ཧོར་གཙང་འཇིགས་མེད།
ཁ་སྔོན་སྤྱི་ཟླ་གསུམ་པའི་ཟླ་དཀྱིལ་ཙམ་ལ་རྒྱ་གར་དུ་ལན་ཅིག་ཕྱིན་པ་ཡིན། ངོ་ཤེས་གྲོགས་པོ་ཁག་ཅིག་ཨ་ལགས་འཇིགས་མེད་ཞིང་གཤེགས་དམ་པ་ཁོང་གི་གཟིམ་ཤག་ཏུ་འཛོམས་འདུག་པ་དང་སྟབས་བསྟུན་ནས་དེར་འཁྱུག་ཙམ་སོང་བ་ཡིན། ལོ་ངོ་མང་བོ་ཞིག་གི་རིང་ལ་ཨ་ལགས་རིན་པོ་ཆེ་དང་འགྲོགས་འདྲིས་མཉམ་ལས་མང་བོ་ཞིག་བྱས་པའི་རྐྱེན་གྱིས་རིན་པོ་ཆེའི་གཟིམ་ཤག་ཏུ་ལན་གྲངས་མང་བོར་སོང་མྱོང་ཡོད་ནའང་ད་རེས་ནི་སྔོན་ཆད་དང་མི་འདྲ་བར་སེམས་ཕུགས་སུ་ཚོར་བ་སྟོང་སང་ངེ་བ་དང་སྐྱོ་ལྷང་ངེ་བ་ཞིག་བྱུང་།
སྤྱི་ལོ་༢༠༡༡ ལོར་ཨ་ལགས་འཇིགས་མེད་རིན་པོ་ཆེ་ཨ་རིའི་ཉོའུ་ཡོཀ་གྲོང་ཁྱེར་དུ་ཕེབས་ནས་བློ་གྲོས་སྦྱིན་པའི་ནང་བཞུགས་འདུག སྐབས་དེར་རིན་པོ་ཆེ་ལ་ཁམས་འདྲི་བྱེད་དུ་ལན་གཉིས་ཙམ་ཕྱིན་པ་ཡིན། དེ་དུས་ཁོང་གི་སྐུ་གཟུགས་སྔར་བས་ཇེ་ཆུང་དང་ཇེ་ཞན་ལ་སོང་འདུག་ཅིང་། ཡར་ལང་སྐབས་དང་གོམ་པ་རྒྱག་སྐབས་དབུགས་ཧལ་ནས་འགྲོ་སྐྱོད་བྱེད་རྒྱུར་དཀའ་ངལ་གང་འཚམ་འདུག ད་དུང་སྙིང་གི་འགུལ་ཤུགས་མ་འདང་ནས་གློག་རྡུལ་གྱིས་བཟོས་པའི་འཕྲུལ་ཆས་ཤིག་བྲང་ཁའི་ཤ་སྐྱིའི་བར་བཅུག་ཡོད་གསུངས་ནས་བྲང་ངོས་གཡོན་ཕྱོགས་སུ་རེག་ཙམ་རེག་ཙམ་གནང་གིན་འདུག་ཅིང་འཕྲུལ་ཆས་དེས་སྙིང་གི་འཕར་ལྡིང་ལ་རོགས་འདེགས་བྱེད་ཐུབ་ཀྱིན་འདུག་གསུངས་བྱུང་། དེ་བས་ཀྱང་སེམས་པ་སྐྱོ་ལྷང་ངེ་བ་ཞིག་བྱུང་བ་ནི། ཁོང་གིས་སྐད་ཆ་བཤད་སྐབས་ལྕེ་ཡིས་འགུལ་སྐྱོད་བྱེད་མ་ཐུབ་པར་མཚམས་རེར་སྐད་ཆ་ལྡ་ལེ་ལྡོལ་ལེ་རེ་མ་གཏོགས་འཁྱོངས་ཐུབ་ཀྱིན་མི་འདུག་པ་དེ་རེད།
སྐབས་དེར་ཨ་ལགས་རིན་པོ་ཆེར་ཐུག་པ་དེས་སེམས་ལ་སྐྱོ་ཚོར་མང་བོ་ཞིག་སྤྲད་བྱུང་། ཁོང་གིས་ང་ལ། འཇིགས་མེད་ལགས། ཁྱོད་ཀྱིས་བལྟས་ན་ངའི་གཟུགས་པོའི་གནས་སྟངས་ག་འདྲ་འདུག་ཅེས་དྲིས་བྱུང་། ངས་རྩེད་མོ་དང་སྦྲགས་ཏེ་རིན་པོ་ཆེའི་སྐུ་གཟུགས་ཡག་ཐག་ཆོད་འདུག མ་གཞི་ནས་ཨ་ལགས་ཁྱེད་རང་“རྟེན་མེ་ཐར་མ་”ལྟ་བུ་ཞིག་ཡིན་བསམ་ཡོད། ཅེས་བཤད་སྐབས་ཁོང་ཤིན་ཏུ་དགའ་ནས། “རྟེན་མེ་ཐར་མ་བཏགས་པ་དེ་དངོས་གནས་ཡག་པོ་བྱུང་”གསུངས་བྱུང་། གང་ལྟར་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་དེ་འདྲ་ཡིན་ནའང་། ལོ་དེར་ཨ་ལགས་རིན་པོ་ཆེས་མགོ་འཛིན་གནང་སྟེ་མདོ་སྨད་རྩོམ་སྒྲིག་ཚོགས་ཆུང་གིས་རྒྱལ་བ་རིན་པོ་ཆེའི་མཛད་རྣམ་བརྙན་པར་ཅན་སྤུས་ལེགས་རྩོམ་སྒྲིག་དཔར་སྐྲུན་གནང་བ་དང་། མུ་མཐུད་ནས་བོད་ནང་གི་ཞི་རྒོལ་གྱི་ལས་འགུལ་ཅི་བྱུང་གི་གནས་ཚུལ་ཕྱོགས་བསྒྲིགས་ཀྱིས་དཔེ་དེབ་འདོན་འཆར་དང་། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་མཛད་རྣམ་མཚོན་པའི་གློག་བརྙན་བཟོ་སྒྲིག་བྱེད་རྒྱུ་སོགས་ནམ་རྒྱུན་བཞིན་ཁོང་གི་སེམས་ནང་ལ་འཚངས་ཀ་བྱེད་བཞིན་པའི་རྨི་ལམ་དང་འཆར་གཞི་ཁག་མཚམས་འཇོག་གནང་གིན་མི་འདུག དེ་ནི་མི་ཚེ་འདིའི་ནང་ཨ་ལགས་རིན་པོ་ཆེ་ལ་ཐུག་པ་ཐ་མར་གྱུར།
འཇིག་རྟེན་སྤྱི་ཡོངས་ཀྱི་རྣམ་ཐར་རྩོམ་ལུགས་ལྟར་བྱས་ནས་བཤད་ན། ཨ་ལགས་འཇིགས་མེད་ལྷུན་གྲུབ་རིན་པོ་ཆེ་ལགས་ནི་རེབ་གོང་རོང་བོ་དགོན་ཆེན་གྱི་སྤྲུལ་སྐུ་ཞིག་ཡིན་པ་དང་། རེབ་གོང་རྒྱལ་བོའི་དཔོན་པོ་རྡོ་རྗེ་དབང་རྒྱལ་གྱི་གདུང་སྲས་ཡིན་པ་སོགས་རིགས་རྒྱུད་དང་དཔོན་གནས། བླ་ཐོབ་སོགས་གང་ཅིའི་ཕྱོགས་ནས་ཀྱང་གླེང་རིན་ཡོད་པའི་ཉེ་རབས་རེབ་གོང་གི་ལོ་རྒྱུས་མི་སྣ་གལ་ཆེན་ཞིག་ཡིན་ནའང་། འདིར་ནི་ཤ་རུས་ཁྲག་རྒྱུད་སོགས་ཀྱི་འབྱུང་ཁུངས་ཕུ་འདེད་བྱེད་རྒྱུ་མིན་པར་ང་རང་ལ་དངོས་སུ་བྱུང་བའི་མྱོང་ཚོར་ཁག་ཐད་ཀར་འབྲི་རྩིས་བྱེད་ཀྱིན་ཡོད་པ་དེ་ཡིན།
ང་རང་ཨ་ལགས་འཇིགས་མེད་རིན་པོ་ཆེ་ལ་རྒྱུས་མངའ་གང་འཚམ་ཟབ་མོ་ཡོད། འགྲོགས་འདྲིས་ཀྱང་མང་བོ་བྱུང་མྱོང་ཡོད། འོན་ཀྱང་ཁོང་གི་ཆེས་ནང་ཚགས་ཀྱི་གསང་བ་བཤད་སའི་གྲོགས་པོ་དེ་འདྲར་གྱུར་མྱོང་མེད། གང་ལྟར་ལོ་ངོ་ཉི་ཤུ་ཙམ་ལ་འགྲོགས་འདྲིས་བྱས་པའི་དབང་གིས་སེམས་གཏིང་ནས་ཨ་ལགས་འཇིགས་མེད་རིན་པོ་ཆེ་ལ་བརྩི་བཀུར་ཆེན་པོ་ཡོད་མཁན་ཞིག་ཡིན།
