རྩོམ་པ་པོ། David Leonhardt
སྒྱུར་སྒྲིག་པ། གཅན་སྣང་བ་ཚེ་རིང་བཀྲ་ཤིས།
ཡོང་ཁུངས། ནེག་ཡོག་དུས་བབ།
*གསལ་བཤད། མ་རྩོམ་ཇི་མ་ཇི་བཞིན་དུ་བསྒྱུར་མེད། ཀློག་སླ་བ་དང་གོ་བདེ་བའི་ཆེད་དུ་ནང་དོན་གཙོ་བོ་ཕྱོགས་བསྡུས་བྱས་ཡོད།
འགྲོ་བ་མིའི་སྤྱི་ཚོགས་ནི་རྒྱལ་ཁབ་ཀྱི་རྩ་འཛིན་ཁག་གཞིར་བཟུང་ནས་སྟངས་འཛིན་བྱེད་ཀྱི་ཡོད་པ་མ་གཏོགས། དབང་སྒྱུར་བའི་འདོད་མོས་ལྟར་དབང་སྒྱུར་བྱེད་ཀྱི་མེད་པས། ཁྲིམས་ཀྱི་དབང་སྒྱུར་མེད་ན། དམངས་གཙོ་ཡོང་ཐབས་མེད། ཨ་རིའི་འདས་པའི་ལོ་རྒྱུས་ཕྱིར་མིག་ཅིག་བལྟས་ན། དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་མཚམས་རེར་ཁྲིམས་དང་འབྲེལ་བའི་གནད་དོན་ཐོག་ལ་རྩོད་པ་ཤུགས་དྲག་འབྱུང་གི་ཡོད་ཀྱང་། རྩ་བའི་ཆ་ནས། ཆབ་སྲིད་ཚོགས་པ་གཉིས་ཀས་ཨ་རིའི་ཁྲིམས་ཀྱི་དབང་སྒྱུར་ངོས་ལེན་བྱེད་ཀྱི་ཡོད། འོན་ཀྱང་། ད་ལྟའི་སྲིད་འཛིན་ཁྲི་རོམ་ཕུས་ཁྲིམས་ཀྱི་དབང་སྒྱུར་ལ་གུས་བརྩི་ཞུ་གི་མེད། ཁོང་གིས་བྱེད་ལུགས་དེས་རང་ཉིད་ཨ་རིའི་དེང་རབས་ལོ་རྒྱུས་ཁྲོད་ཀྱི་སྲིད་འཛིན་ཟུར་བ་ཁག་དང་རྒྱང་དུ་བཀར་ཡོད། ཁོས་སྔོན་གྱི་ཧྥ་རན་སའི་རྒྱལ་པོའི་Louis XIV༼ང་ནི་རྒྱལ་ཁབ་ཡིན༽་ཟེར་བའི་(“L’état, c’est moi”)ལྟ་ཚུལ་དེར་མོས་པ་བྱེད་ཀྱི་ཡོད་ལ། མི་ཚོ་ཁྲིམས་གང་གི་རྗེས་སུ་འཇུག་དགོས་མིན་ཁོ་རང་ཉིད་ཀྱིས་ཐག་གཅོད་བྱེད་ཀྱི་ཡོད། ཁྲི་རོམ་ཕུའི་ཁྲིམས་ཀྱི་ལྟ་ཚུལ་དེས་ཨ་རིའི་སྲོལ་རྒྱུན་ཁག་རྡོག་རོལ་བཏང་ཡོད་པ་གཤམ་གསལ་ལྟར།
༡༽ ཁྲིམས་ལུགས་ལག་བསྟར་ཚན་ཁག་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་བ། (LAW ENFORCEMENT, POLITICIZED)
