ཨ དོན་ཉི།
ཁ་སང་སྐྱོ་བ་རྫ་ཁོག་གང
གློག་སྒྱེད་སྟེང་ཆུ་བཞིན་སྐོལ་ནས་རྩམ་པ་རྫི་སྤྱད་ཡས་ཤག
ངུ་ཁ་སྩ་ལ་དགོད་ཡང་སླ་བའི་སེམས་གཅོང་དང་རྔུལ་ཆུའི་དོག་པ
རླུང་ཁར་བསྐྱམས
བདག རེ་ཞིག་སྐྱོ་བའི་རི་བོ་བསྐོར་ནས་ཕྱིར་བསླེབས་དུས
མར་དང་རྩམ་པ་ཟ་སྙིང་འདོད
དེ་རིང་བདེ་སྐྱིད་ཁྱོར་བ་གང
ཁྲོམ་ར་ནས་ཆང་བཞིན་ཉོས་ནས་ཤ་བཙོ་སྤྱད་བྱས་བཞག
སུར་པན་དང་རྡོ་ཐ་ཟོས་ནས་འདུ་ཤེས་དམར་ཧྲེང་ལ་ཕུད
རྨི་ལམ་དུ་འཁོར་བའི་བྱེའུ་སྡོང་མགོ་ནས་འཕུར་རྗེས
བདེ་སྐྱིད་དུ་རློན་པ་དག་སྙིང་ཁོང་སྟོང་བའི་རྒྱུ་ལས་མི་འདུག
སང་ཉིན་གཏམ་རྙིང་ཁང་པ་གང
སྤང་ཐང་དུ་ལུག་བཞིན་སྟོར་ནས་མགོ་ཆ་སུག་ལ་སྟོན་པར་བསྒུག
དེ་དུས་ཁྱོད་ད་དུང་གཟུགས་སུ་གྲུབ་མེད
འོན་ཀྱང
རི་གཟར་དང་བྲག་གཡང་ལ་རྣམ་ཤེས་ཀྱི་ངུ་ངག་འཐོར་ཟིནད
དེ་ནི་སྐྱེ་བ་གཞུག་མ་གཞུག་མའི་ཚེར་མའི་མལ་བསྟན་ཡིན་ངེས
རླུང་གི་རྒྱུ་ཕྱོགས་སུ་ཡུན་རིང་ཁུར་པའི་སྐྱེ་མཆེད ད་ནི་ལྷོད་ཤིག་གེར་སྡོད་ཅིག
༢༠༡༧/༥/༢༨
སྤྲང་པོ།
གྲིབ་མའི་ནང་གྲིབ་མ་སྐུང་བའི་མི་ཚོགས
འདུ་ཤེས་ལ་གཤགས་བཅོས་བྱས་པའི་སེམས་ཅན
ཁང་བརྩེགས་ཀྱི་བྲག་རོང་ངོས་སུ་ཧང་འགྲོས་ཀྱིས་གཤར་དུས
ཞི་བའི་མིག་ཟུང་འགུལ་བའི་སྤྲང་པོ
རྒྱ་སྲང་གི་རྡོ་གཅལ་སྟེང་ཙོག་སྟེ
མི་ཁོམ་པའི་གནས་སུ་བརྩེ་གདུང་གིས་ཅེར
སྤྲང་པོས གྲིབ་མ་ཁྲི་སྟོང་གི་འགྲོ་འོང་ལ་སློང་མོ་བྱས
སྣོད་སྟོང་འགའ་མདུན་དུ་བཤམས་པའི་སྤྲང་པོ
“ཟས་རིན་ལས་ཅི་ཡང་མི་སློང་”ཞེས་པའི་ཡིག་ཕྲེང
མིའི་རིགས་ཀྱི་ཞོགས་པ་བསུ་བའི་ནམ་ལངས་ཀི་དང་པོ
ཉི་ཤར་གྱི་རྩེ་མོ་ཁྱོད
“རྟོགས་སད་ཀྱི་ཉམས་མགུར་”གྱེར་བའི་བོད་ཀྱི་མི་ལ་རས་པ་བཞིན
མི་གཤིས་ཀུན་སྤྱོད་ཀྱི་ཡང་རྩེར་འཕགས
ལུས་ངག་ཧ་ཅང་བཙུན་པའི་སྤྲང་པོ
གད་སྙིགས་ཀྱི་ཟོ་བར་ཁེན་ནས་ཅི་མི་སྙམ
བྱ་གླག་གི་ལྡིང་སྐོར་དང་མི་ཚོགས་ཀྱི་འུར་ཟིང་ལ་ཅི་མི་སྙམ
“མཛེས་མའི་ཐུགས་དང་འགལ་བའི་”རིག་འཛིན་ཚངས་དབྱངས་རྒྱ་མཚོ་བཞིན
བུད་མེད་དང་ཕྱུག་བདག་ཚོའི་འཕོངས་ཚོས་ལ་ཅི་མི་སྙམ
ཉི་མའི་ཁྲུས་ལ་རོལ་བའི་སྤྲང་པོ
བཙོག་ཆུའི་འགྲམ་དུ་འགྱེལ་བའི་བེམ་པོ
རླུང་དང་སེར་བས་བྱུང་རྒྱལ་དུ་འཁུར་བའི་སྙན་འཇེབས་ཀྱི་དབྱངས་རྟ
འདམ་དང་རྡུལ་གྱིས་ཡང་ཡང་བཀྲུས་པའི་ལྷ་སྐུ་གསོན་པོ