ཨ་ལགས་འཇིགས་མེད་རིན་པོ་ཆེའི་མི་ཚེ་ནི་མི་སུ་ཞིག་གིས་ཀྱང་སྡོམ་ཚིག་འཇོག་མི་ཐུབ་པའི་རྙོག་འཛིང་གི་རང་བཞིན་ལྡན་པ་ཞིག་ཡིན། ཁོང་ཉིད་ངོ་ཤེས་མཁན་རེ་རེར་ཁོང་ལ་ལྟ་ཚུལ་མི་འདྲ་བ་རེ་རེ་ཡོད་ཅིང་། ཁོང་ཉིད་ངོ་མི་ཤེས་པའི་མི་མང་བོ་ཞིག་ལའང་དེ་མཚུངས་ཀྱི་ལྟ་ཚུལ་སྣ་ཚོགས་པ་ཡོད་མཁན་ཞིག་ཡིན། ང་ཚོས་ནམ་རྒྱུན་སྤྱི་ཚོགས་ལ་རྣ་བ་གཏད་དེ་ཉན་ན། ཁོང་ལ་སྐྱོན་རྗོད་དང་བསྔགས་རྗོད་བྱེད་མཁན་གཉིས་ཆ་ཡོང་གིན་ཡོད་ཅིང་། སྐྱོན་རྗོད་བྱེད་མཁན་དང་བསྔགས་རྗོད་བྱེད་མཁན་གཉིས་ལས་ཧ་ལམ་སྐྱོན་རྗོད་བྱེད་མཁན་མང་བ་ལྟ་བུ་ཡོད། ཡིན་ནའང་གལ་སྲིད་འཇིག་རྟེན་ལ་སྙིང་རྗེ་དང་ལས་འབྲས་དྲང་བཞག་གི་རྒྱ་མ་ཞིག་ཡོད་པ་ཡིན་ན། མི་མང་བོ་ཞིག་གིས་ཁོང་ལ་སྐྱོན་རྗོད་བྱེད་བཞིན་པ་དེ་དག་ཐམས་ཅད་ཁོང་གི་སྐྱོན་ཡིན་པའི་ངེས་པ་མེད་དེ། དཔེར་ན་ཡོངས་གྲགས་ཀྱིས་བཤད་བཞིན་པ་ནི་ཁོང་གི་གཟིམ་ཤག་ཏུ་བུད་མེད་མང་བོ་འགྲོ་བཞིན་འདུག་ཟེར་བ་དང་། ཨ་ལགས་འཇིགས་མེད་མགོ་བདེ་བོ་ཡོད་པ་རེད། ཨ་ལགས་འཇིགས་མེད་ཀྱིས་བུ་མོ་མང་བོ་བེད་སྤྱོད་བཏང་ནས་ཨ་རི་སོགས་ཕྱི་རྒྱལ་ལ་གཏོང་གིན་ཡོད་པ་རེད། ཨ་ལགས་འཇིགས་མེད་རིན་པོ་ཆེས་རྒྱུན་དུ་བཀའ་བློན་དང་དྲུང་ཆེ། སྤྱི་འཐུས་སོགས་བཙན་བྱོལ་གཞུང་གི་མཐོ་རིམ་དཔོན་རིགས་ཚོར་ཞལ་ལག་འདེགས་འབུལ་བྱེད་ཀྱིན་འདུག་ཟེར་བ་དང་། རེབ་གོང་བ་ཚོ་བསྡུས་ནས་མདོ་སྨད་ཆོལ་ཁའི་ནང་ཕྱོགས་རེས་བྱེད་ཀྱིན་འདུག མདོ་སྨད་ཆོལ་ཁའི་སྤྱི་འཐུས་རྣམས་ལ་སྟངས་འཛིན་བྱས་ཏེ་རང་གི་མངོན་འདོད་སྒྲུབ་ཐབས་བྱེད་ཀྱིན་འདུག་ཟེར་བ་སོགས་རེད།
གོང་དུ་འཁོད་པ་བཞིན་ཁོང་ལ་སྐྱོན་རྗོད་བྱེད་མཁན་ཡོད་ཚད་ཕྱོགས་སྡོམ་བྱས་ན་རིགས་གསུམ་དུ་འདུ་བ་འདྲ་སྟེ། རིགས་དང་བོ་ནི་ཁོང་ལ་ནང་ཚགས་ཀྱི་འབྲེལ་བ་ཡོད་མཁན་ཚོས་ནང་ལོགས་ཀྱི་དོན་དག་ཆུང་ཙག་རིགས་ཕྱིར་སྒྲོག་བྱེད་ཀྱིན་ཡོད་པ་དེས་ཨ་ལགས་ལ་རྒྱུན་དུ་མི་ཁ་ངན་པ་འཁོར་གྱིན་ཡོད་པ་དང་། རིགས་གཉིས་པ་ནི་རྒྱུ་མཚན་དང་གནས་ཚུལ་གསལ་བོ་ཡོད་མེད་ལ་མ་ལྟོས་པར་སྤྱི་ཚོགས་ཐོག་གི་མཐོང་ཐོས་སྣ་ཚོགས་ལ་བདེན་རྫུན་གྱི་ཁྲུན་ཐག་མི་གཅོད་པའམ་གཅོད་འདོད་མེད་པར་གཞན་ལ་བརྒྱུད་སྒྲོག་བྱེད་པ་དང་། ཕྱི་རོལ་ནས་མཐོང་བའི་དོན་དག་ཙག་ཙིག་ལ་འཇུས་ཏེ་ཚོད་དཔག་དང་འབྲེལ་བའི་སྐྱོན་རྗོད་བྱེད་རྒྱུར་དགའ་མཁན་དག་གིས་བླ་བཙག་ལྐོག་ལབ་བྱས་པའི་དབང་གིས་ཨ་ལགས་ལ་མི་ཁ་འཁོར་གྱིན་ཡོད་པ། རིགས་གསུམ་པ་ནི་བཙན་བྱོལ་བོད་མིའི་མི་ལོ་ལྔ་བཅུ་ལྷག་གི་ལོ་རྒྱུས་ཁྲོད་རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་གནང་བའི་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་ལ་བརྩི་བཀུར་མེད་མཁན་དང་། ལྷག་པར་སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་གི་གནང་ཕྱོགས་ལ་དངོས་སུ་འདོད་མོས་མེད་པའམ་ཡང་ན་དེ་ལ་ཁ་གཡར་ཏེ་ཡབ་གཞིས་སྤྱི་དང་དེའི་ནང་གི་གནད་ཡོད་མི་སྣ་བྱེ་བྲག་པ་གང་རུང་ལ་ནག་སྒྲུབ་བྱེད་ཁུལ་གྱིས་དོན་དངོས་སུ་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གི་གནང་ཕྱོགས་ལ་ཡི་རང་དེ་ཙམ་མི་བྱེད་མཁན་དེ་དག་གིས་ཆེད་བཟོས་བྱས་པའི་སྐྱོན་བརྗོད་ཁག་རེད། རིག་གསུམ་པ་འདིའི་ཕྱོགས་གཏོགས་པ་ཚོས་རྩོམ་སྒྲིག་བྱས་པའི་དཔེ་དེབ་ཕལ་ཆེར་གྱི་ནང་དུ་ཨ་ལགས་འཇིགས་མེད་རིན་པོ་ཆེ་ལའང་རྒྱུ་མཚན་ཡོད་མེད་ཅི་རིགས་ཀྱི་སྐྱོན་རྗོད་ཀྱི་མདུང་རྩེ་མང་བོ་གཏད་ཡོད།
ཨ་ལགས་རིན་པོ་ཆེ་ཡབ་གཞིས་དང་མཉམ་དུ་ཞོར་འདྲུད་ལྟ་བུ་ཆགས་དགོས་པའི་རྒྱུ་མཚན་ནི། ཁོང་གི་སྐུ་ཚེ་གང་བོར་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་ཕྱི་ནང་གསང་གསུམ་ནས་རོགས་འདེགས་མང་བོ་ཞུས་པའི་དབང་གིས། སྐུ་ངོ་རྒྱལ་ལོ་དོན་གྲུབ་ཀྱི་བྱས་རྗེས་ཁས་ལེན་བྱེད་འདོད་མེད་མཁན་ཚོ་རང་བཞིན་གྱིས་ཨ་ལགས་རིན་པོ་ཆེའི་ཁ་གཏད་ལྟ་བུ་ཆགས་པ་ཞིག་ཡིན་པ་འདྲ། མདོ་དོན་ང་ཚོས་གསལ་བོར་ངེས་དགོས་པ་དེ་ནི་ཨ་ལགས་རིན་པོ་ཆེས་མི་ཚེ་ཧྲིལ་བོར་བཙན་བྱོལ་བོད་གཞུང་དང་ཁ་མ་བྲལ་བར་ཕྱག་ལས་གནང་སྐབས་དང་། ཁོང་ཉིད་འཚོ་བཞུགས་གནང་སྐབས་ཁོང་གི་ནག་ཉེར་ཐེར་འདོན་གྱིས་ཁྲིམས་ཐོག་ལ་སྐྱེལ་ཐུབ་མཁན་སུ་ཡང་མ་བྱུང་བ་དེ་ཡིན་ལ། དེས་ནི་ཁོང་ལ་བཀལ་བའི་ནག་ཉེས་དང་སྐྱོན་རྗོད་དེ་དག་ལ་ཁུངས་སྐྱེལ་བདེན་དཔང་ཡོད་མེད་ར་སྤྲོད་བྱས་པ་ཞིག་ཀྱང་ཡིན།
གང་ལྟར་ང་ཚོའི་སྤྱི་ཚོགས་ཁྲོད་ཁོང་ཉིད་ལ་དེ་འདྲའི་ལྟ་ཚུལ་མཐོང་ཚུལ་མང་བོ་ཞིག་ཡོང་གིན་ཡོད་པ་ནི། གཅིག་ནས་ཁོང་ཉིད་ཀྱིས་མི་ཚེ་ཧྲིལ་བོར་ཆབ་སྲིད་ཀྱི་ཕྱག་ལས་གནང་བའི་དབང་གིས་བྱུང་བ་ཞིག་ཡིན་ལ། ཕྱོགས་གཞན་ཞིག་ནས་སྐྱོན་རྗོད་དེ་རིགས་ཀྱིས་ཁོང་ལ་འཇོན་ཐང་ཡོད་པ་དང་ནུས་པ་ཡོད་པ་སྟོན་གྱིན་ཡོད་པ་སྟེ། ཆེས་མ་མཐའི་ཚད་གཞི་ཞིག་གི་ཐོག་ནས་བལྟས་ན་ཨ་ལགས་རིན་པོ་ཆེ་ཁོང་ཉིད་མི་ཞིག་ཏུ་སྐྱེས་པས་སྐྱེས་གོ་ཆོད་སོང་བ་དེ་མཐོང་གིན་འདུག
རང་རེ་བོད་མིའི་སྤྱི་ཚོགས་ཀྱིས་མི་གཞི་ཡག་ཤོས་སུ་བརྩི་ས་རྣམས་ཀྱི་ནང་ན་འཇོན་ཐང་དང་ནུས་པ་ཡོད་མཁན་ཧ་ཅང་ཉུང་ཉུང་ཡིན། མི་ཞིག་གི་མི་གཞི་ངོ་མ་གང་ཡིན་ལ་མ་ལྟོས་པར་རང་གཞན་རོགས་གསུམ་ལ་ཕན་ཐོགས་སྒྲུབ་པའི་འཇོན་ནུས་གང་ཡང་མེད་པར། ཁུ་སིམ་སིམ་གྱི་ངང་མི་ཚེ་སྐྱེལ་མཁན་དེ་རིགས་ནི་བོད་མིའི་སྤྱི་ཚོགས་ཀྱིས་མི་ཡག་ཤོས་སུ་བརྩི་བཞིན་ཡོད་ཀྱང་། མགོ་ཁྲིད་ཅིག་དང་ལྷག་པར་ཆབ་སྲིད་ཀྱི་མགོ་ཁྲིད་ཅིག་གིས་སྤྱི་ཚོགས་དང་མི་དམངས་ཀྱི་ལས་དོན་སྣ་ཚོགས་སྒྲུབ་ནས་ཡོང་དུས། མི་ཡོད་ཚད་ཀྱི་མངོན་འདོད་སྒྲུབ་མི་ཐུབ་པ་དེ་ཆོས་ཉིད་ཡིན་པས། མི་གང་ཞིག་ལ་གནོད་སྐྱོན་ཕོག་པའམ་དེའི་འདོད་པ་མ་ཁེངས་པ་བྱུང་ཚེ་ལས་ཀ་བྱེད་མཁན་དེ་དགྲ་རུ་བལྟ་བ་ཡིན། དེས་ན་ཨ་ལགས་རིན་པོ་ཆེ་འདི་བའང་འཇོན་ཐང་དང་ནུས་པ་ཡོད་མཁན་གྱི་དཔོན་རིགས་ཤིག་ཡིན་པ་དེ་སྟོན་གྱིན་ཡོད།
དཔེར་ན་ཨ་མདོའི་མངའ་ཁོངས་ནས་ཡོང་བའི་མདའ་དཔོན་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ཀྱིས་ཀྱང་ལོ་ངོ་མང་བོའི་རིང་དྲུང་ཆེ་དང་བཀའ་བློན་སོགས་ལས་གནས་གལ་ཆེན་གྱི་ཐོག་ལ་ཕྱག་ལས་གནང་བ་ཡིན་ཞིང་། སྔར་གྱི་སྐུ་ངོ་བགྲེས་སོང་ཚོའི་ནང་དུ་མདའ་དཔོན་སྟག་ལྷ་ཕུན་བཀྲ་ལ་མི་དགའ་མཁན་ཤིན་ཏུ་དཀོན་པོ་ཡིན། ཁོང་ཚོ་ཁ་གཅིག་གྲགས་ལྟ་བུས་མདའ་དཔོན་ལགས་མི་ཡག་པ་ལ་བྱེད་ཉེན་མེད་མི་ཟེར་མཁན་དཀོན་པོ་ཡིན། ང་ཚོས་དེའི་རྒྱབ་ལྗོངས་ཀྱི་རྒྱུ་མཚན་བརྩད་གཅོད་བྱས་ན་ཤེས་རྟོགས་བྱེད་ཐུབ་པ་ནི། ཁོང་ཉིད་བཀའ་བློན་སོགས་ཆེས་མཐོའི་དཔོན་རིགས་ཀྱི་ལས་གནས་སུ་རྒྱུན་རིང་བཞུགས་སྐབས། ཁོང་གིས་རྣམ་དཔྱོད་དང་འཆར་གཞི་བཏོན་ཏེ་བཀའ་བློན་རྣམ་པ་དང་ལྷན་དུ་བགྲོ་གླེང་དང་རྩོད་པ་རྒྱག་ཐུབ་པ་ལྟ་ཅི། ནམ་རྒྱུན་བཀའ་བློན་སོགས་ཆེས་མཐོའི་དཔོན་རིགས་ཚོས་དོན་དག་གལ་ཆེན་གྱི་རིགས་ཐག་གཅོད་གནང་སྐབས། སྐུ་ངོ་སྟག་ལྷ་བཀྲ་ཤིས་པས་ཐབ་ཚང་དུ་ཇ་དང་ཐུག་པ་སྐོལ་བཞིན་ཡོད་པ་དང་། ཁོང་ཚོས་ཐག་གཅོད་གནང་ཟིན་པའི་དོན་དག་ཁག་སྐུ་ངོ་སྟག་ལྷ་དང་གྲོས་མོལ་ཞུ་ཁུལ་བྱས་ན། ཐག་གཅོད་གང་བྱས་ལ་མདའ་དཔོན་སྟག་ལྷ་ལགས་ཀྱིས། “དེ་ག་རང་ཡག་པོ་འདུག་”གསུང་རྐྱང་གནང་གིན་ཡོད་པར་གྲགས་པས། དོན་གྱིས་ཁོང་ཉིད་བཀའ་བློན་དུ་བཞུགས་པས་བཞུགས་གོ་མ་ཆོད་ལྟ་བུས་སྐུ་ངོ་སྟག་ལྷ་དང་མཉམ་དུ་གནད་དོན་ཐག་གཅོད་བྱེད་སྟབས་ཧ་ཅང་བདེ་བོ་ཡོད་པས་དཔོན་རིགས་གཞན་པ་ཚོས་ཁོང་ལ་དགའ་མོས་ཆེན་པོ་བྱེད་ཀྱིན་ཡོད་པ་དེ་ཡིན།
རྒྱུ་མཚན་འདི་འདྲའི་ཐོག་ནས་བལྟས་ན་ཨ་ལགས་འཇིགས་མེད་རིན་པོ་ཆེས་ནི། སྔར་ཚོགས་པ་བཅུ་གསུམ་ཞེས་པས་རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་ལ་དཀའ་ངལ་སྤྲད་སྐབས་དེ་ཚོ་ལ་ཁ་གཏད་ཤུགས་ཆེན་བཅལ་བ་དང་། ཐའི་ཝན་བོད་སོག་ལས་ཁུངས་དང་འབྲེལ་བའི་རྙོག་དྲ་སྣ་ཚོགས་བཟོས་པ་ལ་གདོང་ལེན་གནང་བར་མ་ཟད། ཕྱིས་དོལ་རྒྱལ་གྱི་རྙོག་དྲའི་ཐོག་ལའང་མདོ་སྨད་རྩོམ་སྒྲིག་ཚོགས་ཆུང་ལ་མགོ་བསྡུ་བྱས་ཏེ་ཞིབ་འཇུག་གི་དཔེ་དེབ་རིན་ཐང་ལྡན་པ་རྩོམ་སྒྲིག་དཔར་སྐྲུན་བྱས་པ་སོགས་སྔ་ཕྱི་བར་གསུམ་དུ་ལས་ཀ་ནུས་པ་ཐོན་པ་མང་བོ་གནང་བའི་དབང་གིས་ཕར་ཕྱོགས་ཀྱི་མི་མང་བོ་ཞིག་ལ་ཕོག་ཐུག་བཏང་ཡོད་པ་བཤད་མི་དགོས་པ་ཞིག་ཡིན། དེས་ན་ནམ་རྒྱུན་ནས་ང་ཚོའི་སྤྱི་ཚོགས་ཁྲོད་ཨ་ལགས་འཇིགས་མེད་རིན་པོ་ཆེ་ལ་སྐྱོན་རྗོད་མང་དག་ཅིག་ཕོག་གིན་ཡོད་པའི་འབྱུང་རྩ་གང་ལ་ཐུག་ཡོད་པའང་བསམ་ཤེས་བྱེད་ཐུབ་པ་ཞིག་ཅི་ལ་མིན།
