ཨོ་རྒྱན་ཉི་མ།
དེང་སང་གི་དུས་ཚོད་འདིར་རང་ཕར་བརྩིས་རོགས་ཚུར་བརྩིས་མང་ཆེ་བ་སྨྱོན་པ་ཁྱུ་གཅིག་ཏུ་འགྱུར་བཞིན་པ་རེད། དེ་ཕྱིར་དུས་རབས་ཉེར་གཅིག་པའི་མིའི་སྤྱོད་ལམ་དང་། བསམ་བློ་སོགས་ནི་བྱ་སྒྲོ་རླུང་གིས་འཁྱེར་བ་བཞིན་གཏད་སོ་གང་ཡང་མེད་པ་ཞིག་ཏུ་འགྱུར་བཞིན་པ་རེད། དེ་ལ་བརྟེན་ནས་སྔོན་གྱི་རིན་ཐང་ལྡན་པའི་ལྟ་གྲུབ་དང་། དངོས་པོ། རིག་གཞུང་མང་པོ་ཞིག་འཇིག་རྟེན་འདི་ནས་གྱེས་ཕྱག་ཞུ་བཞིན་པ་དང་། ཞུ་བར་འགྱུར་ངེས་རེད། དེ་ནི་གསར་ངས་ཆེ་བའི་གང་ཟག་ཕལ་གྱིས་རིན་ཐང་མེད་པ་ལ་རིན་ཐང་དུ་ལྟ་བ་དང་། རིན་ཐང་ཅན་ལ་རིན་ཐང་དུ་མི་མཐོང་བའི་དབང་གིས་འཇིག་རྟེན་འདི་ཆ་མེད་ཆོ་མེད། ར་མིན་ལུག་མིན་ཞིག་ཏུ་གྱུར་སོང་བ་རེད། ང་ཚོའི་སྤྱོད་ལམ་འདི་དག་འཇིག་རྟེན་གཞན་པའི་སེམས་ཅན་ཚོས་མཐོང་ན་ངོ་མ་ངོ་ཚ་དགོས་པ་ཞིག་རེད།
དེ་རིང་འདི་ནས་རང་མྱོང་གསོན་པོ་རྣམས་གཏམ་ནག་ཁོ་ནས་ཡིག་ཐོག་ཏུ་བཀོད་དེ། རང་དང་སྐལ་བ་མཉམ་པ་གཞན་ལ་ཅུང་ཟད་སྨན་པའི་སེམས་ཀྱིས་ཀྱང་འབྲི་བའི་ཁུར་བླངས་པ་ལ། དེང་སང་ཆབ་སྲིད། དཔལ་འབྱོར་ལམ་ལུགས་ལ་སྦྱངས་པ་ཅུང་ཟད་བྱས་པའི་གང་ཟག་ཕལ་གྱིས་མི་བུ་རང་ངོས་ནས་ལང་དགོས་ཞེས་རང་ཉིད་ཀྱི་བྱས་རྗེས་ཅུང་ཟད་ཡོད་ན་དེའི་སྐོར་གསལ་བསྒྲགས་དང་། ཁྱབ་སྤེལ་བྱེད་བཞིན་གཞན་གྱི་ཡིད་དབང་འཕྲོགས་པའི་ཐབས་ལ་བརྩོན་པའི་དུས་ཚོད་ཅིག་རེད་ལ། དེས་རྐྱེན་པས་སེམས་ཅན་ཚོས་སྔོན་མ་ལས་ཧ་ཅང་གི་ལྕི་ངའི་སྡུག་བསྔལ་ཡང་མི་ཉུང་བ་ཞིག་མྱོང་བཞིན་པ་རེད། དེ་ནི་རང་འདོད་ཧ་ཅང་གི་ཆེ་དྲགས་སོང་བ་དང་། བྱ་བ་ཆེ་ཆུང་མཐའ་དག་ཡོད་ཚད་རང་གི་ཕྲག་སྟེང་དུ་བླང་བ་ཐལ་དྲགས་སོང་བས་ཡིན་ནམ་སྙམ། གནའ་བོའི་མི་བུ་རྒན་རབས་པ་རྣམས་ཀྱི་ལམ་ལུགས་མཐའ་དག་གཅིག་ལ་གཅིག་བརྟེན་དང་། དེ་ཡང་རྒན་བཀུར་གཞོན་སྐྱོང་གི་མཛའ་བརྩེ་དང་སྦྲེལ་ཏེ་གནས་བཅས་ཡོད་ཀྱང་། ད་ལྟའི་མི་ལ་མགོ་མཇུག་གང་ཡང་མེད་པར་ཡོད་ཚད་ལེབ་ལེབ་གཅིག་ཏུ་མཐོང་བཞིན་པ་འདིས་སེམས་ཀྱི་སྡུག་བསྔལ་ཡང་རྫོགས་མེད་ཀྱི་ལེབ་ལེབ་ཅིག་ཏུ་སྣང་གི་ཡོད་པར་སེམས།