རྩ་བའི་ཆ་ནས་ཨ་རིའི་དབུས་ཁྲིམས་ལུགས་ལག་བསྟར་ཚན་ཁག་(federal law enforcement)གིས་གཞུང་འཛིན་སྲིད་གཞུང་སུ་ཡིན་མིན་ལ་མ་ལྟོས་པར། སོ་སོའི་བྱེད་ལས་ཁག་ཆབ་སྲིད་དང་རྒྱང་བཀྱེད་ནས། (apolitical)རང་དབང་ལྡན་པའི་ངོ་བོར་གནས་པ་དེར་སྤོབས་པ་བྱེད་ཀྱི་ཡོད་པ་རེད། དེ་བས། སྲིད་འཛིན་གྱིས་་གང་འདོད་ལྟར་ཁྲིམས་ལུགས་ལག་བསྟར་ལས་ཁུངས་ལ་ཁ་པར་བཏང་ནས་ལས་དོན་གང་རུང་གི་ཐོག་ལ་གནོན་ཤུགས་སྤྲད་མི་ཆོག ཡིན་ཡང་། ཁྲི་རོམ་ཕུ་ཡིས་སྲོལ་རྒྱུན་དེ་རྩ་མེད་བཏང་ཡོད། ད་ལྟའི་ཨ་རིའི་ཁྲིམས་དོན་སྤྱི་ཁྱབ་(The attorney general)དེ་དཀའ་རྙོག་གི་ཆ་ཤས་ཤིག་ཆགས་ཡོད། ཁོས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལག་བསྟར་བྱེད་པའི་སྣེ་འཁྲིད་དགོས་ཀྱང་། ཁོས་རང་ཉིད་སྲིད་འཛིན་ཁྲི་རོམ་ཕུ་ལ་བློ་སེམས་དཀར་པོ་ཡིིན་མདོག་སྟོན་གྱི་ཡོད་ལ། ཁོས་ཁྲིམས་ལུགས་ལག་བསྟར་དང་སྲིད་འཛིན་གྱི་ཁེ་ཕན་གཉིས་ལོགས་སུ་མཐོང་གི་མེད།
༢༽ ཁྲིམས་ཁང་ཉམས་དམས་སུ་བཏང་བ། (COURTS, UNDERMINED)
འདས་པའི་སྲིད་གཞུང་ཁག་གིས་ཁྲིམས་ཞིབ་ལྷན་ཚོགས་ལ་བརྩི་བཀུར་དང་། ཁྲིམས་ཀྱི་གནད་དོན་ཐོག་ལ་ཁྲིམས་ཁང་ལ་མཐའ་མའི་དབང་ཚད་ཡོད་པའི་ངེས་ལེན་བྱས་ཡོད། ཡིན་ཡང་། སྲིད་འཛིན་ཁྲི་རོམ་ཕུས་ཁོང་ལ་མོས་མཐུན་མི་བྱེད་མཁན་གྱི་ཁྲིམས་དཔོན་ཁག་ལ་བསྙོན་འཛུགས་དང་སྐྱོན་བརྗོད་བྱེད་ཀྱི་ཡོད་ལ། དཔེར་ན། ཨ་རིའི་འགྲུལ་བཞུད་བཀག་སྡོམ་ལ་ཁྲིམས་ཁང་གིས་རྒྱབ་སྐྱོར་མ་བྱས་པར་བརྟེན། ཁྲི་རོམ་ཕུས་རྒྱལ་ཁབ་ཀྱི་བདེ་འཇགས་ཁ་ལ་འཁྱེར་ནས། ཁྲིམས་ཁང་གི་གཞི་རྩའི་ཁྲིམས་ལུགས་དབང་ཚད་ལ་ཁ་གཏད་བཅག་ཡོད།
༣༽ ཁྲི་རོམ་ཕུའི་རུ་ཁག་ཁྲིམས་ཀྱི་སྒང་ལ་གནས་པ། (TEAM TRUMP, ABOVE THE LAW)
ཁྲི་རོམ་ཕུས་ད་དུང་ཡང་རང་གིས་དཔྱ་ཁྲལ་ག་ཚོད་ཕུལ་ཡོད་མེད་ཀྱི་ཡིག་ཆ་མི་དམངས་ལ་བསྒྲགས་མེད་པ་མ་ཟད། ཁོང་གིས་སྲིད་འཛིན་གྱི་གོ་གནས་བེད་སྤྱད་ནས་སོ་སོ་རང་ཉིད་དང་རང་གི་ནང་མིའི་ཚོང་ལས་རྒྱ་བསྐྱེད་བཏང་ཡོད་པ་དང་། དཔེར་་ན། ཁྲི་རོམ་ཕུའི་བུ་མོ་ ཨེ་བང་ཀ་ཁྲི་རོམ་ཕུའི་གྱོན་ཆས་ཁྱབ་བསྒྲགས་བྱེད་པ་དང་། ཕྱི་རྒྱལ་དབུ་ཁྲིད་ཁག་ཁྲི་རོམ་ཕུ་མགྲོན་ཁང་ནང་སྡོད་བཅུག་པ་སོགས་བྱས་ཏེ། གཞུང་གི་སྡིངས་ཆ་སྒེར་གྱི་ཁེ་ཕན་ཆེད་བེད་སྤྱོད་བྱེད་ཀྱི་ཡོད།
༤༽ མི་སེར་ཚང་མ་འདྲ་མིན་མིན་པ་གསལ་སྟོན་བྱས་པ། (CITIZENS, UNEQUAL)
ཁྲི་རོམ་ཕུ་དང་ཁོང་གི་རུ་ཁག་ནང་གི་མི་ཚོས་ཁྲིམས་ཐོག་ནས་རང་ཉིད་ལ་དམིགས་བསལ་གྱི་གོ་གནས་དང་ཐོབ་ཐང་ཡོད་པའི་ལྟ་ཚུལ་འཛིན་གྱི་ཡོད། ཁོང་ཚོས་མི་ཚང་མ་འདྲ་མཉམ་མིན་ཟེར་བའི་བཙན་དབང་རང་ལུགས་ཀྱི་བཟོ་ལྟ་ཕྱིར་སྟོན་གྱི་ཡོད་པ་དེ་ནི། དམངས་གཙོའི་རིན་ཐང་རྡོག་རྫིས་གཏོང་བའི་བྱེད་ལས་འཇིགས་སུ་རུང་བ་ཞིག་ཆགས་ཡོད། ཁྲི་རོམ་ཕུས་རང་ཉིད་་ལ་རྒྱབ་སྐྱོར་བྱེད་མཁན་ཚང་མ་ཨ་རི་བ་རྣལ་མ་ཡིན་པ་དང་། ཁོང་ལ་ངོ་རྒོལ་བྱེད་མཁན་ཚང་མ།་ཨ་རི་བ་རྣམ་དག་མིན་པའི་ཁྱབ་བསྒྲགས་བྱས་པ་དང་། ཁོས་རྫུན་གཏམ་བཤད་ནས་ཨ་ཧྥེ་རི་ཁའི་ཨ་རི་བ་མང་དག་ཅིག་འོས་བསྡུའི་ཁྲོད་ཆ་ཤས་ལེན་དུ་མ་བཅུག་པར་ཁོང་ཚོའི་གཞི་རྩའི་དམངས་གཙོའི་ཐོབ་ཐང་ཡང་འཕྲོག་ཡོད། ཁོས་སུ་སྲིད་འཛིན་ལ་བློ་སེམས་དཀར་ན་་མི་སེར་དེར་ཁེ་ཕན་རེག་པ་དང་། སུ་སྲིད་འཛིན་གྱི་ཁ་གཏད་དུ་་ལངས་ན་དེ་ལ་གྱོང་རེག་པའི་བརྡ་ལན་སྤྲོད་ཀྱི་ཡོད།
བདེན་པ་རང་ཉིད་གཅིག་པུས་བདག་བཟུང་བྱས་པ། (TRUTH, MONOPOLIZED)
སྤྱི་ཚོགས་ཧྲིལ་པོས་ངོས་ལེན་གནང་བའི་ངོ་ཐོག་གི་བདེན་པ་ལ་གཞི་བཅོལ་ནས་ཁྲིམས་ལུགས་ཁག་ལག་བསྟར་བྱེད་དགོས་མོད། འོན་ཀྱང་།ཁྲི་རོམ་ཕུས་གཞི་རྩའི་བདེན་པའི་ལྟ་ཚུལ་རྩ་མེད་བཏང་ཡོད། ཁོས་གཅིག་རྗེས་གཉིས་མཐུད་དུ་ཨ་རིའི་གྲོས་ཚོགས་ཀྱི་སྔོན་རྩིས་ལས་ཁུངས་དང་། ཨ་རིའི་དབུས་གསང་བའི་ལས་ཁུངས་སོགས་ལ་སྐྱོན་བརྗོད་བྱས་ཡོད་ལ། གསར་འགྱུར་ལས་ཁུངས་ཁག་ལ་གནས་ཚུལ་རྫུན་མ་སྤེལ་གྱི་འདུག་ཅེས་ཉིན་མ་རེ་རེར་་ཁ་རྡུང་གཏོང་གི་ཡོད་པ་མ་ཟད། གསར་འགོད་པ་ནི་༼མི་དམངས་ཀྱི་དགྲ་བོ་རེད་༽ཅེས་བཤད་ཡོད། སྲིད་དབང་སྒེར་འཛིན་པ་ཚོས་༼མི་དམངས་ཀྱི་དགྲ་བོ༽་ཟེར་བའི་ཐ་སྙད་དེ་བེད་སྤྱད་དེ་རང་ཉིད་ལ་སྐྱོན་བརྗོད་བྱེད་མཁན་ཚོ་ངོ་ལོག་པའི་གྲས་སུ་བཅུག་ནས་རྩ་མེད་གཏོང་གི་ཡོད་པ་རེད། སྲིད་འཛིན་ཁྲི་རོམ་ཕུས་རང་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་༼བདེན་པ་ནི་ང་དང་། ང་ནི་བདེན་པ་༽ཡིན་པས། (La vérité, c’est moi)ཁོང་ཚོས་སྲིད་འཛིན་གཅིག་པུར་ཡིད་ཆེད་བྱེད་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད།
ཁྲིམས་ཀྱི་དབང་སྒྱུར་ནི་ཁྲིམས་ལུགས་ཉེར་ཁར་འཕྲད་དུས། སྤྱི་ཚོགས་ཧྲིལ་པོ་ཡར་ལངས་ནས་གདོང་ལེན་བྱེད་པར་འདོད་མོས་ཡོད་མེད་ལ་ཐུག་ཡོད་པས། ད་ནི་འདོད་མོས་ཡོད་མེད་ཚོད་ལྟ་བྱེད་པའི་དུས་ལ་སླེབས་ཡོད།
མ་རྩོམ་རྒྱས་པ་གཟིགས་འདོད་ན་གཤམ་གྱི་དྲ་ཐག་བརྒྱུད་གཟིགས་རོགས།
https://www.nytimes.com/2017/06/06/opinion/the-lawless-presidency.html?_r=0
བདེན་པ་རྡོག་རོལ་ལ་གཏོང་བའི་དུས་ཡིན་ནི་རེད།
མང་གཙོ་དམངས་གཙོ་དོན་གཅིག་བསམ་མཁན་མང་།
མང་གཙོའི་རིང་ལུགས་ཁྲིམས་ཡིག་འོག་ཏུ་འཚོ་།
དམངས་གཙོའི་རིང་ལུགས་གྲལ་རིམ་འོག་ཏུ་འཚོ་།
དེ་གཉིས་མ་ནོར་ངོས་འཛིན་མཁས་པའི་བློ་།
རྩོམ་ཡིག་ཡིན་ན་གསར་འགྱུར་ཡིན་ན་ཐེངས་མ་གསུམ་ལ་ཀློག་ཀྱང་གོ་མོ་སོང་། མིང་ཆནེ་པོ་ཞིག་གི་འོག་ན་རྩོམ་མགོ་ཉོག་ཅིག་