ང་རང་གི་ངོས་ནས་ཨ་ལགས་རིན་པོ་ཆེའི་མི་གཤིས་ལ་སྨོན་པ་ཤོར་ས་ཞིག་ཡོད་པ་ནི། ཁོང་གི་བསམ་བློ་རྒྱ་ཆེ་བ་དེ་ཡིན། ཨ་ལགས་རིན་པོ་ཆེ་ལ་སྐད་ཆ་ཡག་བཙོག་གང་ཞིག་བཤད་ཀྱང་བཤད་ས་ཡོད་པར་མ་ཟད། བླ་མའི་བླ་ཚུགས་བཟུང་ནས་སྒྲོབས་ཉམས་མི་སྟོན་པ་དང་། དཔོན་པོའི་དཔོན་ཚུགས་བཟུང་སྟེ་ང་རྒྱལ་མི་བྱེད་པར་སྤྱིར་བཏང་གི་མི་དཀྱུས་མ་དཀྱུས་རྐྱང་ཞིག་གི་རྣམ་འགྱུར་དང་གཤིས་ཀ་བཅོས་མ་མ་ཡིན་རང་ཆས་སུ་ཡོད་པ་དེ་ཡིན།
རང་རེའི་བོད་མིའི་སྤྱི་ཚོགས་ཆུང་ཆུང་འདི་གཅིག་པུ་མིན་པར། འགྲོ་བ་མིའི་སྤྱི་ཚོགས་ཀྱི་ཁོར་ཡུག་རེ་རེ་ན་ཆོས་པ་དང་ཆོས་དཔོན། རྒྱལ་བློན་དང་དམག་དཔོན། བསམ་བློ་བ་དང་ལྟ་གྲུབ་སྨྲ་བ། རྩོམ་པ་བོ་དང་སློབ་དཔོན་ཆེན་མོ། ཚོང་བ་དང་ཕྱུག་བདག་སོགས་ང་ཡིན་ཁོ་ཡིན་ཟེར་མཁན་རྣམས་ཀྱིས་སྙིང་ལ་མདའ་ཟུག་པ་ལྟར་ཆེས་བཟོད་སྒོམ་བྱེད་མི་ནུས་པ་དེ་ནི་སྤྱི་ཚོགས་ཀྱི་ཁ་སྨོས་རང་ཐོག་ལ་བབ་ན་མི་བཟོད་པ་དེ་ཡིན། མཁས་མཆོག་དགེ་འདུག་ཆོས་འཕེལ་དང་རྩོམ་པ་བོ་དོན་གྲུབ་རྒྱལ་གཉིས་ཀྱིས་ཀྱང་མི་ཚེའི་ཕམ་ཉེས་ཐབས་རྡུགས་ཉོ་དགོས་དོན་ནི་སྤྱི་ཚོགས་ཀྱི་ཁ་སྨོས་མ་ཐེག་པ་དེ་ཡིན། འོན་ཀྱང་ཨ་ལགས་རིན་པོ་ཆེར་ནི་མི་འདྲ་མིན་གྱིས་སྐད་ཆ་བདེན་རྫུན་སྣ་ཚོགས་ག་འདྲ་བཤད་ཀྱང་། གདོང་ལ་འཛུམ་ཞིག་ལངས་ཤིང་མདུན་སོ་རིང་བོ་གཉིས་མངོན་བཞིན་དཀྲོགས་གཏམ་དཀྲུགས་ཤིང་གི་སྐད་ཆ་དེ་རིགས་སྣང་མེད་སྐྱུར་འཇོག་བྱེད་ཐུབ་པ་དེ་ཡིན།
ང་རང་ཨ་ལགས་འཇིགས་མེད་རིན་པོ་ཆེ་ལ་ཐོག་མར་ཐུག་དུས་ནི་སྤྱི་ལོ་༡༩༩༢ ལོའི་ལོ་མཇུག་སྟེ་གསར་དུ་རྒྱ་གར་ལ་འབྱོར་ནས་ཅང་མ་འགོར་བའི་སྐབས་རེད། དེ་ཡང་སྔོན་ཆད་ཁོང་ངོ་ཤེས་པ་དང་འབྲེལ་བ་ཡོད་པ་དེ་འདྲ་མིན། གསར་དུ་དྷ་རམ་ས་ལར་འབྱོར་ནས་ལག་དངུལ་ཅུང་ཟད་རེ་ཡོད་པ་རྫོགས། ལས་ཀ་ཡང་མ་རག ཉིན་ལྟར་མེག་ལོར་ནས་གངས་སྐྱིད་བར་འཁྱམས་ཉུལ་བྱས་ནས་སྡོད་སྐབས་འུ་ཐུག་ཐབས་ཟད་ཀྱིས་ཨ་ལགས་རིན་པོ་ཆེའི་རྩར་ལས་ཀ་རེ་འཚོལ་བའི་རྒྱབ་རོགས་བཅོལ་དུ་སོང་ནས་ངོ་ཤེས་པ་དེ་ཡིན།
དེ་སྐབས་ཨ་ལགས་ཀྱི་ཤག་ཏུ་ཟ་མཁན་འཐུང་མཁན་མང་བོ་འདུག མང་ཆེ་ཤོས་ནི་ཁོང་གི་ཕ་ཡུལ་གཅིག་པ་ཁག་ཅིག་རེད། ང་ཐེངས་ཤིག་ཨ་ལགས་ཀྱི་ཤག་ཏུ་སོང་སྐབས་རྡོ་རྗེ་ཚེ་བརྟན་དང་། པདྨ་འབུམ་གཉིས་འདུག པདྨ་འབུམ་གྱིས་རྒྱ་གར་གྱི་ཤིང་ལོའི་ནང་སྒྲིལ་བའི་ཐ་མག་བྷེར་ཟེར་བ་དེ་འདྲ་ཞིག་འཐེན་གྱིན་འདུག དེ་དུས་ང་རང་བོད་ནས་གསར་དུ་ཡོང་མ་ཐག་ཡིན་སྟབས། ཨ་ལགས་ཤིག་གི་གཟིམ་ཤག་ཏུ་ཐ་མག་འཐེན་ན་འགྲིག་གི་ཡོད་རྒྱུ་མ་རེད་དྲན་ནས་ཅུང་ཟད་ཡ་མཚན་སྐྱེས། ཕྱིས་རིམ་གྱིས་ཨ་ལགས་ཀྱི་ཤག་ཏུ་འགྲུལ་བ་ཚོས་ཐ་མག་འཐེན་རྐྱང་དང་ཨ་རག་འཐུང་རྐྱང་བྱེད་ཀྱིན་འདུག་ལ། ང་རང་ཡང་དེའི་ནང་གི་གཅིག་ཏུ་གྱུར་པ་རེད། གང་ལྟར་དེ་ནི་ཨ་ལགས་འཇིགས་མེད་རིན་པོ་ཆེ་ཧ་ཅང་གུ་ཡངས་ཡིན་པའི་མཚོན་རྟགས་ཤིག་རེད།
རྒྱ་གར་གྱི་བོད་མིའི་སྤྱི་ཚོགས་ཁྲོད་དུ་གནས་གཞིས་ཆགས་པའི་ཕ་ཡུལ་གཅིག་པ་སོགས་རྒད་པོ་ཚོར་ཐུག་དུས། འདི་བྱས་ན་མི་འགྲིག་པ་དང་དེ་བྱས་ནའང་མི་འགྲིག་མི་འཐུས་པའི་བསླབ་བྱ་རྒྱག་མཁན་ཧ་ཅང་མང་བོ་རེད། ཡིན་ནའང་གལ་ལ་ཐུག་ན་བསླབ་བྱ་རྒྱག་སའི་གསར་འབྱོར་བདག་མེད་ཚོར་བདག་པོ་རྒྱག་མཁན་དང་རོགས་སྐྱོར་བྱེད་མཁན་ཧ་ཅང་དཀོན་པོ་རེད། དེ་འདྲའི་དབང་གིས་ཨ་མདོ་གསར་འབྱོར་བ་མང་བོ་ཞིག་གིས་འཚོ་གནས་ཁུངས་མ་འཁྱོལ་བའི་སྐབས་སུ་ཁ་གཏོང་ཞོར་དང་བླ་བཙག་ཞོར་ལ་རེ་བ་རྒྱག་ས་གཅིག་རང་ཡོད་པ་ནི་ཨ་ལགས་འཇིགས་མེད་རིན་པོ་ཆེ་ཡིན། ཁོང་གིས་མི་མང་བོ་ལ་ཕན་ཐོགས་བསྒྲུབས་མྱོང་ཡོད།