འཚོ་བ་གསར་བ་ལ་དང་ག་ཆེ་བའི་མི་བུ་དག་ལ་དཔེ་བླངས་ཏེ་ཆོས་ལུགས་པའི་མི་སྣ་མང་པོ་ཞིག་གིས་རང་གིས་རང་ཉིད་ཆེ་རབས་དང་། གཉན་རབས། འགྲོ་དོན་ཆེ་བ་དང་། སློབ་མ་མང་བ་སོགས་ཀྱིས་བརྙན་པར་དང་། དཔར་རིས་འདྲ་མིན་སྤེལ་བཞིན་པ་ནི་མཐོང་ཆོས་མངོན་གྱུར་རེད། ཐབས་ཚུལ་འདིས་ང་ཚོའི་ཆོས་དང་། རིག་གཞུང་ལ་གནས་སྐབས་དང་། མཐར་ཐུག་གི་དགེ་ཕན་བླ་མེད་ཅིག་ཡོད་ན་ལོས་ཆོག་སྟེ། དེ་ལས་ལྡོག་སྟེ་གནས་སྐབས་ཉི་ཚེ་བའི་དགོས་པ་དང་། གང་ཟག་སྒེར་གྱི་ཁེ་ཕན་ཆུང་ངུ་ཞིག་གིས་གཏན་གྱི་འདུན་མ་རླུང་ལ་བསྐུར་བ་དང་། དམིགས་བསལ་གྱིས་ནང་བའི་བསྟན་པ་ལ་ཧ་ཅང་གི་གནོད་ཚབ་ཆེན་པོ་ཞིག་བྱེད་བཞིན་པར་མཐོང་།
གང་ཡིན་ཞེ་ན་སྡོམ་རྒྱུན་དང་། ཁྲིད་རྒྱུན། མན་ངག་གི་བརྒྱུད་པ་འཛིན་མཁན་རང་འདོད་མེད་མཁན་ཞིག་དང་། འཇིག་རྟེན་ཆོས་བརྒྱད་མེད་མཁན་ཞིག་གིས་སྤེལ་དགོས་པས་སོ། །དེང་སང་ཚོང་གི་འཇིག་རྟེན་རེད་ཟེར་ནས་ཆོས་པའི་མིང་ཡོད་ན་ཡང་། ཆོས་ལ་ཚོང་རྫས་ཀྱི་འདུ་ཤེས་ལས་མེད་ན། ཆོས་ཀྱི་རིན་ཐང་དེ་ག་རང་བརླགས་ཚར་བ་རེད། ཚོང་དང་། ཆབ་སྲིད་གཉིས་ནི་འཐབ་རྩོད་ཅན་གྱི་ཐབས་ལམ་ཞིག་སྟེ། དང་པོ་འགོ་བཙུགས་པ་ནས་མཇུག་མ་རྫོགས་ཀྱི་བར་དུ་༼ང་ཁེ་ཁྱོད་ཕམ༽ཁོ་ནས་རྩོད་དགོས་པའི་དངོས་པོ་ཞིག་རེད། དམ་པའི་ཆོས་ནི་༼ཁྱོད་རྒྱལ་ང་ཕམ།༽ཞེས་ཆབ་དཔལ་གཉིས་ཀྱི་རྩོད་པ་དེ་ཞི་བྱེད་དམ་དེའི་གཉེན་པོ་ཡིན་པས། གཉེན་པོ་སྤང་བྱ་དང་ཆོས་མཚུངས་པར་འགྱུར་སོང་ན། སྤོང་གཉེན་གཡུལ་སྤྲད་ས་མེད་པ་རེད། དུག་གསུམ་དང་། དུག་ལྔའི་གཉེན་པོ་མི་ཐུབ་པའི་དམ་པའི་ཆོས་ནི་མེ་ཤི་བའི་དུད་པ་གཅིག་མཚུངས་རེད།
ལོ་ཤས་གོང་དུ་བོད་ལ་ཡོད་པའི་དགེ་འདུན་པ་ཞིག་གིས་རྒྱ་ནག་དང་། བོད་ལ་ཆོས་འཁོར་བསྐོར་བའི་འདྲ་དཔར་མང་པོ་ཞིག་ཁྱབ་བསྒྲགས་གནང་འདུག་པ་མཐོང་འཕྲལ། ངས་ཐད་གར་དེ་འདྲ་མ་གནང་ན་ཡག་ས་རེད་ཅེས་བཤད་པ་ཡིན། རང་གིས་རང་ཉིད་ཆེན་པོ་ཞིག་དང་། གཉན་པོ་ཡིན་ཟེར་བ་དེ་འཇིག་རྟེན་པའི་ལུགས་ལ་མཛེས་ཀྱང་། དམ་པའི་ཆོས་དང་མཐའ་གཅིག་ཏུ་མཐུན་གྱི་མི་འདུག་པས་རེད། དེའི་རྗེས་ནས་འཛམ་གླིང་ཕྱི་ནང་གང་སར་གནས་པའི་དགེ་བཤེས་དང་། མཁན་པོ། སྤྲུལ་སྐུ། བླ་མ་སོགས་མང་པོ་ཞིག་གིས་ཀྱང་དེ་ལྟར་གནང་བཞིན་པ་མཐོང་འཕྲལ། དང་པོ་སྟབས་མི་བདེ་བ་འདྲ་ཞིག་མཐོང་ཡང་། གཞུག་ནས་བརྗེད་སོང་བ་འདྲ་ཞིག་བྱུང་། ང་ཡང་དཀོར་གྱིས་བཟི་སོང་བ་འདྲ། དེ་ཕྱིར་ངས་ཀྱང་ངོ་གནོང་བཞིན་གཞན་ཚོའི་ལད་མོ་ལོ་གཅིག་ཙམ་བྱས་པ་ཡིན།
ང་རང་གིས་ཆོས་བཤད་དབང་བསྐུར་བྱེད་སར་པར་རྒྱག་པ་དང་། བརྙན་ལེན་པ་སོགས་རྩ་བ་ནས་བྱེད་ཀྱིན་མེད། དེ་ནི་སེམས་གཏིང་ནས་ཆེས་མི་མཛེས་པ་ཞིག་དང་། མི་འོས་པ་མཐོང་གི་ཡོད། ཡིན་ན་ཡང་ཆོས་ཚོགས་དང་། དགོན་པའི་པར་བླངས་པ་དག་དཔེ་བཤུས་ཀྱིས་རང་གི་ངོ་དེབ་དང་། སྐད་ཕྲིན་སོགས་སུ་བསྐུར་བ་ཡིན་ཏེ། དེ་དང་དུས་མཚུངས་སུ་དོགས་མི་བདེ་བའི་ཚོར་བ་ཞིག་གིས་རྟག་ཏུ་མནར་བ་དང་། ངོ་ཡང་ཚ་བོ་འདུག དེ་ནས་བཟུང་གཉེན་ཉེ་དང་། གྲོགས་པོ། དྲ་གྲོགས་འགའ་ལ་སྐད་ཆ་དྲིས་པ་ཡིན་ཏེ། ལ་ལ་ཞིག་གིས་དེ་འདྲ་བྱས་ཏེ་འགྲོ་རྒྱུ་རེད། དེ་མིན་ན་མི་ལ་རས་པ་ནང་བཞིན་རི་གོང་ལ་འགྲོ་བ་ལས་ཡོད་མ་རེད་ཟེར།
ཡང་ལ་ལ་ཞིག་གིས་དེ་ཡག་པོ་འདུག བླ་མ་གོང་མ་ཚོར་གསང་རྣམ་དང་། རང་རྣམ་ཟེར་བ་མང་པོ་ཞིག་ཡོད་པ་རེད། དེ་ག་ནང་བཞིན་ང་ཚོས་ཁྱབ་སྤེལ་བྱེད་པ་དག་ལ་དགའ་མཁན་ཡང་མང་པོ་ཞིག་འདུག སེམས་ཅན་དགའ་ན་དགེ་བ་མ་རེད་པས་ཟེར། གང་ལྟར་ཡང་ཕྱོགས་གཅིག་ནས་ངོ་ཚ་བ་དང་། ཕྱོགས་གཞན་ཞིག་ནས་ཁྱབ་སྒྲག་བྱེད་ཐུབ་པ་ཡིན་ན། རང་ལ་ངོ་ཤེས་དང་། ་སློབ་མ་ཅུང་ཟད་རྙེད། དེ་ནས་རང་གི་དགོན་པ་དང་། རེ་ལྟོས་རྣམས་ལ་ཕན་ཅུང་ཟད་ཐོགས་ན་བསམ། ཉི་མ་དང་། ཟླ་བར་བརྟགས་དཔྱད་བྱེད་ཡོང་དུས་དེ་ནི་འཇིག་རྟེན་ཆོས་བརྒྱད་དང་འབྲེལ་བ་དང་། དེ་དག་ལ་བརྟེན་ནས་འཇིག་རྟེན་མ་གཏོགས། ཆོས་གཏན་ནས་མི་འགྲུབ་པ་མ་ཟད། ཐ་ཤལ་ནང་ནས་ཀྱང་ཐ་ཤལ་གྱི་བྱ་བ་ཞིག་དང་། གནས་སྐབས་རང་གི་སྙན་གྲགས་ལ་ཕན་ཡང་། ཕུགས་ལ་བསམ་བློ་གཏོང་བ་ཡིན་ན་རང་གཞན་གཉིས་དང་། བསྟན་འགྲོ་མཐའ་དག་གནོད་ངེས་པའི་བྱ་ངན་ཞིག་ཡིན་པར་རྟོགས། གལ་སྲིད་འཇིག་རྟེན་ཡང་དག་པ་ཞིག་དང་། གཏན་དུ་བ་ཞིག་འགྲུབ་བཞིན་པ་ཡིན་ན་དེ་ཡང་ཕྱོགས་གཅིག་རེད་དེ། དེ་ཡང་འགྲུབ་ཀྱི་མེད་པ་ལ་ཡིད་ཆེས་གཏིང་ནས་རྙེད་སོང་། དེ་ཕྱིར་ཚང་མས་འདིའི་ཐད་ལ་ཐུགས་བསམ་གཏོང་རོགས་ཞུ།
དེ་ནས་དཔྱད་བརྗོད་འདུན་པ་ཤུགས་ཆེར་ཕྱིན་ཏེ། དགེ་འདུན་པའི་སྤྱོད་ལམ་ཐད་ལ་ཡང་། བསམ་གཞིག་ནན་པོ་བྱས་ཏེ་ཅུང་ཟད་ཞུས་ན། ཕན་ཐོགས་ན་གནོད་ས་མ་རེད་སྙམ་པའང་བྱུང་། དགེ་འདུན་པའི་སྤྱོད་ལམ་ཐད་ནས་བཤད་ན། དེ་རིང་རབ་བྱུང་གི་ཆ་ལུགས་འཆང་བཞིན། སང་ཉིན་གོ་དུང་གོན་ནས་རྒྱུག་སྡོད་པ་འདྲ་བོ་དང་། དེ་ཡང་ངོ་དེབ་དང་། འཕྲིན་ཕྲན་སོགས་སུ་ཚང་མའི་མཐོང་སར་འགྲེམས་བཞིན་པ་མཐོང་སོང་བས། དེའི་དད་ལྡན་ཚོའི་མིག་སྔར་མི་མཛེས་པའི་ཁྱིམ་སུན་འབྱིན་ཆེ་ཤོས་ཤིག་རེད། སྤྱིར་བཏང་ཁྱིམ་པ་ཚོས་ཕྱིའི་སྤྱོད་ལམ་ལས་ལྟ་མི་ཤེས་པ་དང། དེའི་ནང་ནས་ཀྱང་དགེ་འདུན་པའི་ལུས་ངག་གཉིས་ཀྱི་སྤྱོད་ལམ་ལ་གཞལ་ཏེ་བཟང་ངན་གྱི་རྣམ་གཞག་བྱེད་ཀྱིན་མཆིས་ན། དད་ལྡན་དང་འདྲེན་པའི་མིག་རྒྱན་ལའང་ཐུགས་བསམ་བཞེས་དགོས་པར་སེམས་སོ། །གཟན་ཤམ་གོན་པ་དེ་བསྟན་པ་དང་སེམས་ཅན་ལ་ཕན་ཅུང་ཟད་ཅིག་ཐོགས་ན་བསམ་ནས་ཡིན་རྒྱུ་རེད་མ་གཏོགས། ལྟོ་གོས་ཀྱི་ཆེད་དུ་གྲྭ་བ་དང་། ཆོས་པའི་མིང་ཁུར་དགོས་ན་ཡང་དཀའ་ཁག་གི་གནས་སུ་གྱར་བར་སེམས།
དེ་མིན་ན་རས་ངན་དམར་ལྷེ་བ་ཞིག་གིས་གཡོག་པ་ཙམ་གྱིས་གྲྭ་བ་དང་། མིང་ཆོས་པ་ཞེས་ཡོད་པ་ཙམ་གྱིས་དགོས་གལ་ཆེན་པོ་ཞིག་ཡོད་པར་མ་དམིགས་སོ། །སྤྱོད་ལམ་གྱི་ཐ་ཐད་ནས་བོད་པའི་གྲྭ་བཙུན་རྣམས་སྐྱོ་ཤོས་རེད། ཁོ་བོ་མཚོན་ན་ངོ་དེབ་ནང་ཞུགས་མཁན་ཐོག་མའི་གྲྭས་རེད། ངས་༢༠༠༥་ལོར་ཁེ་ན་ཊའི་ངོ་ཤེས་ཤིག་བརྒྱུད་ནས་ཐོབ་སོང་། དེ་དུས་ངས་ནང་འཇུག་བྱེད་ཤེས་མ་སོང་། རྗེས་སུ་༢༠༠༨་ལོར་དེབ་བསྐྱེལ་བྱས་ཏེ་བོད་པ་དང་། གྲྭ་བཙུན་ཡོད་མེད་བལྟས་པ་ཡིན་ཏེ། གྲྭ་བཙུན་རྩ་བ་ནས་མེད་པ་འདྲ་བོ་འདུག དེའི་གཞུག་ནས་གཅིག་རྗེས་གཉིས་མཐུད་དུ་མང་པོ་ཞིག་ཞུགས་པ་དང་། ད་ལྟའི་ཆར་བཙུན་མ་ཡང་མང་པོ་ཞིག་གིས་བེད་ཆོད་གཏོང་བཞིན་འདུག
