ཆང་སྐྱེས།
ནུ་མ་ཕྱེད་ཙམ་གོས་ཀྱི་ཕྱི་རུ་བཏོན་ཏེ།།
ཟུར་མིག་འཇམ་པོ་ཞིག་གི་མདའ་མོ་འཕངས་ཚེ།།
འདོད་པའི་དབང་རྩ་འཁྲུག་པའི་མི་རྐྱང་མང་བོ།།
ཝ་གཤེད་མཛེས་མའི་དྲུང་ན་ཟ་ངེ་ཟིང་ངེ་།།
འཇབ་འཁོར་བདེ་མོ་ཞིག་གིས་ཕེབས་ལམ་བསུས་ཏེ།།
བརྒྱ་ཤོག་བརྩེགས་མ་རེ་ཡིས་རྔན་པ་སྤྲད་ན།།
ལང་ཚོ་སྒོར་གྱིས་བསླུས་བའི་ལོ་ཆུང་བུ་མོ།།
སྐྱེས་བ་མང་བའི་རུམ་ན་འཛུམ་མདངས་ལྷུག་ལྷུག།
ཁ་ཚིག་སྙན་མོ་ཞིག་གིས་གདན་འདྲེན་ཞུས་ཏེ།།
འཛུམ་མདངས་ཞིམ་པོ་ཞིག་གིས་སྣེ་ལེན་བྱས་ཚེ།།
རྒྱ་ནག་གྲོང་ཁྱེར་འགྲིམ་པའི་ཨ་མཆོད་ཚོ་ཡང་།།
དགེ་ཁྲིམས་འདུལ་ཁྲིམས་བར་ན་གོམ་པ་ཁྱ་འཁྱོར།།
ཁྱིམ་ཚེས་རྒད་པོ་ཚང་གི་མགྲོན་ལ་སོང་སྟེ།།
བཞིན་བཟང་ཁྱིམ་བདག་རྒད་མོའི་བརླ་ཤ་མཐོང་ཚེ།།
སེམས་པ་ཡོམ་ཡོམ་འགུལ་བའི་སྐྱེས་བ་མང་པོ།།
ཚེ་གཅིག་སྐྱ་ཡའི་མདུན་ན་གཡག་རྒོད་ངུར་ངུར།།
བྲང་གི་ལོ་གསུམ་བྱིས་པ་རུམ་ན་ཡོད་རུང་།།
སྟག་ཤར་གཞོན་ནུ་དག་གིས་ཁ་ཡག་བཤད་ཚེ།།
སྲེད་པའི་མེ་ལྕེ་འབར་བའི་བུད་མེད་མང་བོ།།
ཕོ་གསར་མང་བའི་འོག་ན་ཉ་མོ་འཁྱུག་འཁྱུག།