སྤྱི་ལོ་༡༩༩༣ ལོའི་དཔྱིད་ཀར་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་དང་། ཕྱི་དྲིལ་ལས་ཁུང་གཉིས་མཉམ་འབྲེལ་གྱིས་རྒྱ་གཞུང་གིས་བཏོན་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་རྒྱབ་ཤ་དཀར་བོའི་དེབ་ཅེས་པར་ལན་འདེབས་ཀྱི་ཡིག་ཆ་ཞིག་རྩོམ་སྒྲིག་བྱེད་ཀྱིན་འདུག ཕྱིས་དངོས་ཡོད་ཀྱི་ལམ་ནས་བོད་ཀྱི་བདེན་པ་ར་སྤྲོད་ཅེས་པའི་དཔེ་དེབ་དེ་རེད། དེབ་དེའི་ཐ་མའི་ཞུས་དག་གི་སྐབས་སུ། སྐབས་དེའི་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་གི་འགན་འཛིན་ཨ་ལགས་འཇིགས་མེད་རིན་པོ་ཆེས་ང་ཚོ་གསར་འབྱོར་བ་བཅུ་གྲངས་ཤིག་ལ་ཉིན་རེར་ཧིན་སྒོར་༣༠ རེའི་ཉིན་གླ་སྤྲད་དེ་ཞུས་དག་རོགས་རམ་དང་། དཔེ་དེབ་རྩོིམ་སྒྲིག་གི་ཞན་ཆ་དང་མ་འདང་ས། དེ་ལ་ཁ་སྐོང་བྱེད་རྒྱུ་ཡོད་མེད་སོགས་བསམ་འཆར་འདོན་དུ་བཅུག ང་ཚོས་ཉིན་གྲངས་༡༧ ཙམ་ལ་ལས་ཀ་དེ་བསྒྲུབས་པ་བརྒྱུད་ནས་ཨ་ལགས་རིན་པོ་ཆེ་ངོ་ཤེས་པའི་ཐོག་ལ་འགྲོགས་འདྲིས་ཀྱང་ཇེ་ཆེར་སོང་།
དེ་འདྲའི་ངང་ལོ་ངོ་གཅིག་ལྷག་ལ་ལས་ཀ་གང་ཡང་མ་རག་ནས་བྱ་ཐབས་ཟད་པའི་དབང་གིས་ཨ་ལགས་འཇིགས་མེད་ཀྱི་རྩར་ཡང་ཡང་སོང་སྟེ་ལས་ཀ་ཞིག་ཐབས་འཚོལ་གནང་བའི་རེ་བ་ཞུས་པ་ཡིན། སྤྱི་ལོ་༡༩༩༣ ལོའི་ཟླ་༥ ནང་གི་ཉིན་ཞིག་ང་ལགས་འཇིགས་མེད་ཀྱིས་ང་རང་འཚོལ་གྱིན་འདུག་ཟེར་བས་བཅར་བ་ཡིན། ཨ་ལགས་དང་སྐུ་སྒེར་དྲུང་ཆེ་སྐུ་ངོ་རྟ་ར་བ་བཀའ་མོལ་བྱུང་བའི་ཞར་ལ་བོད་གཞུང་སྨན་རྩིས་ཁང་ལ་རིག་གནས་ཀྱི་དགེ་རྒན་ཞིག་དགོས་ཀྱིན་ཡོད་པ་ཤེས་རྟོགས་བྱུང་ནས་ང་ལ་སྐད་བཏང་བ་ཡིན་འདུག ཨ་ལགས་རིན་པོ་ཆེས་སྨན་རྩིས་ཁང་ལ་སོང་ནས་སྙན་ཞུ་འབུལ་ཐབས་ཀྱིས་གསུང་གིན་འདུག རེ་བ་ཆེན་པོ་མེད་བཞིན་དུ་སྨན་རྩིས་ཁང་གི་དབུ་འཛིན་ཡིག་ཚང་དུ་བཅར་སྐབས། སྐབས་དེའི་དབུ་འཛིན་སྐུ་ངོ་ཞེ་བོ་བློ་བཟང་དར་རྒྱས་ལགས་བཞུགས་འདུག་པ་དང་མཇལ་ནས་སྙན་ཞུ་ཕུལ། སྐབས་དེའི་སྨན་རྩིས་མཐོ་སློབ་ཁང་གི་སློབ་སྤྱི་བླ་སྨན་པ་བློ་བཟང་དབང་རྒྱལ་ལགས་ཀྱང་དེ་གར་བཞུགས་འདུག་པས་རྣམ་པ་གཉིས་ཀྱིས་འཕྲལ་དུ་དགེ་རྒན་གྱི་ལས་ཀ་སྤྲོད་རྒྱུ་ཐག་གཅོད་གནང་བྱུང་། ཟླ་དྲུག་པའི་ཚེས་གཅིག་ནས་ལས་གནས་སུ་འཇུག་དགོས་པའི་བཀའ་བཀོད་ཀྱང་གནང་སོང་། ལས་གནས་དེར་དངོས་སུ་མ་ཞུགས་གོང་ལག་དངུལ་ཆད་ནས་ཉེར་མཁོའི་ཡོ་བྱད་རིགས་ཉོ་ཐབས་མ་བྱུང་བས་ཨ་ལགས་རིན་པོ་ཆེས་ཧིན་སྒོར་ཆིག་སྟོང་གནང་བས་ཕན་ཐོགས་ཆེན་པོ་བྱུང་།
སྐབས་དེ་དུས་དྷ་རམ་ས་ལའི་བོད་ཀྱི་ལས་བྱེད་ཉུང་ཤས་ལ་མ་གཏོགས་ཚོན་ཁྲ་ལྡན་པའི་བརྙན་འཕྲིན་འཕྲུལ་ཆས་ཡོད་ཚོད་མི་འདུག་ལ། གསར་འབྱོར་ངོ་ཤེས་ཚོ་ལ་དེ་བས་ཀྱང་བརྙན་འཕྲིན་ཡོད་མཁན་ཞིག་ཧ་ལམ་མེད་པ་འདྲ། ཆ་རྐྱེན་དེ་འདྲའི་དབང་གིས་གལ་སྲིད་རང་ཁྱིམ་ནས་གློག་བརྙན་ལ་བལྟ་དགོས་ནས་དྷ་ཞོལ་ནས་བརྙན་འཕྲིན་སྟོན་བྱེད་ཀྱི་ཡོ་ཆས་ཆ་ཚང་གླས་ནས་གླ་བ་ལ་འཁུར་དུ་འཇུག་དགོས། རྙིང་ཟད་དུ་གྱུར་པའི་བརྙན་འཕྲིན་སྟོན་ཆས་དེ་དག་གླས་ཀྱང་གསལ་བོར་འཆར་ཀྱང་མི་ཐུབ་པས་འདོད་པ་ཁེངས་པ་ཞིག་བལྟ་མི་ཐུབ། གང་ལྟར་ཨ་ལགས་ཀྱི་བཞུགས་ཤག་ཏུ་ཉི་ཧོང་ནས་འཁྱེར་ཡོང་བའི་བརྙན་འཕྲིན་ཚོན་ཁྲ་ཅན་སྤུས་ལེགས་ཤིག་ཡོད་པས། ཨ་ལགས་ཀྱི་ཞབས་ཞུ་བ་བློ་གྲོས་སྦྱིན་པ་དང་ལྷན་དུ་བརྙན་འཕྲིན་ལ་ལྟ་ཐུབ་ཅིང་། ཨ་ལགས་དྷ་རམ་ས་ལར་བཞུགས་མེད་པའི་སྐབས་སུ་ཨ་ལགས་ཀྱི་འབོལ་སྟེགས་བདེ་བོར་བསྡད་ཅིང་བརྙན་འཕྲིན་ལ་ལྟ་བཞིན་ཡོད། ད་དུང་ཨ་ལགས་རིན་པོ་ཆེ་ལ་གློག་བརྙན་སྟོན་ཆས་(video cassettes player) ཡག་པོ་ཞིག་ཡོད་པ་དེ་གཡར་ནས་གློག་བརྙན་མང་བོར་བལྟས་མྱོང་ཡོད།