ངོ་དེབ་སོགས་དྲ་རྒྱ་གང་འདྲ་ཞིག་ཡིན་ན་ཡང་ཕྱི་ནང་གསང་གསུམ་གྱི་བེད་ཆོད་གཏོང་སྟངས་ཡོད་པ་བཞིན། དེ་བེད་ཆོད་གཏོང་མཁན་དང་། རྟོག་ཞིབ་བྱེད་མཁན་ཡང་དེ་ག་ནང་བཞིན་རེད། དེ་ཡིན་དུས་གྲྭ་བཙུན་སོགས་ཆོས་པའི་སྤྱོད་ལམ་འཆོལ་ཟེར་བ་དེ་མཐོང་ས་ན་སྤྱོད་ངན་བྱེད་བཞིན་པ་གཅིག་པུ་མ་ཡིན་པར། གློག་བརྙན་འདྲ་མིན་ལྟ་བ་དང་། ཡི་གེ་འདྲ་མིན་བསྐུར་བ། བུ་མེད་སོགས་ཀྱི་ངོ་དེབ་དང་། པར་རིས་ལ་ཡང་ཡང་ལྟ་བ་སོགས་མདོར་ན་མཛུབ་མོས་གཡོ་འགུལ་ཅུང་ཟད་ཐེབ་པའི་དྲ་བའི་མཉེན་ཆས་ཆ་ཚང་ལ་རྗེས་ཤུལ་འཇོག་ངེས་པས། དེ་དག་ཚང་མའི་ཐད་ནས་ཐུགས་བསམ་བཞེས་དགོས་པར་སེམས།
ང་ཚོས་གློག་ཀླད་དང་། ཁ་པར་སོགས་འཕྲུལ་རིགས་ཅི་འདྲ་ཞིག་བེད་ཆོད་གཏོང་ན་དེ་ལ་འཕྲུལ་ཆའི་ཨང་གྲངས་དང་། སྤྱོད་པ་པོ་རང་གི་མིང་། ས་གནས་སོགས་ཀྱི་ཁ་བྱང་ཡོད་ངེས་པས། གང་ཟག་མང་ཆེ་བའི་མིག་གིས་མ་མཐོང་ན་ཡང་། རྒྱལ་ཁབ་རིམ་པའི་ཉེན་རྟོག་པ་དང་། ཉུལ་ཞིབ་པ་ཚོས་རྟོགས་ངེས་པས། དེ་ཚོས་ཐད་གར་ལབ་མི་སྲིད་ན་ཡང་། ནང་བའི་དགེ་འདུན་པ་ཟེར་བ་དེ་གང་འདྲ་ཡིན་མིན་ཤེས་ངེས་པ་དང་། དེ་ཡང་ཆོས་ཀྱི་འགྲོ་སྟངས་ཤེས་མཁན་རེ་ཡིན་སྲིད་ན་དེ་ལས་ཀྱང་ཉེན་ཁ་ཆེན་པོ་རེད། དེང་སང་མཐོ་རིམ་སློབ་གྲྭ་ཁག་གི་སློབ་མ་ཚོས་རིག་གཅིག་རྐང་འཛིན་གྱི་གཞུང་རྩོམ་པའི་ཆེད་དུ་དཔྱད་རྩོམ་རིགས་འདྲ་མིན་འབྲི་དགོས་པ་དང་། དེ་ཡང་བརྗོད་བྱའི་ཐད་ནས་མི་རིགས་དང་། རིག་གཞུང་། ཆོས་ལུགས། དེ་དག་གི་མངོན་ལྐོགས་གང་རུང་གི་གནས་ཚུལ། གློག་ཀླད་དང་། མིག་མཐོང་ལག་ཟིན་སོགས་ལ་གཞིག་ནས་ཉམས་ཞིབ་བྱེད་བཞིན་པར་མཐོང་ན། དེ་ཕྱིར་རང་གི་ཁྲེལ་ངོ་ཚ་མ་འཛེམས་ན་ཡང་། བསྟན་འགྲོའི་བདེ་སྡུག་ལ་ཅུང་ཟད་བསམ་བློ་གཏོང་དགོས་པ་ནི། ནང་པའི་ཆོས་སྒོར་ཞུགས་པའི་ཉིང་དགོས་ངོ་མ་རེད། མངོན་ལྐོག་གང་རུང་ནས་ནང་བསྟན་ལ་ཤ་ཚ་ཡང་མེད། དམ་སྡོམ་སྲུང་མ་ཐུབ་ན་ཕྱིར་མི་ཟློག་པར་གཤེགས་ཤིག་ཟེར་རྒྱུ་ཡིན། །
