོད་ནས་སྤྱི་སྤྱོད་རླངས་འཁོར་ནང་བསྡད་ནས་ལུང་པ་གཞན་ལ་ཕྱིན། གྲོང་ཁྱེར་ལ་འབྱོར་བ་དང་། དགོང་མོ་རླངས་འཁོར་འབབ་ཚུགས་སུ་བསྡད། ཉིན་མོ་ཕྲུ་གུ་རྒྱབ་ལ་འཁྱེར་ནས་ལས་ཀ་ཙག་ཙིག་འཚོལ་བཞིན་འཚོ་བར་བསྐྱལ། དང་ཐོག་ས་ཆ་དང་མི་རྒྱུས་མེད་པས་དཀའ་ངལ་དུ་མ་ཞིག་འཕྲད། ཕྲུ་གུ་རྒྱབ་ལ་འཁྱེར་ནས་ཉིན་ལྟར་གད་སྙིགས་བསྒྲུགས། གད་སྙིགས་བསྒྲུབས་སའི་ཁྲིས་ལ་ཟ་ཁང་ཞིག་ཡོད་པས། དེར་ཟ་ཁང་བདག་པོ་བུད་མེད་དེས་དཔའ་མོས་ཕྲུ་གུ་རྒྱབ་ཏུ་འཁྱེར་ནས་ཉིན་ལྟར་གད་སྙིགས་བསྒྲུགས་པ་མཐོང་གི་ཡོད། དཔའ་མོས་ཕྲུ་གུ་རྒྱབ་ཏུ་འཁྱེར་ནས་གད་སྙིགས་སྒྲུག་སྟངས་དེ་དག་མཐོང་དུས་བུད་མེད་དེ་སྙིང་རྗེ་ཚད་མེད་སྐྱེ་གིན་ཡོད། བུད་མེད་དེས་ཕར་ཚུར་འགྲོ་ཞོར་ཁ་ལག་དང་གྱོན་ཆས་རྙིང་པ་རིགས་སྟེར། ཉིན་གཅིག་བུད་མེད་དེས་དཔའ་མོའི་གད་སྙིགས་བསྒྲུགས་སར་ཡོང་ནས་”ཁྱོད་རང་གད་སྙིགས་བསྒྲུགས་ནས་སྒོར་མོ་ག་ཚད་རག་གི་འདུག་”ཅེས་དྲིས། དཔའ་མོས་”ཉིན་རེ་འཚོ་བ་ཁུངས་འཁྱོལ་ཙམ་ཡོང་གི་འདུག་”ཅེས་དྲང་པོ་བརྗོད། བུད་མེད་དེས་”ང་ལ་ཟ་ཁང་ཡོད་པས་ཟ་ཁང་གི་ཕོར་པ་བཀྲུས་མཁན་ཞིག་དགོས་ཀྱི་འདུག་ན་ཁྱོད་འདོད་ཡོད་ན་ངའི་ཟ་ཁང་ཡོང་ན་འགྲིགས་ཀྱི་རེད་”ཟེར། སྐད་ཆ་དེ་གོ་བ་དང་དཔའ་མོ་རང་དབང་མེད་པའི་མིག་ཆུ་ཤོར་བཞིན་ཡོང་གི་ཡིན་པའི་བརྡ་བསྟན།
དེ་ནས་བཟུང་སྟེ་ཉིན་གང་ཟ་ཁང་གིས་ཕོར་པ་བཀྲུས་པ་དང་གད་ཕྱེས་སོགས་ཀྱི་ལས་ཀ་ཧུར་ཐག་བྱེད། གྲོང་ཁྱེར་གྱི་མཐའ་ལ་ཁང་པ་རིན་གོང་ཁེ་པོ་གླ་རྒྱུ་རག་ཡོད་པ་དེར་དགོང་ལྟར་ལོག་ནས་ཞོགས་པ་སྔར་པོ་ཡོང་སྟེ་ལས་དོན་བྱེད། དེར་བརྟེན་ཟ་ཁང་སྦྱིན་བདག་བུད་མེད་དེས་དཔའ་མོར་དཔེ་ཡག་པོ་བྱེད་ཀྱི་ཡོད་པའི་རིམ་གྱིས་དཀའ་ངལ་ཉུང་དུ་ཕྱིན། བུ་མོ་ཡང་ཉིན་སློབ་ལ་བཏང་འགོ་བཙུགས། ལུང་པ་དེར་ཕྲུ་གུ་དྭ་ཕྲུག་དུ་མ་འགྲུལ་པ་འདུ་སྡོད་བྱེད་ས་དང་། དེ་བཞིན་འགྲུལ་འཁོར་འབབ་ཚུགས་བཅས་སུ་ལྟོ་སློང་བཞིན་བསྡད་པ་མཐོང་དུས་དཔའ་མོའི་སེམས་ནང་བཟོད་ཐབས་མེད་པའི་སེམས་སྡུག་གིས་མནར། སྐབས་རེ་མོ་རང་ཁ་ལག་ཕྲན་བུ་ཐོབ་པ་དེ་དག་རྣམས་ཀྱང་ད་ཕྲུག་དེ་དག་ལ་བགོས་ཏེ་མོ་རང་གྲོད་ཁོག་སྟོངས་པ་ཉལ། དྭ་ཕྲུག་དེ་དག་སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་དང་། མེ་འཁོར་འབབ་ཚུགས་སོགས་སུ་ཉལ་བ་ལས་སྡོད་གནས་མེད་པས། དགུན་དུས་གནམ་གཤིས་གྲང་སྐབས་དྭ་ཕྲུག་དེ་དག་གྲང་ནས་གཟུགས་པོ་ལྕང་ལོ་ལྟར་འདར་གྱི་ཡོད་པས། དཔའ་མོ་དེ་དག་མཐོང་དུས་སེམས་ཀྱིས་མ་བཟོད་དེ་ཁོ་མོའི་ནང་ལ་ཁྲིད་ནས་ཉར་བཅུག །དེར་བརྟེན་དྭ་ཕྲུག་དེ་དག་དཔའ་མོར་ཨ་མའི་འདུ་ཤེས་འཛིན་ནས་”ཨ་མ་”ཞེས་འབོད། དཔའ་མོས་ཀྱང་སོ་སོའི་ཤ་ལས་ཆད་པའི་ཕྲུ་གུ་ནང་བཞིན་ལྟ་སྐྱོང་གང་ཐུབ་གནང་གི་ཡོད་ལ་ཞར་དང་ཞོར་ལ་དྭ་ཕྲུག་དེ་དག་ལ་ཡི་གེ་གང་ཤེས་སློབ་ཐབས་བྱེད། དཔའ་མོ་བསམ་བློ་ནང་ལ་དྭ་ཕྲུག་དེ་དག་འདི་མུར་བཞིན་ནང་ལ་ཉར་བསྡད་ན་མ་འོངས་པར་ཕྲུ་གུ་འདི་དག་ལ་མདུན་ལམ་གང་ཡང་མེད་པ་གྱུར་པ་འདུག་སྙམ་སྟེ། ཉེ་ཁྲིས་ལ་གཞུང་གི་སློབ་གྲྭ་ཞིག་ཡོད་པས་དེར་ཕྱིན་ནས་འབྲེལ་ཡོད་འགན་འཛིན་ལ་གནས་སྟངས་ཆ་ཚང་ཞུས། སློབ་སྤྱི་དེས་”ད་ལྟ་ངས་ཐག་བཅད་མི་ཐུབ། གོང་རིམ་ལ་ཁྱོད་རང་གི་གནས་སྟངས་དེ་དག་ཆ་ཚང་ཞུ་ཆོག་”ཟེར། ལན་ག་དུས་ཡོང་ན་བསམ་སྟེ་ཟླ་བ་རིམ་བསྟུད་སྒུག་ཀྱང་བརྡ་ལན་སོགས་གང་ཡང་མ་འབྱོར།
མཐར་དཔའ་མོ་ཉིན་གཅིག་སློབ་སྤྱིའི་མདུན་དུ་བཅར། སློབ་སྤྱིའི་དཔའ་མོ་མཐོང་བ་དང་། “ཁྱེད་རང་གནས་སྟངས་དེ་དག་གོང་རིམ་ལ་ཞུས་ཡོད་ཀྱང་ད་དུང་བརྡ་ལན་གང་ཡང་འབྱོར་མ་བྱུང་”ཟེར། དོན་འབྲས་མ་གསོན་ནས་ལོག་དགོས་བྱུང་བ་དང་། ལམ་ཁ་ནས་འགྲོ་བཞིན་པའི་སྐབས་ཟ་ཁང་ནང་ལས་ཀ་ལས་སའི་སྦྱིན་བདག་བུད་མེད་དེ་དཔའ་མོ་མཐོང་སྟེ་ལམ་སང་རླངས་འཁོར་བཀག་སྟེ། “དཔའ་མོ་ཁྱེད་གང་དུ་ཕྱིན་པ་ཡིན་”ཟེར། དཔའ་མོས་གུས་ཞབས་དང་བཅས་”ངའི་ནང་ལ་དྭ་ཕྲུག་འགའ་ཤས་ངས་གསོ་སྐྱོང་བྱེད་ཀྱི་ཡོད། དེ་དག་འདི་མུ་བཞིན་ནང་ལ་ཉར་བསྡད་ན་མ་འོངས་པར་ཕྲུ་གུ་དེ་དག་མདུན་ལམ་གང་ཡང་མེད་པ་འགྱུར་བ་འདུག་དྲན་ནས་མཚན་མོ་གཉིད་ཀྱང་ཡག་པོ་ཞིག་ཁུག་གི་མི་འདུག །དེར་བརྟེན་ང་སྡོད་སའི་ཁྲིས་ལ་གཞུང་གི་སློབ་གྲྭ་ཞིག་འདུག་པས། དྭ་ཕྲུག་རྣམས་དེ་ནང་བཏང་དགོས་དྲན་སོང་ཡང་སློབ་སྤྱིས་གོང་རིམ་ལ་ཞུ་དགོས་ཟེར་ནས་ཟླ་བ་མང་པོ་ཕྱིན་སོང་བས། དེ་རིང་དེའི་དོན་དུ་ཡོང་བ་ཡིན་ཚུལ་”སོགས་གནད་དོན་ཆ་ཚང་བཤད་རྗེས། བུད་མེད་དེས་”ཁྱོད་རང་དེའི་སྐོར་ལ་སེམས་ཁྲལ་ཁྱོན་ནས་དགོས་ཀྱི་མ་རེད། ངས་ངོ་ཤེས་ཤིག་དེར་ལས་ཀ་བྱེད་ཀྱི་ཡོད་ན། དེར་རོགས་པ་བྱེད་རོགས་ལབ་དགོས་”ཟེར་ནས་ཕྱིན།
དེ་ནས་ཉིན་ཤས་སོང་རྗེས་དཔའ་མོར་ཡི་གེ་ཞིག་འབྱོར། དཔའ་མོས་ལམ་སང་ཡིག་སྐོགས་ཁ་ཕྱེས་པ་དང་སློབ་སྤྱིས་ཡི་གེ་ཡིན་པ་ཤེས་རྗེས་ཡག་པོ་བཀླགས། ཕྲུ་གུ་རྣམས་སློབ་གྲྭའི་ནང་ལ་”སང་ཉིན་ནས་བཏང་ན་འགྲིགས་ཀྱི་རེད་”ཅེས་བཀོད་པ་མཐོང་རྗེས་དཔའ་མོའི་སེམས་ནང་དགའ་ཚོར་གྱིས་དབུགས་རིང་ཞིག་དབང་མེད་ཤོར་ནས་ད་ཡིན་ན་དོན་དག་འགྲུབ་སོང་བསམ་ནས་རྒྱབ་ནས་རྡོག་ཁྲིས་ཤིག་ཕབ་པ་ལྟ་བུའི་དགའ་སྣང་བྱུང་། དེ་ནུབ་ཁ་ལག་བཟོས་ནས་ཉལ། ཕྱི་ཉིན་ཞོགས་པ་སྔ་པོ་ལངས་ཏེ་ཞོགས་བཟས་བཟོས། ཕྲུ་གུ་རྣམས་སླངས་ཏེ་ཁ་ལག་ཟ་བཅུག།།སློབ་གྲྭའི་ཕྱོགས་སུ་ཁྲིད་ཕྱིན། སློབ་སྤྱིའི་མདུན་དུ་བཅར། སློབ་སྤྱིས་”ཁ་སང་ཤེས་རིག་བློན་ཆེན་མཚོ་མོ་འདིར་ཕེབས་ནས་ཁྱོད་རང་སྐོར་བཤད་པ་དང་། དེ་བཞིན་དྭ་ཕྲུག་དེ་དག་འཕྲལ་དུ་སློབ་འཇུག་དགོས་པའི་བཀའ་ཕེབས་སོང་ཟེར། མཚོ་མོ་ཟེར་བ་སུ་ཞིག་ཡིན་ན་བསམ་པ་ལས་ངོ་ཤེས་ཀྱི་མེད། དཔའ་མོས་”མཚོ་མོ་”ཞེས་དྲི་གྲབས་སྐབས་སློབ་སྤྱི་ལ་ཞལ་པར་འབྱོར་ནས་”ད་ལྟ་རང་ང་འགྲོ་དགོས་བྱུང་སོང་བས། རྗེས་སུ་ལྷོད་ལྷོད་བྱས་ནས་བཤད་ཆོག་”ཟེར་ནས་ཐོན་ཕྱིན། དེ་ནས་དྭ་ཕྲུག་དེ་དག་སློབ་གྲྭར་གཏོང་ས་རག་པ་རེད།
བརྩོན་འགྲུས་སྙིང་སྟོབས་ཡོད་ན།།
མི་འགྲུབ་བྱ་བ་ཅི་ཡོད།།
སྙིང་སྟོབས་ཅན་གྱི་དཔའ་མོས།།
ལྷག་བསམ་དེ་ལ་ལྟོས་དང་།།
གནས་དེར་འཚོ་སྡོད་བྱེད་མཁན་མི་རྣམས་རིམ་གྱིས་དཔའ་མོའི་བྱེད་སྟངས་དེ་དག་ཡིད་སྨོན་བྱེད་མཁན་ཇེ་མང་དུ་གྱུར། རིམ་གྱིས་དཔའ་མོ་ཟ་ཁང་ནས་དགོངས་པ་ཞུས་ནས་ལས་ཁའི་ཟུར་ལ་ཇ་ཁང་ཆུང་ཆུང་ཞིག་བཟུང་ནས་ཇ་བཙོང་། དེའི་ཡོང་འབབ་ལ་བརྟེན་ནས་དྭ་ཕྲུག་དེ་དག་གི་འཚོ་བ་བསྐྱལ་གྱི་ཡོད། ཇ་འཐུང་མཁན་བར་མཚམས་མེད་པར་ཡོང་གི་ཡོད་པས་ཡོང་’འབབ་ཡག་པོ་བྱུང་། དཔའ་མོ་ཞོགས་པ་སྔར་པོ་ལངས་ཏེ་ཐབ་ཏུ་མེ་ཁ་ཕྱེས་ཏེ་ཧ་ཡང་བཙུགས་ནས་ཇ་བསྐོལ། དེ་ནས་བག་ལེབ་བརྫས་ཏེ་སླ་ངའི་ནང་ལ་བག་ལེབ་བསྲགས། དེ་དག་ཚར་རྗེས་ཉལ་ས་ནས་ཕྲུ་གུ་རྣམས་བསླང་སྟེ་ངོ་གདོང་གཙང་མར་བཀྲུས་བཅུག །དེ་དག་ཚར་རྗེས་སློབ་གྲྭར་ཉིན་ལྟར་གཏོང་གི་ཡོད། ཕྲུ་གུ་རྣམས་ཀྱང་སློབ་གྲྭ་འགྲོ་ས་རག་དུས་དགའ་སྤྲོ་ངང་ནས་འགྲོ་ཡི་ཡོད་པ་ལས་འགྲོ་སྙིང་མི་འདོད་པའི་རྣམ་འགྱུར་གཏན་ནས་བསྟན་གྱི་མེད། དགོང་དག་ཚུལ་འབྱོར་མཚམས་དཔའ་མོས་ཕྲུ་གུ་རྣམས་ལ་ཡི་གེ་འབྲི་ཀློག་སློབ། རྒྱུ་མཚན་དེ་དག་ལ་བརྟེན་ནས་ལུང་པའི་བསམ་ཡོད་ཅན་འགའ་ཤས་ཀྱིས་དཔའ་མོའི་བྱེད་སྟངས་དེ་དག་ལ་དགའ་པོ་བྱེད་པ་ཙམ་མ་ཟད། འབྱོར་ལྡན་ཅན་འགའ་ཤས་ཀྱིས་ཞབས་འདེབས་འབུལ་མཁན་ཡང་ཡོང་གི་ཡོད་པས་དེས་དྭ་ཕྲུག་ལ་ཁ་ལག་སྟེར་རྒྱུ་སོགས་ལ་ཕན་ཐོགས་ཡོང་གི་ཡོད། སྐྱེ་བོ་ཀླད་མེད་འགའ་ཤས་མི་དགའ་བའི་རྣམ་འགྱུར་སྟོན་མཁན་ཡང་ཡོད།
དེ་ནས་ལོ་ཟླ་རིམ་སོང་དང་བསྟུན་དཔའ་མོའི་ནང་ལ་དྭ་ཕྲུག་ཇེ་མང་གྱུར་ཏེ་མཐར་བསྡད་གནས་ལ་དཀའ་ངལ་ཕྲད་པས། ཉིན་གཅིག་དཔའ་མོ་ས་ཁང་ལས་ཁུངས་ལ་བཅར་ཏེ་དྭ་ཕྲུག་གསོ་སྐྱོང་བྱེད་སའི་ས་སྟོང་ཞིག་གནང་སྐྱོང་ཡོང་བའི་ཡིག་ངག་གཉིས་ཐོག་ནས་དཀའ་སྡུག་རིམ་པར་ཞུས་ཀྱང་། ཡར་མར་རྒྱུག་ལབ་པ་ལས་དོན་འབྲས་མ་གསོན། ཡིན་ནའང་དཔའ་མོ་སེམས་ཤུགས་མ་ཆགས་པར་རིམ་པས་དཀའ་ངལ་ཞུ་བཞིན་བསྡད། ཉིན་གཅིག་དཔའ་མོ་དྭ་ཕྲུག་རྣམས་སློབ་གྲྭར་བཏང་ཚར་རྗེས་ས་ཁང་འགན་འཛིན་གྱི་མདུན་དུ་བཅར་ནས་གནས་སྟངས་རྣམས་བསྐྱར་དུ་ཆད་ལུས་མེད་པ་བཤད་ཀྱང་ས་ཁང་འགན་འཛིན་གྱིས་”ས་ཆ་ཞིག་ཁྱོན་ནས་མེད་ཚུལ་”བརྗོད། སྐབས་དེར་མི་ཞིག་ལུས་ལ་དེང་རབས་ཀྱི་གྱོན་ཆས་གཙང་མ་གྱོན་མཁན་ཞིག་གིས་”ཡར་བཅར་ཆོག་པ་”ཞེས་ལབ་པ་དང་། ས་ཁང་འགན་འཛིན་དེ་ཞབས་སྟེངས་ནས་ལངས་ཏེ་”སྐུ་ཞབས་ལགས་ཡར་ཕེབས་དང་”ཟེར། དཔའ་མོ་ལ་”ད་ཁྱོད་རྒྱུག་དང་ང་ལ་ལས་ཀ་ཛ་དྲག་ཅན་ཡོད་”ཟེར། དཔའ་མོས་ཨུ་ཚུགས་རྒྱབ་ནས་གནས་སྟངས་ཞུ་བཞིན་བསྡད། མཐར་གཤམ་འོག་ལས་བྱེད་བུད་མེད་གཅིག་གིས་དཔའ་མོ་ལག་ནས་བཟུང་སྟེ་ཐོན་དགོས་པའི་བརྡ་བསྟན།
དེ་ནས་དཔའ་མོ་ཞབས་སྟེགས་ཡར་ལངས་ཏེ་སྒོར་ནས་མར་ཐོན་གྲབས་སྐབས་མི་དེ་ཞབས་སྟེགས་ཡར་བཞེངས་ཏེ་”ཏོག་ཙམ་སྒུག་དང་། ངའི་མིང་ལ་ཆོས་ལྡན་ཟེར་གྱི་ཡོད། ཁྱེད་ཀྱི་ལས་དོན་རླབས་ཆེན་བྱེད་བཞིན་ཡོད་པ་འདྲ། དེར་བརྟེན་ནས་ང་ལ་ས་ཆ་སྟོངས་པ་ཞིག་ཡོད་ཅིང་། བཟོ་གྲྭ་དུ་མ་ཞིག་ཡོང་ནས་ས་ཆ་བཙོང་རོགས་ཟེར་ནས་ཨུ་ཚུགས་བརྒྱབ་ཀྱི་འདུག་ཀྱང་དེ་སྔ་བཙོང་མེད། ས་ཆ་རྒྱ་ཁྱོན་ཆེན་པོ་ཧ་ལས་པ་མེད་ན་ཡང་ཁྱེད་རང་ཚོའི་ཁང་པ་རྒྱབ་ན་ཏག་ཏག་ཡོད་རེད་སྙམ། དེར་ཁྱེད་ལ་སྟེར་ན་འགྲིགས་ཀྱི་ཡོད་ན་”ཟེར། དཔའ་མོ་སྐབས་གཅིག་རིང་ལ་ཀྲོང་ངེར་ལྷག །དཔའ་མོ་དགའ་ཐག་ཆོད་ནས་མིག་ཆུ་འཁོར་བཞིན་”སྐུ་ཞབས་ཁྱེད་ཀྱི་ང་དགའ་བཅུག་གི་ཡོད་མ་རེད་དམ་”ཞེས་བསྐྱར་དུ་དྲིས། སྐུ་ཞབས་དེས་”ངས་དངོས་གནས་ལབ་ཀྱི་ཡོད། སང་ཉིན་ཁ་པར་འདིའི་ཐོག་ཏུ་འབྲེལ་བ་བྱོས་ཤོག་”ཟེར་ནས་ཁ་པར་ཨང་གྲངས་སྤྲད།