བར་སྐབས་དེར་ང་རང་མདོ་སྨད་སྤྱི་འཐུས་སུ་འོས་འདེམས་བྱུང་བ་བཞིན་སྤྱི་ལོ་༡༩༩༦ ལོའི་ཟླ་༦ ཚེས་ཤར་ལ་བོད་མི་དམངས་སྤྱི་འཐུས་གྲོས་ཚོགས་ཀྱི་ལས་གནས་སུ་ཞུགས། གྲོས་ཚོགས་འཚོགས་བཞིན་པའི་སྐབས་དེར་གློ་བུར་དུ་ཨ་ལགས་རིན་པོ་ཆེ་ལ་སྙིང་གི་ན་ཚ་ཕོག་སྟེ་དྷ་ཞོལ་གྱི་རྒྱ་གར་སྨན་ཁང་དུ་བཞུགས་དགོས་བྱུང་། ཁོང་ལ་ཁམས་འདྲིའི་ཆེད་སྨན་ཁང་དུ་བཅར་བ་ཡིན། དྲག་བསྐྱེད་ཡག་པོ་བྱུང་ནས་ཟླ་ངོ་གཉིས་གསུམ་གྱི་རྗེས་སུ་ཁོང་ཨ་རིར་ཕེབས་ཤིང་། ཁ་ལི་ཧྥོར་ཉི་ཡར་(California)བཞུགས་སྐབས་སྙིང་གི་ན་ཚ་བསྐྱར་འཕར་བྱུང་བས་ཀུན་བཟང་རྒྱལ་གྱིས་ཁ་ལི་ཧྥོར་ནི་ཡའི་སྙིང་གི་སྨན་ཁང་ཡག་པོ་ཞིག་ཏུ་ཁྲིད་དེ་བརྟག་དཔྱད་དང་སྙིང་ལ་ཁེ་ཉེན་ཆེ་བའི་གཤགས་བཅོས་བྱས་པ་ལམ་ལྷོངས་བྱུང་སྟེ་ལོ་ངོ་ཉི་ཤུ་མ་ཟིན་ཙམ་ལ་འཚོ་བཞུགས་གནང་ཐུབ་པ་བྱུང་། ངས་ཁོང་ལ་རྟེན་མེ་ཐར་མ་ཞུ་དགོས་པའི་རྒྱུ་མཚན་ཡང་འདི་འདྲ་ལ་ཐུག་ཡོད།
སྤྱི་ལོ་༡༩༩༩ ལོའི་ཟླ་༡༢ པའི་ཉིན་ཞིག་ཨ་མདོ་སྐལ་ལྡན་དང་ངེད་གཉིས་ཀྱིས་ཆང་འཐུངས། བསམ་ཚུལ་གང་བྱུང་བཤད་རེས་བྱས། ངས་མཁས་དབང་དགེ་འདུན་ཆོས་འཕེལ་ལ་རྗེས་དྲན་གྱི་ཚོགས་ཆེན་ཞིག་བསྡུ་དགོས་པའི་བསམ་ཚུལ་བཤད། སྐལ་ལྡན་གྱིས་དེ་ལ་སྔ་འཕྱི་མི་འདུག ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་དགོངས་པ་རྫོགས་ནས་ལོ་བཅུ་འཁོར་གྲབས་ཡོད། ང་ཚོས་ཁོང་ལ་རྗེས་དྲན་ཞུ་རྒྱུ་སྐབས་སུ་བབ་པ་རེད་ཅེས་བཤད་བྱུང་། ངེད་གཉིས་ཀྱི་ཆང་འཐུང་ཞོར་གྱི་སྐད་ཆ་དེ་མགྱོགས་པོར་ཨ་ལགས་འཇིགས་མེད་ཀྱི་རྣ་ལམ་དུ་སོིང་། དེ་ནས་ཨ་ལགས་དང་། སྤྱི་འཐུས་སྐལ་ལྡན་བཅས་ངེད་ཚོ་གསུམ་འཛོམས་ནས་གྲོས་མོལ་བྱས། གྲོས་མོལ་བྱས་ཀྱིན་ལས་གཞི་ཇེ་ཆེར་སོང་། དེ་ནས་མདོ་སྨད་རྒྱུན་ལས་དང་དྷ་ས་གཡས་གཡོན་གྱི་མདོ་སྨད་སྤྱི་འཐུས་ལས་ཟུར་ཚོ་དང་། ཤེས་ཡོན་པ་ཁག་ཅིག་བཅས་མི་བཅུ་གྲངས་ཤིག་བཀའ་བློན་ཨ་ལགས་ཙ་ཡུས་རིན་པོ་ཆེའི་ལས་ཤག་ཏུ་འཚོགས། གྲོས་མོལ་སྣ་ཚོགས་བྱས་མཐར་ཚོགས་ཆེན་བཀོད་སྒྲིག་སྡེ་ཚན་གཅིག་དང་། པཎ་ཆེན་རིན་པོ་ཆེའི་མཛད་རྣམ་རྩོམ་སྒྲིག་གི་སྡེ་ཚན་གཅིག དེ་དག་གི་འགྲོ་གྲོན་མ་དངུལ་འཚོལ་བསྡུ་བྱེད་མཁན་གྱི་སྡེ་ཚན་གཅིག་བཅས་གཏན་ཁེལ་བྱས་ཏེ། ཨ་ལགས་རིན་པོ་ཆེས་གོང་ས་རྒྱལ་དབང་མཆོག་ཚོགས་མགོན་དུ་གདན་འདྲེན་ཞུ་རྒྱུ་དང་། མ་དངུལ་འཚོལ་སྡུད་ཀྱི་འགན་འཁུར་རྒྱུ་དང་། སྐལ་ལྡན་ལགས་ཀྱིས་མི་སྣ་གདན་ཞུ་དང་བརྡ་སྦྱོར་སོགས་ཚོགས་འདུ་བཀོད་སྒྲིག་གནང་རྒྱུ། ང་རང་གིས་གཙོ་འགན་འཁུར་ཏེ་མཛད་རྣམ་སོགས་རྩོམ་སྒྲིག་གི་རྐང་འགན་འཁུར་རྒྱུ་ཐག་གཅོད་བྱས། དེ་མཚུངས་ཀྱི་རྒྱུན་ལས་པ་དང་རྩོམ་སྒྲིག་པ་ཁག་ཅིག་ཀྱང་བསྡུ་རུབ་བྱས་པ་ཡིན།
འོན་ཀྱང་ལས་གཞི་མགོ་བཙུགས་ནས་ཅང་མ་འགོར་བའི་སྐབས་སུ་མདོ་སྨད་ཀྱི་ཁོངས་ནས་མི་གྲངས་བཞི་ལྔ་ཞིག་(སྐབས་བབ་ཀྱི་བརྗོད་བྱ་མིན་པས་མི་དེ་དག་མིང་འདོན་བྱས་མེད)ངོ་རྒོལ་གྱི་ཡི་གེ་བྲིས་ཏེ་སྐུ་སྒེར་ཡིག་ཚང་དང་། བོད་གཞུང་བཀའ་ཤག བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་བཅས་ལ་བཀྲམས། ཁོང་ཚོས་ཁ་གཡར་ས་ནི་མདོ་སྨད་ཀྱིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེར་རྗེས་དྲན་བཀོད་སྒྲིག་ཞུས་ན་ཆོལ་གསུམ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ལ་གནོད་གཞིར་འགྱུར་བ་སོགས་སྤྱི་སེམས་ཆེ་བའི་ཟོལ་འདྲ་ཞིག་བསྟན་འདུག་ཀྱང་། དོན་དངོས་ཀྱི་རྒྱུ་མཚན་གཞན་ཞིག་ཡིན་པ་རྒྱུས་ཡོད་ཚང་མས་ཤེས་རྟོགས་བྱུང་ཡོད། གང་ལྟར་དེ་འདྲའི་དབང་གིས་ལས་གཞི་དེར་བཀྲ་མ་ཤིས་པ་འབྱུང་གྲབས་བྱས་སོང་། དེའི་དོན་ལ་ཚོགས་འདུ་ཡང་ཡང་བསྡུ་དགོས་བྱུང་། ཡོངས་གླིང་སློབ་གྲྭའི་ནང་ཚོགས་འདུ་བསྡུས་སྐབས་ཁོང་ཚོ་ཁག་ཅིག་གིས་ཨ་ལགས་འཇིགས་མེད་རིན་པོ་ཆེའི་ཞལ་རས་ལ་མཛུབ་མོ་བཙུགས་ཏེ་མི་འོས་པའི་ཚིག་ངན་མང་བོ་བཤད་སོང་།
དེ་འདྲའི་རྐྱེན་གྱིས་དགོང་མོ་ཞིག་ལ་རྩོམ་སྒྲིག་ཚོགས་ཆུང་ཨ་ལགས་རིན་པོ་ཆེའི་བཞུགས་ཤག་ཏུ་ཛ་དྲག་གི་ཚོགས་འདུ་འཚོགས། བཀྲ་ཤིས་དོན་གྲུབ་ཁོང་ཁྲོ་ཤུགས་ཆེན་ལངས་ཏེ་ཨ་ལགས་ལ་སྡིགས་སྨོད་བྱས། སྔར་ཨ་ལགས་ཀྱིས་ཐའི་ཝན་ནས་ཡིན་པའི་རྒྱ་མིའི་བླ་རྫུན་འབྱོར་ལྡན་ཞིག་ལ་ཕྱག་འཚལ་བའི་སྐོར་ལ་ཐེར་འདོན་བྱས། ང་ཚོ་རྩོམ་སྒྲིག་ཚོགས་མི་གཞན་པ་རྣམས་མི་བདེ་བའི་ཚོར་བ་དང་བཅས་ཁུ་སིམ་མེར་བསྡད། ང་ཚོས་ཨ་ལགས་སྐུ་རླུང་བཞེངས་རྒྱུར་ཞེད་སྣང་སྐྱེས། འོན་ཀྱང་ཨ་ལགས་རིན་པོ་ཆེ་དེ་ལས་ལྡོག་སྟེ་གདོང་ལ་འཛུམ་ཞིག་ལངས་ཏེ་རེབ་གོང་གི་བྱམས་པ་བཞེངས་རྒྱུར་རོགས་རམ་ཁས་ལེན་ཞུས་པའི་དབང་གིས་ཕྱག་ཅིག་འཚལ་བཞག་པ་ངོ་མ་ཡིན་ཐལ་གསུངས་པས་ང་ཚོ་ཚང་མ་གད་མོ་དབང་མེད་དུ་ཤོར། བཀྲ་ཤིས་དོན་གྲུབ་ཀྱི་རླུང་ཡང་དྭངས་སོང་།