དེ་ལྟར་གཞན་ལ་དྲིས་པ་དང་། རང་གི་མྱོང་ཚོར། སངས་རྒྱས་ཀྱི་བཀའ། དངོས་པོའི་གནས་ཚུལ་མང་པོ་ཞིག་བསྡུར་ཡོང་དུས་ཆོས་པ་ཞིག་གིས་རང་གིས་རང་ཉིད་ཆེན་པོ་ཞིག་དང་། གཉན་པོ་ཞིག་ཡིན་ཞེས་ཁྱབ་སྒྲག་དང་། འདྲེམས་སྤེལ་བྱེད་པ་ནི་ནོར་བའི་ནང་ནས་ཀྱང་ནོར་བ་ཞིག་རེད། སྤྱིར་བཏང་དེང་སང་གི་མི་རྣམས་དད་པ་དང་། དག་སྣང་ཆུང་དུ་འགྲོ་བཞིན་པ་རེད། དེའི་སྟེང་དུ་ང་ཚོས་ཚུལ་མིན་ཡིད་བྱེད་དང་འབྲེལ་བའི་སྤྱོད་ལམ་མ་རུང་བ་འདི་དག་གིས་དད་ལྡན་སུན་ཅི་ཕྱིན་དུ་འབྱིན་པ་ནི་ཚོད་ཅིག་མི་འདུག་གོ། །རང་ཉིད་གོང་དུ་བཀུར་འོས་པའི་གང་ཟག་ཅིག་ཡིན་ན་རང་གི་འཁོར་སློབ་དང་། གྲོགས་པོ་སོགས་གཞན་པ་དག་གིས་ཁྱབ་སྒྲག་མ་བྱེད་ལབ་ན་ཡང་བྱ་ངེས་པ་དང་། རང་ལ་རིན་ཐང་མེད་བཞིན་རིན་ཐང་ཡོད་པར་སྨྲ་བ་ནི་རང་སྐྱོན་གཞན་ལ་ངོམ་པ་ལས་ཕན་ཐོགས་སྐར་གང་མི་འདུག
དེ་ཕྱིར་རང་ལེགས་སུ་འདོད་པའི་ཆོས་པ་ཞིག་བྱ་འདོད་ན་ཆོས་པའི་གཞུང་ནས་བཤད་པའི་ལྟ་སྒོམ་སྤྱོད་གསུམ་ལ་གཙིགས་སུ་གནང་དགོས་པ་ལས། དེང་རབས་སྨྲ་བའི་ཆབ་དཔལ་ཉི་ཚེ་བའི་སྤྱོད་ལམ་རྗེས་སུ་མ་རྒྱུགས་ཤིག ཇི་ལྟར་རྒྱུག་ན་ཡང་མཐའ་མེད་པར་མ་ཟད། མཐར་རང་གཞན་གཉིས་ཕུང་ཞིག་ལས་མེད་པ་ལ་ཁོ་ཐག་ནང་ནས་ཆོད་སོང་བས། སོར་བཅུའི་འདབ་མ་སྙིང་གར་སྦྱར་ཏེ་དགེ་འདུན་པ་གྲྭ་བཙུན་སྔགས་གསུམ་སུ་ཡིན་ན་ཡང་། སྔོན་བྱོན་དམ་པའི་མཛད་སྤྱོད་ལ་གྱེན་དུ་གཟིགས་པ་ལས། དེང་སང་གི་ལྟ་གྲུབ་གསར་བའི་རྗེས་སུ་མ་རྒྱུགས་ཤིག་ཅེས་ཞུ་རྒྱུ་ཡིན་ནོ། །
http://tibettimes.net/%E0%BD%A6%E0%BD%84%E0%BD%A6%E0%BC%8B%E0%BD%A2%E0%BE%92%E0%BE%B1%E0%BD%A6%E0%BC%8B%E0%BD%96%E0%BD%A6%E0%BE%9F%E0%BD%93%E0%BC%8B%E0%BD%94%E0%BC%8B%E0%BD%A0%E0%BD%9B%E0%BD%B2%E0%BD%93%E0%BC%8B%E0%BD%98/
་
http://www.dangsongnotes.com/xtras/ckeditor/filemanager/userfiles/Janchub_Semdrel.pdf