ཉི་མ་དྲོ་དུས
ཁོང་གིས་དཔེ་མཛོད་ཁང་ནས་དཔེ་ཀློག་རེ་བྱས་ནས་ལོག་འགྲོ
ཟ་ཁང་དག་ནས་ཟས་ལྷག་རེ་རྒུམ་ནས་ཐོན་འགྲོ
མི་མང་གི་རྡོག་ཞབས་སུ་མནན་པའི་སྤྲང་པོ
རྒྱ་ལམ་གྱི་གད་སྙིགས་ཁྲོད་འཕངས་པའི་བྱ་བྲལ་པ
ཆོག་ཤེས་ཆེན་པོས་མི་ཚོགས་ཀྱི་ལྡོག་ཕྱོགས་སུ་དལ་གྱིས་བཞུར
བརྩེ་བ་དག་མོས་གྲོང་ཁྱེར་གྱི་སྲང་མདོ་ནས་ཡུན་རིང་བཤུམས
བདག་པོ་མེད་པའི་སྤྲང་པོ
དགྲ་བཅོམ་པའི་སྤྲང་པོ
ཨ་མེ་རི་ཁའི་སྤྲང་ཁྲིམས་གཙུག་ཏུ་བཀུར་བའི་འདུལ་འཛིན་པ་ཁོང
གཙབ་རལ་དུ་གྱུར་བའི་དོར་མའི་འོག་ན་མེ་རུ་ཁོལ
རྫིང་དྲི་འཐུལ་བའི་བཤང་གཅིའི་ཁྲོད་ན་འོད་དུ་འཚེར
༢༠༡༧/༥/༢༨
བུ་ལེབ་ལེབ།
བུ་ལེབ་ལེབ གློག་རྟ་རྐྱང་ངེར་གཞོན་ནས་སྐར་མའི་གོ་ལར་འཛེགས
ལྗང་མདོག་གི་རྩྭ་ཐང་མེད་པའི
མིས་བཟོས་ཀྱི་གཙང་བོས་སྟོངས་པའི
གོ་ལ་གཞན་པའི་རྨི་ལམ་བཞིག་པར་བསྐྱོད
གློག་རྟ་རྐྱང་ངེ་དང་བུ་ལེབ་ལེབ་གཉིས
མགོ་ན་སྐྲ་ལོ་མེད་པའི་མི་སེར་ཞིག་གི་གཞིས་ཀར་འབྱོར་ཞིང
གདོང་ན་འཛུམ་མདངས་མེད་པའི་བེ་སང་ཞིག་གི་ཁྱིམ་ལ་ཐོན
འོན་ཀྱང མཁའ་དབྱིངས་ཀྱི་ཁྱིམ་ཚང་དེ་ལ་ཆབ་ཁང་མེད
འཁོར་སྐར་གྱི་མདའ་རྩེ
བར་སྣང་གི་དུང་ཕྱུར་སུམ་ཅུའི་ས་ཚིགས་ལ་བསླེབས་དུས
བུ་ལེབ་ལེབ་ལ་གཅིན་པ་གཏོང་རྒྱུ་ཐོན
རྩ་ལམ་ཡོངས་རྫོགས་གཟེར་བྲེང་བྲེང་བྱས
བུ་ལེབ་ལེབ་ཀྱིས་མི་ཡུལ་ལ་ཁ་པར་བཏང
ཨ་རིའི་ཚན་རིག་ཁང་ལ་བློ་ཐབས་དྲིས
ཚན་རིག་ཁང་གིས སྲོན གཅིན་ལ་སྲོན
ངས་ཁྱོད་བར་སྣང་ལ་བཏང་དོན་གཅིན་པ་སྒག་ཆེད་ཡིན
གོ་ལ་གཞན་ན་ཆུ་མེད
ཁྱོད་ཀྱིས་གཅིན་པ་གསོག་ནས་མིའི་རིགས་ཀྱི་འཚོ་གནས་ཆེད་དུ
བར་སྣང་ནས་ཆུ་མཛོད་རྒྱག་དགོས་ཟེར
བུ་ལེབ་ལེབ་ཀྱིས་རྩ་ཁ་མ་དོམས་པས ཤོར་ཐ ཤོར་ཐ
གཅིན་པ་ཤོར་ཐ་ཞེས་ཁ་པར་ལས་དྲག་ཏུ་ངུས
སེར་ཞད་ཆེ་བའི་གཅིན་པ
གློག་རྟ་རྐྱང་ངེའི་སྒལ་པ་ནས་བཞུར་ཏེ
བར་སྣང་གི་གྲོང་གསེབ་ཐམས་ཅད་ཆུས་ཁུར
མཚམས་དེར་ཨ་རིའི་ཚན་རིག་ཁང
དགའ་དྲགས་ནས་མིག་ཆུ་འཐོར ཧབ་ཆ་བརྒྱབ
ད་ནི་མིའི་རིགས་ལ་འཚོ་གནས་ཡོད་སོང
རྨི་ལམ་ལ་གཤོག་པ་བཙུགས་སོང་ཟེར
གློག་རྟ་རྐྱང་ངེ་དང་བུ་ལེབ་ལེབ་གཉིས
ད་དུང་མི་ཡུལ་ལ་མ་སླེབས་པས
ཚན་རིག་པ་ཁ་ཤས་ར་བདར་ཆས་སོང
གོ་ལ་གཞན་གྱི་དཔལ་ཡོན་དང་མུན་ནག་འཚོལ་དུ་བུད་སོང
༢༠༡༧/༥/༢༨