གང་ལྟར་ཁོང་ཚོའི་ཡིག་ཆུང་དེས་ང་ཚོའི་ལས་གཞི་ལ་བཀག་འགོག་གང་ཡང་བྱེད་མི་ཐུབ་ཀྱང་། ང་ཚོའི་བསམ་པར་མ་གཞི་ནས་ཞུ་གཏུགས་བྱེད་མཁན་ཁོང་ཚོ་དང་ང་ཚོའི་བར་དབང་ཆ་དང་དངུལ་དངོས་ཀྱི་འཐབ་རྩོད་སོགས་འགལ་ཟླ་དང་ནད་རོ་གང་ཡང་མེད་པས། བཀྲ་ཤིས་ལོ་ལེགས་ཀྱི་སྒོ་ནས་རྗེས་དྲན་ཞུ་ཐུབ་རྒྱུ་ཡོད་ཚད་ཀྱི་རྩ་བར་མཐོང་གིན་ཡོད་སྟབས། ཆོལ་ཁ་གསུམ་གྱི་དབུས་རྒྱུན་རྣམ་པ་དང་གྲོས་མོལ་བརྒྱུད་དེ་ལས་གཞི་སྔར་ལྟར་དང་། ལས་ཀ་བྱེད་མཁན་ཀྱང་སྔར་ལྟར་ཡིན་ནའང་ཆོལ་ཁ་གསུམ་གྱི་རྒྱུན་ལས་ཀྱི་ཚོགས་གཙོ་དང་དྲུང་ཆེ་རྣམས་ལ་མགོ་མ་གཡུགས་པའི་ལྷ་ཆེན་པོ་བབ་པ་སྟེ། ཕྱིས་སུ་ཁོང་ཚོའི་རང་བཤད་ལོ་རྒྱུས་བྲིས་པའི་ནང་དུ་སྐབས་དེའི་རྗེས་དྲན་ཚོགས་ཆེན་བཀོད་སྒྲིག་བྱས་པ་དེ་ཁོང་ཚོའི་མི་ཚེའི་ནང་བསྒྲུབས་པའི་ལས་གཞི་གལ་ཆེན་ལ་བརྩིས་ཏེ་བྱས་རྗེས་ངོམ་སྒྲོག་བྱས་ཡོད་པ་ལྟ་བུ་ཡིན།
དེ་ནས་སྔར་གྱི་འཆར་གཞི་ལྟར་ཨ་ལགས་རིན་པོ་ཆེ་ཨ་རིར་ཕེབས་ཏེ་མ་དངུལ་ཧིན་སྒོར་འབུམ་བཅུ་ལྷག་དང་། རྒྱ་རི་བུ་ཕྲུག་ལགས་ཀྱིས་ཉི་ཧོང་ནས་ཐབས་འཚོལ་བྱས་པ་ཧིན་སྒོར་འབུམ་དྲུག་བདུན་ཞིག་བྱུང་བ་བཅས་བསྡོམས་པས་ཧིན་སྒོར་འབུམ་བཅུ་བདུན་ལྷག་བསྡུ་ཐུབ་པ་བྱུང་། ང་ཚོ་ཁག་ཅིག་མཉམ་རུབ་ཀྱིས་པཎ་ཆེན་རིན་པོ་ཆེའི་མཛད་རྣམ་རྩོམ་སྒྲིག་གི་ལས་ཀ་ཟླ་ངོ་གཅིག་མ་ཟིན་ཙམ་ལ་ཆ་ཚང་གྲུབ་སྟེ། གོང་ས་རྒྱལ་དབང་མཆོག་ལ་བརྟན་བཞུགས་དང་པཎ་ཆེན་པོ་ཆེ་མཆོག་དགོངས་པ་རྫོགས་ནས་ལོ་ངོ་བཅུ་འཁོར་བའི་རྗེས་དྲན་གཟབ་རྒྱས་ཞུ་རྒྱུའི་སྐལ་བ་བཟང་བོ་བྱུང་།
མཛད་སྒོ་དེའི་སྟེང་དུ་གོང་ས་རྒྱལ་དབང་མཆོག་གིས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་སྐུ་ཚེ་ཧྲིལ་བོའི་མཛད་རྗེས་དང་། ཁོང་གིས་ཞུམ་པ་མེད་པའི་དཔའ་ངར་དང་སྙིང་སྟོབས་ཀྱི་སྒོ་ནས་བོད་མི་ས་ཡ་དྲུག་གི་ཆེད་དུ་བློས་གཏོང་ཅི་གནང་ལ་ཚད་མཐོའི་གདེང་འཇོག་གནང་བའི་གསུང་བཤད་ལོ་རྒྱུས་ཀྱི་རིན་ཐང་ལྡན་པ་དེ་རྨང་གཞིར་བཟུང་སྟེ། ཕྱིས་སུ་དེབ་ཆུང་ཞིག་དཔར་བསྐྲུན་བྱེད་པའི་གོ་སྐབས་བཟང་བོ་ཡང་བྱུང་།
ལས་གཞི་དེའི་དངུལ་ལྷག་གང་འཚམ་བྱུང་བ་མ་རྩ་བྱས་ཏེ་སྤྱི་ལོ་༢༠༠༠ ལོའི་ཟླ་༧ ཚེས་མགོར་གོང་ས་རྒྱལ་དབང་མཆོག་གསེར་ཁྲིར་མངའ་གསོལ་ཞུས་ཏེ་ལོ་ངོ་དྲུག་ཅུ་དང་། རྒྱལ་སྲིད་ཆོས་སྲིད་ཀྱི་ཐུགས་འགན་བཞེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་རྗེས་དྲན་གྱི་ཆེད་དུ། མདོ་སྨད་རྩོམ་སྒྲིག་ཚོགས་ཆུང་གིས་གོང་ས་རྒྱལ་དབང་མཆོག་གི་ཆབ་སྲིད་དང་འབྲེལ་བའི་མཛད་རྣམ་མདོར་བསྡུས་ཀྱག་ཀྱོག་ཆེ་བའི་བཞུད་ལམ་དང་། འོད་སྟོང་ལྡན་པའི་མི་ཚེ་ཞེས་པའི་དེབ་ཆུང་ཞིག་རྩོམ་སྒྲིག་དང་འབྲེལ་དགའ་སྟོན་གཟབ་རྒྱས་ཞུས།
ཨ་ལགས་འཇིགས་མེད་རིན་པོ་ཆེ་དང་ང་ཚོ་ཁག་ཅིག་གྲོས་མོལ་བརྒྱུད་གསོིག་སྒར་སློབ་གྲྭ་དང་སྦིར་སློབ་གྲྭ་སོགས་སུ་ཡོད་པའི་གསར་འབྱོར་བ་ཕལ་ཆེར་ལ་འཚོ་བའི་ཆ་རྐྱེན་ཞན་པ་དང་། ཨ་མདོའི་ཡུལ་གྱི་རྒྱས་ཟ་རྒྱས་འཐུང་གི་ལོ་སར་གཅིག་ཀྱང་རག་ཐབས་དཀའ་བས་ན། རང་ཁོངས་ཀྱི་གསར་འབྱོར་བ་ཚོ་གཙོ་བྱས་པའི་མི་གྲངས་ཆིག་སྟོང་ལྔ་བརྒྱ་ལྷག་ལ་ཉིན་གྲངས་གཉིས་ཀྱི་རིང་ལུག་ཤ་རྡོག་བཙོས་བྱས་པ་སོགས་ཟ་འཐུང་འབེལ་བོ་སྟབས། གླུ་ལེན་གར་རྩེད་བྱེད་དུ་བཅུག་པ་སོགས་ང་ཚོས་རང་ནུས་ལ་དཔགས་པའི་མི་དམངས་ལ་ཞབས་འདེགས་སྒྲུབ་པའི་ལེའུ་དྲན་གསོ་བྱེད་རིན་ཡོད་པ་ཞིག་ཡིན།