བྱང་ཆུབ་སེམས་འགྲེལ།
https://livestream.com/DalaiLamaTibetan/youth/videos/157697496
དུས་ནི་མི་འགྱུར་མི་རྣམས་འགྱུར་།
དེ་དུས་མི་ལ་བསོད་ནམས་སྙན་གྲགས་མེད་།
སྟོན་པས་གསུང་ལས་།
ང་ཡིའི་བསྟན་པ་ཟབ་མོ་འདི་ང་འདྲ་ང་མིན་ཞིག་གི་བཤིགས་གསུང་པ་ལ་མངོན་པར་བསྟོད་དོ་།
ཉོན་མོངས་འདི་ཤུགས་ཆེ། ཉོངས་མོངས་མེད་པའི་མི་ཞིག་ན་བཙལ་ན་རྙེད་དཀའ། ད་ལྟ་ནི་ཅི་ཟེར་དགོས།
སངས་རྒྱས་ཞལ་བཞུགས་པའི་དུས་སུ་གཅིག་གིས་གཅིག་ལ་འཚེ་བའི་ལོ་རྒྱུས་ཤིན་ཏུ་མང་པོ་འདུག
འཕགས་སྐྱེས་པོས་ཉེས་མེད་ཤཱཀྱའི་རིགས་ག་ཚོད་བསད། ཀུན་དགའ་བོའི་སྲིང་མོ་དང་། ཁྱོ་ག་བཅས་ཀྱང་བསད། དེ་དག་གི་བུ་གཉིས་ལ་ལྟ་མཁན་མེད་པར་དྭ་ཕྲུག་ཆགས་ནས་སྲང་དུ་ཟས་སློང་བ་ན། མཉན་ཡོད་ནས་འོངས་པའི་མི་ཞིག་གིས་དེ་གཉིས་ངོ་ཤེས་ནས་མཉན་ཡོད་དུ་ཁྲིད་ནས་ཀུན་དགའ་བོ་ལ་རྩིས་སྤྲད་པ་སོགས་ལོ་རྒྱུས་མང་པོ་བདག་ལ་ཀློག་པའི་སྐལ་བ་མཆིས་སོ།
་
ད་ལྟའི་རྒྱ་གར་འདིར་མི་མངས་ལ་རང་དབང་ཡོད་ཀྱང་། མི་རིགས་སྣ་ཚོགས་པ་འབོར་ཆེ་བའི་དཀའ་ངལ་མ་གཏོགས། སའི་གོ་ལ་འདིར་གནས་པའི་རྒྱལ་ཁམས་གཞན་ལས་བལྟོས་ཏེ། སྐྱིད་ཉམས་ཤིག་མི་འདུག་གམ། འོན་ཀྱང་ངེད་ཉིད་རྒྱ་གར་གྱི་ཕྱི་ལོགས་སུ་བསྡད་ནས། ལོ་ངོ་བཞི་བཅུ་ཞེ་གྲངས་སོང་།
ལོ་སྔོན་མ་སོ་བཟོ་བར་རྒྱ་གར་རྒྱལ་སར་གནམ་གྲུ་ལས་བབས་ནས།། གྲོང་ཁྱེར་འགྲེམ་འགྲུལ་མེ་འཁོར་ཐོག་སོ་བཟོ་སའི་ལས་ཁང་ལ་འགྲོ་སྐབས། འཁོརལོར་དྲུད་དགོས་པ་ཡོ་བྱད་ཁྱེར་བ་དཀའ་ངལ་ཡོད་པ་ན། ཐེམ་སྐས་མར་འབབས་པ་ན། ངོ་མི་ཤེས་པའི་བུ་མོ་བོད་མོ་འདྲ་ཞིག་གིས་གིས་ཐེམ་སྐས་ནས། དྲུད་སྒམ་མར་བསྐྱལ་གྲོགས་བྱས། ཧིནྡ་སྐད་དུ་ཐུགས་རྗེ་ཞུས།
ཡང་ཞག་ཅིག་ཐེམ་སྐས་ཐོག་ཡར་འཛེགས་པ་ན། རྒྱ་གར་པ་ལོ་ཡར་སླེབས་པ་ཞིག་གིས་གང་ཡང་མ་ཟེར་བར་འཁོར་ལོས་དྲུད་དགོས་ཁུར་སྒམ་ལྕི་བ་དེ་ཐེམ་སྐམ་སྟེང་དུ་བསྐྱལ་གྲོགས་བྱས་པ་དང་། མེ་འཁོར་ནང་དུ་ཡང་། དང་ལེན་གྱིས་སྡོད་གནས་སྤྲོད་པ་དེ་ཡ་རབས་ཚུལ་ལྡན་ཞིག་ཏུ་མཐོང་། གྲོང་ཁྱེར་འགྲེམ་འགྲུལ་གྱི་མེ་འཁོར་ལས་འགྲོ་བའི་སྔོན། སྡོད་གནས་ནས་གླ་སྤྲོད་རླངས་འཁོར་ལ་ཧིན་སྒོར་དྲུག་བརྒྱ་ཙམ་སྤྲད་དགོས་པར་མ་ཟད། ལམ་དུ་ཚངས་ཁ་ཆེ་བས་ཡུན་རིངས་ཐོགས། ངའི་བྲང་སའི་བདག་པོ་དེས་ད་བར་དུ། གྲོང་ཁྱེར་འགྲེམ་འགྲུལ་གི་མེ་འཁོར་བབས་ཚུགས་སོགས་མཐོང་མེད་པར་བཤད།
དིང་སང་རྒྱ་གར་དུ་ཡང་། མི་ཚང་མ་ལ་གོས་གྱོན་རྒྱུ་ཡོད་པ་དེས་སྐྱིད་ཉམས་ཤར་བ་ཞིག་ཏུ་མཐོང་ངོ་།
མ་བྱེད་མ་བྱེད་ཟེར་བཞིན་ཁྱོད་ཀྱིས་ཀྱང་བྱས་འདུག ཚོགས་པའི་པར་ཡིན་ནའང་འདྲ་སྒེར་གྱི་པར་ཡིན་ནའང་འདྲ་ཁྱོད་རང་ཡོད་སའི་པར་ཁྱོད་རང་གིས་ཁྱབ་བསྒྲག་བྱས་འདུག གཞན་ལ་མ་བྱེད་ཟེར་བཞིན་རང་གིས་བྱེད་བཞིན་པ་འདི་ནི་ཕྲག་དོག་ལས་མ་འདས་སོ།
སྔ་མོ་བོད་ཀྱི་གཏམ་དཔེ་ལ་།
ཤ་མ་ཟ་བླ་མས་གསུང་ལེ་རེད་།
ཤ་ཚོན་པོ་བླ་མས་མཆོད་ལེ་རེད་།
ཟེར་ཡང་ཟེར་ལ་བདེན་ཡང་བདེན་།
བདེན་གཏམ་ངོ་མ་བཤད་ཡོད་དོ་།
སྟེང་གི་ལྷ་ལ་མ་ཕོག་ཤིག་
འོག་གི་ཀླུ་ལ་མ་ཕོག་ཤིག་།
བར་གྱི་བཙན་ལ་མ་ཕོག་ཤིག་།
འཇིག་རྟེན་མི་ལ་མ་ཕོག་ཤིག་
ལྷག་བསམ་དཀར་པོ་བདེན་གཏམ་འདི་།
ལྷ་ཀླུ་བར་བཙན་མི་དང་མི་མིན་བཅས་།
ཀུན་གྱིས་སྙན་དུ་གསོལ་ལོ་མཆོད་དོ་བཅོལ་།
བཅོལ་བའི་འཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་།
རེད། ངས་ཀྱང་བྱས་པ་རེད། ངས་ད་སྔོན་བཤད་པ་བཟང་ངན་མང་པོ་ཞིག་ནི། བྱ་བའི་བརྒྱུད་རིམ་དེར་ང་རང་དངོས་སུ་ཞུགས་ཏེ། རང་གི་ཀུན་སློང་། གཞན་གྱི་མཐོང་ཚུལ། གནས་སྐབས་དང་། ཁེ་ཕན་ལ་བསམ་བློ་གཏོང་ཁུལ་ཡིན། ནོར་ཡོད་ན་ངགོངས་སེལ་ཞུ།།
མཆན་སྔོན་མའི་འཕྲོ། དེ་ནོར་ཡོད་པ་ཤེས་ཏེ་ནག་ཉེས་ངོས་ལེན་བྱས་པ་ཡིན། འདི་འདྲའི་བྱ་སྤྱོད་མུ་མཐུད་ནས་ཕྱིན་ན་ཆོས་པའི་རིན་ཐང་གནོད་པ་དང་། དོན་དངོས་ཆོས་ཀྱི་ཉམས་ལེན་ལ་གནོད་པ་བརྒྱ་ཆ་བརྒྱ་རེད།
ནར་བ་ནོར་བ་རྒྱལ་པོའི་བུ་ལའང་ཡོང་།
རྫར་བ་རྫེར་བ་ཙནྡ་ཤིང་ལའང་འདུག་།
ནོར་འཕྲུལ་ངོས་ལེན་ཐུབ་ན་དཔའ་བོ་རེད་།
ཁྲེགས་བཟུང་རང་ལྟའི་བརྒྱུད་ནས་སྤྱི་ཚོགས་འཁྲུགས་།