དེ་ནས་སྔར་རྒྱུན་ལྟར་སང་ཞོགས་པ་སྔ་པོ་དཔའ་མོ་ལངས་ཏེ་ཕྲུ་གུ་རྣམས་ལ་ཁ་ལག་སྟེར་ནས་སློབ་གྲྭར་བཏང་། ཆོས་ལྡན་གྱི་ཞལ་པར་ཨང་གྲངས་མནན་ནས་འབྲེལ་བ་བྱས་ཏེ་ཆུ་ཚོད་བཅུ་པའི་ཐོག་ཏུ་བདེ་སྐྱིད་ཟ་ཁང་ལ་འཛོམས་རྒྱུར་བཟོས། དཔའ་མོས་ཆུ་ཚོད་བཅུ་པའི་ཐོག་ཏུ་བདེ་སྐྱིད་ཟ་ཁང་ལ་བསྒུག་ནས་བསྡད། རིམ་གྱིས་སྐུ་ཞབས་ཆོས་ལྡན་དང་མི་གཅིག་འབྱོར་བ་དང་། ཟ་ཁང་ལ་ཕྱིན་ཞིང་ཆོས་ལྡན་མི་རེར་ཆུ་གྲང་མོ་རེར་མངགས། ཆོས་ལྡན་གྱིས་རྒྱབ་ཁུག་ནས་ཡིག་ཆ་ཚུར་བཏོན་ཏེ་མདུན་ལྕོག་སྟེང་ལ་བཞག་སྟེ་ས་ཆའི་ཡིག་ཆ་འདི་རེད་ལ། “ཁོང་ཁྲིམས་རྩོད་པ་རེད། ས་ཆའི་མིང་ཚང་མ་དཔའ་མོའི་དྭ་ཕྲུག་ཐེབས་ཚང་ཁང་ལ་མིང་བསྒྱུར་བྱས་ཡོད། ཁྱོད་རང་གི་ས་རྟགས་བསྐྱོན་གནང་དང་”ཟེར། དཔའ་མོས་ལག་གཉིས་ཐལ་མོ་སྦྱར་ནས”སྐུ་ཞབས་ཆོས་ལྡན་ལགས་ཐུགས་རྗེ་ཆེ་གནང་། སྐུ་ཉིད་གནང་བའི་ས་ཆ་དེ་དག་ཆུད་ཟ་བ་གཏན་ནས་མི་གཏོང། མ་འོངས་པར་ང་ཚོ་ལུང་པའི་དྭ་ཕྲུག་རྣམས་གསོ་སྐྱོང་གི་མི་ཚེའི་དོན་སྙིང་ལྡན་པ་ཞིག་ཡོང་བར་བྱེད་རྒྱུ་རྩ་བའི་དམ་བཅའ་ཡིན་”ཞེས་ཟེར་བཞིན་ས་རྟགས་བརྒྱབ། ཆོས་ལྡན་གྱིས་”ཁྱོད་ཀྱི་ལས་དོན་དེ་དག་ལམ་ལྷོང་ཡོང་བའི་ངས་སྨོན་ལམ་འདེབས། ཁྱོད་འདྲ་བའི་བུད་མེད་སྙིང་སྟོབས་དང་། ལྷག་བསམ་ཅན་རྣམས་ལ་ང་ཚོ་རོགས་པ་མ་བྱས་ན་ག་ལ་འགྲིགས། “མི་ལ་རུང་ཡང་ལྷ་ལ་རུང་གི་མ་རེད་”ཟེར།
དེ་ནས་བཟུང་སྟེ་དཔའ་མོས་ས་ཆ་དེར་ས་ཁང་རྒྱབ་བྱེད་དབུས་གཞུང་གི་དངུལ་ཁང་ནས་སྔ་འདོན་གཡར་ནས་ཁང་པ་བརྒྱབ་འགོ་བཙུགས། རིམ་གྱིས་ཀུན་གྱིས་དཔའ་མོའི་ལས་དོན་དེ་དག་ཁྱབ་བསྒྲགས་ཇེ་ཆེ་གྱུར་ནས་རོགས་སྐྱོར་གནང་མཁན་ཇེ་མང་གྱུར། དེ་སྡོད་གཡས་གཡོན་གྱི་མི་མང་རྣམས་ཀྱང་དཔའ་མོ་ལ་རྗེས་སུ་ཡི་རངས་བྱེད་ཅིང་། མི་ཚོས་”ཨ་མ་”ཞེས་འབོད།
དེ་ནས་དཔའ་མོས་དངུལ་ཁང་ས་ཁང་རྟགས་མ་བཞག་སྟེ་དངུལ་གཡར་ཏེ་ས་ཆ་དེར་ཁང་པ་གཞི་རྒྱ་ཆེ་ཙམ་བརྒྱབ། ཁང་པའི་མིང་”དྭ་ཕྲུག་གསོ་སྐྱོང་ཁང་”ཞེས་བཏགས། དཔའ་མོས་དྭ་ཕྲུག་རྣམས་རང་གི་ཤ་ལས་ཆད་པའི་བུ་ཕྲུག་ནང་བཞིན་གསོ་སྐྱོང་གནང་བས། དཔའ་མོའི་ལས་དོན་ལ་ཕྱི་ནང་མི་སྣས་ཡིད་སྨོན་བྱེད་མཁན་ཇེ་མང་གྱུར། དེ་སྔོན་དྭ་ཕྲུག་དེ་དག་རིམ་གྱིས་སློབ་གྲྭར་ཐོན་ཏེ་མི་ལ་རེ་མ་དགོས་པའི་སོ་སོའི་རྐང་པའི་ཐོག་ཏུ་ལང་ཐུབ་པ་གྱུར་པ་དང་། རིམ་གྱིས་དཔའ་མོའི་མཚན་སྙན་ཆེ་རུ་ཕྱིན་ཞིང་། དཔའ་མོའི་མི་ཚེའི་ལོ་རྒྱུས་བརྙན་འཕྲིན་ཁག་ཏུ་སྟོན་འགོ་བཙུགས། དཔའ་མོའི་མི་ཚེའི་ལོ་རྒྱུས་བརྙན་འཕྲིན་ཁག་ལ་སྟོན་པ་དང་། དྭང་བླངས་ཀྱིས་ཞབས་འདེབས་འབུལ་མཁན་ཇེ་མང་དུ་གྱུར་ནས་དངུལ་ཁང་གི་དངུལ་རྣམས་ཀྱང་ཕྱིར་ལོག་ཐུབ་པ་བྱུང་།
སྐྱིད་གཤོངས་ལུང་པའི་སྡེ་ཟུར་རིག་རྡོ་སོགས་ཀྱི་དཔའ་མོ་ལ་དེ་འདྲ་སྡུག་སྦྱོང་བཏང་བ་བརྙན་འཕྲིན་ཁག་ནས་མཐོང་བས་མི་ཚོ་ཧ་སང་ཞིང་། དཔའ་མོའི་སྙིང་སྟོབས་ལ་ཡིད་ཤོར། སྡེ་ཟུར་རིག་རྡོའི་དེ་སྔོན་བྱེད་སྟངས་འགྲིགས་མི་འདུག་སྙམ་ནས་བློ་འགྱོད་སྐྱེས། དེ་བཞིན་བཟའ་ཟླ་མི་འགྱུར་གྱིས་ཀྱང་གནས་སྟངས་དེ་དག་གསལ་པོ་ཆགས་རྗེས་བློ་ཕམ་ཚད་མེད་དུ་གྱུར་ཅིང་། གནས་སྟངས་གང་འདྲ་ཞིག་ཡིན་ནའང་གཞན་ཟེར་གྱི་རྗེས་སུ་མི་འབྲང་བས་སོ་སོའི་བརྟག་དཔྱད་བྱེད་དགོས་རྒྱུའི་”བསླབ་བྱ་བརྒྱ་ལས། སྣ་སུན་ཐེངས་གཅིག་ཕན་”ཞེས་པའི་དཔེ་དེ་བདེན་པ་ཡིན་པ་རྟོགས། སྐབས་དེར་དཔའ་མོར་བརྙས་བཅོས་གཏོང་མཁན་སྡེ་ཟུར་རིག་རྡོ་སོགས་ལ་བསྐྱར་དུ་ཁྲིམས་ཞིབ་བྱས་ཏེ་ཁྲིམས་སར་སྐད་བཏང་། དཔའ་མོ་ཡང་ཁྲིམས་སར་ཡོང་ནས་དེ་སྔོན་བྱུང་རིམ་དངོས་ཡོད་གནས་སྟངས་དེ་དག་ཁྲིམས་དཔོན་གྱི་མདུན་དུ་ཆད་ལུས་མེད་པར་བཤད་ཚར་རྗེས། ཁྲིམས་དཔོན་དེས་སྡེ་ཟུར་རིག་རྡོ་དང་བློ་བཟང་གཉིས་ཀྱིས་དཔའ་མོ་ལ་མ་ཉེས་ཁ་གཡོག་གི་མི་ཚེའི་དཀའ་སྡུག་དེ་འདྲ་ཞིག་སྤྲད་པ་རེད། དེར་བརྟེན་ནས་དཔའ་མོར་གུན་གསབ་དང་། ལོ་བཅོ་ལྔའི་རིང་ལ་བཙོན་ཁང་ལ་བསྡད་དགོས་པའི་ཁྲིམས་ཐག་བཅད་པ་རེད། དེ་ནས་ཉིན་གཅིག་དེ་སློབ་སྤྱི་དེ་དང་ཟ་ཁང་གི་བདག་པོ་བུད་དེ་གཉིས་དཔའ་མོའི་དྭ་ཕྲུག་གསོ་སྐྱོང་ཁང་ལ་ཡོང་བ་དང་། སློབ་སྤྱི་དེས་ཁོ་གཉིས་བར་ངོ་སྤྲོད་གནང་རྗེས་དེ་སྔོན་ཟ་ཁང་ནང་ལ་ལས་ཀ་བྱེད་སའི་བུད་མེད་བྱང་སེམས་ཅན་ནི་ཤེས་རིག་བློན་ཆེན་ཡིན་པ་དཔའ་མོས་ཤེས་རྗེས་སྐབས་ཅིག་རིང་ཅི་ལབ་མེད་པར་ཀྲོང་ངེར་ལྷག །དེ་ནས་དཔའ་མོས་ལག་གཉིས་ཐལ་མོ་སྙིང་ཁར་སྦྱར་ནས་ཁྱེད་ཀྱི་ང་ལ་སྔ་མཐའ་ཕྱི་གསུམ་ལ་རོགས་རམ་བྱེད་མེད་ཚེ། ད་ལྟའི་ངའི་ལས་དོན་འདི་དག་འགྲུབ་ཡོད་ཀྱི་མེད་རེད། བཀའ་དྲིན་ཆེ་ཞེས་ཞུས། མཚོ་མོས་དེ་ངའི་ལས་འགན་རེད་ཅེས་བརྗོད།
དེ་ནས་བཟུང་སྟེ་དཔའ་མོ་ཞེས་ཀུན་གྱིས་མིག་དཔེ་ལྟ་སའི་བུད་མེད་ལྷག་བསམ་དང་། སྙིང་སྟོབས་ཅན་ཞིག་ཡིན་པ་ཀུན་གྱི་ཡིད་སྨོན་དང་། གུས་བརྩི་ཞུ་སའི་གཅིག་ཏུ་གྱུར་པ་རེད་དོ།
སྨྲས་སོ།
གཞན་གྱིས་མཐོང་ཆུང་དམའ་འབེབས་སོགས།།
ཇི་ལྟར་བྱས་རུང་ཞུམ་མེད་ཀྱིས།།
ལྷག་བསམ་དག་པའི་མདུན་བསྐྱོད་པས།།
ཀུན་གྱིས་མིག་དཔེ་གྱུར་ལ་ལྟོས།།
ཕྱི་ལོ་ ༢༠༡༧ ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ཆེན་མོའི་ནང་བོད་པའི་སློབ་གྲྭ་ཁག་གསུམ་གྱིས་བརྒྱ་ཆ་བརྒྱ་བླངས་པ།
ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༣༠ རེས་གཟའ་མིག་དམར།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ CBSE ཀྱི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་གནང་ཡོད།
འདི་ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ཆེན་མོའི་ནང་བོད་པའི་སློབ་ཕྲུག་གྲངས་ ༡༢༩༢ འཛུལ་ཞུགས་བྱས་ཡོད་པའི་ཁོངས་ནས་སློབ་ཕྲུག་གྲངས་ ༡༡༢༣ ཡིག་རྒྱུགས་འཕྲོད་ཡོད་པ་དང་། བསྐྱར་རྒྱུགས་གཏོང་དགོས་པའི་སློབ་མ་གྲངས་ ༡༢༨། ཡིག་རྒྱུགས་མ་འཕྲོད་པའི་སློབ་མ་གྲངས་ ༤༠ བཅས་བྱུང་འདུག བོད་སློབ་ཁག་གི་འཛིན་རིམ་བཅུ་གཉིས་ཀྱི་སྤྱི་ཡོངས་རྒྱུགས་འཕྲོད་བརྒྱ་ཆ་ ༨༦་༩༢ ཡིན་པ་དང་དེའི་ནང་ནས་བུ་ཡིག་རྒྱུགས་གཏོང་མཁན་གྲངས་ ༦༥༧ ཡོད་པའི་ཁོངས་ནས་རྒྱུགས་འཕྲོད་པའི་སློབ་མ་གྲངས་ ༥༣༣ བྱུང་ཡོད། བུ་མོ་ཡིག་རྒྱུགས་གཏོང་མཁན་གྲངས་ ༦༣༤ ཡོད་ཁོངས་ནས་རྒྱུགས་འཕྲོད་པའི་སློབ་མ་གྲངས་ ༥༨༧ བྱུང་ཡོད།
འདི་ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ཆེན་མོའི་ནང་མཉམ་ཞུགས་གནང་མཁན་བོད་པའི་སློབ་གྲྭ་ཁག་ ༡༧ ཡོད་པའི་ཁོངས་ནས་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༡༠༠ ནས་ ༡༠༠ ལེན་མཁན་སློབ་གྲྭ་གསུམ་ཡོད་པ་ནི། སུ་ཇ་བོད་ཁྱིམ་དང་། སེ་ལ་ཁུ་བོད་ཁྱིམ། སྤོན་ཌ་གཏན་སློབ་བཅས་ཡིན། སྔ་ལོ་ལྟར་འདི་ལོར་ཡང་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་འཕྲོད་ཚད་ཀྱི་བརྒྱ་ཆ་དེ་བུ་ལས་བུ་མོས་བརྒྱ་ཆ་མཐོ་བ་བླངས་ཡོད། བུ་མོའི་རྒྱུགས་འཕྲོད་བརྒྱ་ཆ་ནི་ ༩༢་༥༩ ཡིན་པ་དང་བུའི་རྒྱུགས་འཕྲོད་བརྒྱ་ཆ་ནི་ ༨༡་༡༣ ཡིན།
སྒྱུ་རྩལ་གྱི་སྡེ་ཚན་ཁོངས་ནས་སློབ་ཕྲུག་གྲངས་ ༡༥༢ དང་ཚོང་རིག་གི་སྡེ་ཚན་ཁོངས་ནས་སློབ་མ་གྲངས་ ༢༠། ཚན་རིག་སྡེ་ཚན་ཁོངས་ནས་སློབ་མ་གྲངས་ ༨༦ གིས་བརྒྱ་ཆ་ ༧༥ ལས་ལྷག་བླངས་ཡོད་པ་མ་ཟད། བོད་ཀྱི་སྐད་ཡིག་ཐོག་ལའང་སློབ་ཕྲུག་གྲངས་ ༣༩༨ ཀྱིས་བརྒྱ་ཆ་ ༧༥ ལས་ལྷག་བླངས་ཡོད་པ་དང་དེའི་ཁོངས་ནས་སློབ་ཕྲུག་གྲངས་ ༡༦ གིས་བརྒྱ་ཆ་ ༩༩ བླངས་ཡོད།
དགའ་ལྡན་ཕོ་བྲང་གི་བྱ་དགའ་ལེན་མཁན་སྒྱུ་རྩལ་གྱི་སྡེ་ཚན་ཁོངས་ནས་ཨང་དང་པོ་མ་སུ་རི་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་འཆི་མེད་ཀྱིས་བརྒྱ་ཆ་ ༩༢༌༢། ཨང་གཉིས་པ་སུ་ཇ་བོད་ཁྱིམ་སློབ་གྲྭའི་སློབ་མ་རིན་ཆེན་སྐྱིད་དང་གྷོ་པལ་པུར་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་མཚོས་བརྒྱ་ཆ་ ༩༠་༠༤། ཨང་གསུམ་པ་སུ་ཇ་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་དབྱངས་སྒྲོན་གྱིས་བརྒྱ་ཆ་ ༩༠་༢། བླངས་ཡོད།
ཚོང་རིག་གི་སྡེ་ཚན་ཁོངས་ནས་ཨང་དང་པོ། རྡ་སྟེང་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་བཟང་མོས་བརྒྱ་ཆ་ ༨༧་༨ དང་། ཨང་གཉིས་པ་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་ལྷག་པ་བསོད་ནམས་དང་ཁ་བཤད་དབང་མོས་བརྒྱ་ཆ་ ༨༢་༠༦། ཨང་གསུམ་པ་མོན་གྷོ་གཏན་སློབ་ཀྱི་སློབ་མ་བསྟན་འཛིན་དབང་ལྡན་གྱིས་བརྒྱ་ཆ་ ༨༢ བླངས་ཡོད།
ཚན་རིག་སྡེ་ཚན་གྱི་ཁོངས་ནས་ཨང་དང་པོ། ཀ་སྦུག་གཏན་སློབ་ཀྱི་སློབ་མ་བསམ་གཏན་གྱིས་བརྒྱ་ཆ་ ༩༠་༠༦། ཨང་གཉིས་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭའི་སློབ་སངས་རྒྱས་ཆོས་སྐྱོང་གིས་བརྒྱ་ཆ་ ༩༠། ཨང་གསུམ་པ་མོན་གྷོ་གཏན་སློབ་ཀྱི་སློབ་མ་ཀུན་དགའ་འཆི་མེད་དང་ལྷ་མོ་ཆོས་སྒྲོན་གཉིས་ཀྱིས་བརྒྱ་ཆ་༨༨།༠༨ བླངས་ཡོད།།
༄༅། ༢༠༡༧ ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་ཡིག་ཚད་བཏང་ཁོངས་སུ་བོད་ཀྱི་བོུ་གསུམ་
གྲུབ་འབྲས་ལེགས་སོན་བྱུང་བར་་་ངས་ཁྱེད་གསུམ་ལ་་་་བཀྲིས་བདེ་ལེགས་ཞུ་གི་ཡོད།་
ད་དུང་མུ་འཐུད་ནས་སློབ་སྦྱོང་མཐར་ཕྱིན་པ་གནང་ནས་་་་བོད་རྒྱལ་ཁབ་དང་མི་མང་
གི་ཞབས་འདེགས་རོགས་།
མཆོག་གསུམ་ལ་སྨོན་ལམ་འདེབས།