སྤྱི་ལོ་༢༠༠༢ ལོར་མདོ་སྨད་པ་ཡོན་ཏན་རྒྱ་མཚོས་དོལ་རྒྱལ་གྱི་གནད་དོན་དང་འབྲེལ་ཏེ། གོང་ས་རྒྱལ་དབང་མཆོག་ལ་སྐྱོན་རྗོད་གནམ་སར་མི་ཤོང་བ་བྱས་པའི་དེབ་ཆེན་ཞིག་ལྡི་ལིར་ཡོད་པའི་ལྷ་མི་སྲུང་སྐྱོབ་ཚོགས་པ་ཟེར་བས་འགྲེམས་སྤེལ་བྱས། མདོ་སྨད་དབུས་རྒྱུན་གྱིས་ཚོགས་ཆུང་ཞིག་བཙུགས་ཏེ། ས་གནས་ཁག་ལ་ཚོགས་འདུ་བསྡུ་སྐོང་དང་གསལ་བཤད། ཞོར་དུ་ཉམས་ཞིབ་ལས་གཞི་དེའི་མ་དངུལ་བསྡུ་ཕྱིར་མདོ་སྨད་ཆོལ་ཁོངས་ཀྱི་མི་འགྲོ་མང་ཙམ་ཁག་བགོས་བྱས་ཏེ་རྒྱ་བལ་འབྲུག་གསུམ་གྱི་ས་གནས་ཁག་ཏུ་ཆེད་གཏོང་བྱས། ནམ་རྒྱུན་ནས་སྤྱི་ཚོགས་ཐོག་གི་མི་སྣ་སྣ་ཚོགས་ལ་འབྲེལ་ལམ་ཡོད་པ་དང་ས་གནས་ཀྱི་གལ་ཆེན་རང་བཞིན་ལ་དམིགས་ཏེ། སྤྱི་ལོ་༢༠༠༢ ལོའི་ཟླ་༡༠ ནང་ཨ་ལགས་འཇིགས་མེད་རིན་པོ་ཆེ་དང་ངེད་གཉིས་བལ་ཡུལ་དུ་འགྲོ་དགོས་པའི་བཀོད་ཁྱབ་བྱུང་བ་ལྟར་མཁའ་ལམ་བརྒྱུད་བལ་ཡུལ་དུ་བསྐྱོད། ངེད་གཉིས་བལ་ཡུལ་དུ་འབྱོར་སྐབས་ནང་སྲིད་བཀའ་བློན་བློ་བཟང་ཉི་མ་ལགས་བལ་ཡུལ་དུ་བཞུགས་ཡོད་ཚོད་ལ། བལ་ཡུལ་ན་དོལ་རྒྱལ་ཚོགས་པའི་ལྟེ་གནས་ཡོད་པ་དང་དོལ་ཚོགས་ཀྱི་ཤུགས་ཆེ་བས། ཨ་ལགས་འཇིགས་མེད་དང་ངེད་གཉིས་ཀྱི་ཚེ་སྲོག་ལ་ཉེན་ཁ་ཆེ་གཤིས། ཞལ་འདེབས་བསྡུ་བའི་ལས་ཀ་མགོ་འཛུགས་མི་བྱེད་པར་གང་མགྱོགས་ངང་ཕྱིར་རྒྱ་གར་དུ་ལོག་ན་བཟང་ཚུལ་གྱི་ཛ་དྲག་བརྡ་ལན་ཐེངས་གཉིས་ཙམ་འབྱོར་བྱུང་ཡང་། ཨ་ལགས་དང་ངེད་གཉིས་ཀྱིས་སེམས་ཐག་གཙང་བཅད་ཀྱིས་བལ་ཡུལ་དུ་ཉིན་གྲངས་༤༢ རིང་བསྡད་ཅིང་། ཆོལ་ཁ་གསུམ་གྱི་ཁོངས་མི་རྒྱུ་འབྱོར་ཆེ་ཤོས་ཁག་ཅིག་རྩ་འཛུགས་ཀྱིས་མི་ཚང་རྒྱུ་འབྱོར་ལྡན་པ་མང་བོའི་ནང་མཉམ་སྐྱོད་བྱས་ཏེ་བལ་སྒོར་ལྔ་འབུམ་ལྷག་འབྱོར། དེའི་སྟེང་ལ་བལ་ཡུལ་མདོ་སྨད་ས་གནས་རྒྱུན་ལས་ཀྱིས་བལ་སྒོར་འབུམ་གཉིས་ཞལ་འདེབས་འབུལ་རྒྱུ་ཁས་ལེན་བྱས་པ་བཅས་བསྡོམས་པས་བལ་སྒོར་བདུན་འབུམ་ཙམ་འབྱོར་ཐུབ་པ་བྱུང་།
དེ་བས་ཀྱང་གལ་ཆེ་བ་ཞིག་ནི། ཞལ་འདེབས་ཀྱི་ལས་རིམ་དེ་དང་འབྲེལ་ནས་བལ་ཡུལ་རྒྱལ་ཁོངས་ན་ཡོད་པའི་མདོ་སྨད་ཀྱི་ཁོངས་མི་གནས་སའི་ས་གནས་མ་ཆད་པ་ཡོང་ཕྱིར་ས་གནས་མང་བོ་ལ་ཆེད་སྐྱོད་ཀྱིས་ཚོགས་འདུ་བསྡུ་བསྐོང་བྱས། པོཀ་ར་ལ་ས་ཐག་རིང་ཞིང་འགྲོ་ལམ་རྩུབ་པས་ཨ་ལགས་འགྲོ་སྐྱོད་བྱེད་རྒྱུ་ཧ་ཅང་དཀའ་སྟབས། ངས་གྲོགས་པོ་དར་རྒྱས་ཁྲིད་དེ་པོཀ་ར་ལ་སོང། ཨ་མདོ་གཞིས་ཆགས་སུ་འབོད་པ་དང་། དཔལ་འབྱོར་གླིང་གཞིས་ཆགས། བཀྲ་ཤིས་གླིང་གཞིས་ཆགས་སོགས་གཞིས་ཆགས་ཆེ་ཁག་ལྔ་དང་། གློ་ཚེ་རོག་དམག་སྒར་གྱི་ལྟེ་གནས་ཨ་ན་པུར་ན་སོགས་སུ་སོང་སྟེ་ཚོགས་འདུ་བསྡུས། གཞིས་ཆགས་དེ་དག་གི་ནང་དུ་ཨ་མདོའི་མི་གཅིག་གམ་ཡང་ན་གཉིས་གསུམ་ལས་མང་བ་མེད་པ་དེ་ནི་གད་མོ་བྲོ་བ་ཞིག་འདུག གང་ལྟར་མིའི་མང་ཉུང་ལ་མ་ལྟོས་པར་དེ་དག་ལ་ལྷ་སྲུང་བསྟེན་ཕྱོགས་དང་འབྲེལ་བའི་གོང་ས་རྒྱལ་དབང་མཆོག་གི་དགོངས་གཞི་དང་མདོ་སྨད་ཆོལ་ཁའི་ལང་ཕྱོགས་སོགས་ངོ་སྤྲོད་དཔྱིས་ཕྱིན་བྱས་པ་ཡིན།
བལ་ཡུལ་རྒྱལ་སའི་མངའ་ཁུལ་ན་ཡོད་པའི་མདོ་སྨད་པ་རྣམས་ལ་ས་ཁུལ་ཁག་བགོས་ཀྱིས་ཚོགས་འདུ་ཐེངས་མང་བསྡུས། མི་དམངས་ཀྱིས་དགའ་མོས་ཧ་ཅང་ཆེན་པོ་བྱས། ལ་ལ་ཞིག་བལ་ཡུལ་རྒྱལ་སའི་ཤར་ལྷོ་ནུབ་བྱང་གང་དུ་འཚོགས་ཀྱང་མ་ཆག་པར་ཡོང་སྟེ་ཆ་ཤས་བླངས། སྔོན་ཆད་འདི་འདྲ་བྱུང་མྱོང་མེད་ཅེས་དགའ་མོས་ཆེན་པོ་ཀྱིན་འདུག ཨ་ལགས་ཀྱིས་བཀའ་མངག་གནང་བ་ལྟར་ང་རང་བལ་ཡུལ་སྣེ་ལེན་ཁང་གི་ཉེ་འགྲམ་ན་ཡོད་པའི་བོན་དགོན་དུ་ཆེད་བཅར་གྱིས་ཨ་མདོ་རྔ་བ་དང་ཟུང་ཆུའི་ཕྱོགས་ནས་ཡོང་བ་གཙོ་བོར་བྱས་པའི་མདོ་སྨད་པ་བོན་གྲྭ་ཉེར་བཞི་ཙམ་ཡོད་པ་ལ་བཀའ་མོལ་ཞུས། ཁོང་ཚོའི་རྣམ་འགྱུར་ཧ་ཅང་ཡག་པོ་འདུག ཨ་ལགས་དང་ངེད་གཉིས་ཀྱི་བྱ་བ་ལེགས་གྲུབ་བྱུང་།
སྤྱི་ལོ་༢༠༠༨ ལོའི་ཟླ་༣ པའི་ཚེས་༡༠ ནས་བོད་ནང་གི་ས་ཁུལ་ཁག་མང་བོ་ཞིག་ཏུ་རྒྱ་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་ལ་འདོད་མོས་མེད་པའི་ངོ་རྒོལ་གྱི་ལས་འགུལ་རླབས་ཆེན་བྱུང་བ་ལ་བརྟེན་ནས། བཙན་བྱོལ་བོད་གཞུང་གིས་གཞུང་དམངས་ཛ་དྲག་ཚོགས་ཆེན་བསྡུས་པ་དང་། བཙན་བྱོལ་བོད་གཞུང་གིས་བོད་ནང་གི་ས་ཆ་སོ་སོའི་གནས་ཚུལ་བསྡུ་ལེན་བྱེད་དