གནས་མེད།
——ཕ་བུ་གཉིས་ཀྱི་འཕྲིན་ཡིག་བཀླགས་རྗེས།
མཚང་ལ་ཕོག་པ་གདམས་ངག་ཡིན་ནོ་ཞེས།།
མཁས་པའི་ཞལ་ནས་ལན་མང་ཐོས་མྱོང་ཡོད།།
དེ་བཞིན་རིག་བཟང་བུ་ཡིས་ཆང་སྐྱོན་སྐོར།།
ཡི་གེར་བཀོད་པར་བདག་ནི་མོས་ཤིང་འཐད།།
སྤྱིར་ན་དྲིན་ཆེན་ཕ་མར་དགག་རྩོད་རིགས།།
བརྗོད་མཁན་ལ་ནི་མོས་མཐུན་ཡེ་མེད་ཀྱང་།།
ཆེད་མངགས་སྐྱོན་ལ་ཉེས་པར་མི་བལྟ་བའི།།
གཤིས་གྱོང་ཕ་མའི་སྐྱོན་ཉེས་གླེང་བྱར་འོས།།
བུ་ཡིས་བརྗོད་དོན་དགོས་ཆུང་གཏན་མིན་ཏེ།།
འདྲེན་བྱེད་མིག་ངོར་རྒྱུན་མཐོང་རྫོབ་རོ་ཅན།།
དཔྱོད་ལྡན་ཀུན་གྱིས་བློ་ཕམ་སྟོན་གནས་ཞིག །
ཕ་ཡིས་བསྐྲུན་དེར་སྙིང་ནས་བཟོད་སྲིད་དམ།།
མི་གཤིས་ལེགས་ཤིང་བྱ་བཟང་ཡོད་ཙམ་གྱིས།།
བཟའ་ཟླ་བུ་ཕྲུག་ལྟོས་བཅས་ལོས་དགའ་མོད།།
ཉིན་རེར་འཁྱར་འཁྱོར་གོམ་འགྲོས་ལྡན་པ་དེས།།
གཉེན་ཉེའི་སེམས་པ་འཁྱག་གིས་སོབ་སོབ་གྱུར།།
སྡིག་གྲོགས་ཡིན་ཞེས་རྭ་ཅན་མི་འབྱུང་བཞིན།།
ཕན་པའི་ཟོལ་གྱིས་བག་མེད་ལས་སྦྱོར་མཁན།།
གང་དུ་མཆིས་པ་སྡིག་གྲོགས་དངོས་ཡིན་པས།།
བླང་དོར་མ་འཁྱུགས་དུག་བཞིན་རིང་དུ་སྤོངས།།
མི་ལོ་ལྔ་བཅུ་རྒྱགས་གཏམ་སོགས་ཀྱིས་བསྐྱལ།།
བརྩེ་བའི་བཟའ་ཟླར་གཡོག་པོའི་རྩིས་ཐང་སྤྱད།།
བུ་ཕྲུག་གཉིས་ཀྱི་མདུན་ལམ་བརླགས་ཉེའི་ངང་།།
ཕ་བཟང་ཞིག་གི་འགན་འཁྲི་བསྒྲུབས་ཡོད་དམ།།
ཆང་རག་འཐུང་དྲགས་རང་ལུས་ནད་པར་བཏང་།།
ཉིན་ལྟར་བཟི་ཐེངས་རེ་ཡིས་གདོང་མདོག་འགྱུར།།
གཞན་དང་འགྲོགས་སྐབས་ཁ་ནས་དྲི་ངན་འཐུལ།།
རང་མཁོའི་གསང་དོན་ཡོད་ཚད་ཕྱི་མིར་བསྒྲགས།།
གཞན་གྱིས་ཡིད་སྨོན་འཆོར་བའི་ལས་གནས་ཀྱང་།།
ཆང་སྐྱོན་རྐྱེན་གྱིས་བརྟན་མིན་དོགས་གཞིར་གྱུར།།
མི་ཚེ་ཕྱེད་ཙམ་གཞུང་འབྲེལ་དོན་བསྒྲུབས་ནའང་།།
རང་དོན་ཕྱོགས་ཐད་རང་འགྲེལ་བསྐྱོན་ནས་འདུག །
ཆང་རག་དགའ་ཙམ་སྐྱོན་ཆེན་གཏན་མིན་ཡང་།།
ཚོད་འཛིན་མེད་གང་ཉེས་དམིགས་གཞི་མ་ཡིན།།
རང་ཚུགས་བྲལ་བ་དེ་བས་འཇིགས་སྐྲག་གནས།།
གཞན་གྱི་གཡོ་འོག་ཅི་དགར་ཚུད་འདིར་ཕངས།།
རང་ཚུགས་ལར་ཞེན་རིག་བཟང་བུར་ཡང་མཁོ།།
ཡབ་ཀྱི་འགན་འཁྲིའི་བཟང་སྤྱོད་རྣམ་ཀུན་མཁོ།།
གཞིས་ཁྱིམ་གྲུ་བཞིར་དགོད་སྒྲའི་དྲོད་ཁོལ་མཁོ།།
རང་ཁྱིམ་སྐྱོང་བའི་ལས་རབ་ཐབས་བཀོད་མཁོ།།
མདོར་ན་རང་ཉིད་རང་མགོན་མངོན་བཞེངས་ཏེ།།
མིག་སྔའི་གོམ་འཁྱོར་མདའ་ལྟར་དྲང་བོར་སྲོངས།།
རྒྱུན་སྤྱོད་ཆང་རག་དྭངས་གཙང་འོ་ཆུར་བསྒྱུརད།།
ཉེར་མཁོའི་འཕྲོད་བསྟེན་ཚེ་སྲོག་གསོས་སུ་ལོངས།།
འཁྱུག་ཙམ་དངོས་ཕྲད་བྱུང་བའི་རྗེས་རོལ་ནས།།
དྲན་གདུང་ཚོར་ཤེས་དྲག་པོའི་ཧྲགས་བར་ནས།།
སྤུན་ཟླའི་མཛའ་སེམས་ཟབ་མོའི་ཁོང་སྙིང་ནས།།
བསམ་ཚུལ་རོབ་ཙམ་ཐལ་བར་བཟོད་གསོལ་ཞུ།།
ཞེས་རང་གི་སྙིང་ནས་བརྩེ་བའི་གཅེན་པོ་དྲན་བཞིན་ ༢༠༡༧ / ༠༦ / ༠༤ ཉིན་བྲིས།
འོ་ཡ། ད་བྱས་ན། ཁྱོད་ཀྱི་གཅེན་པོ་མི་གྲལ་ནས་བུད་དེ་ཁྱི་བྲལ་ཨམ་ཁོ་བསྙགས་ཚར་འདུག་པས། ད་བསླབ་བྱ་འགྲོ་སའི་ཡུལ་ཡིན་རྒྱུ་མ་རེད་སྙམ་མོ།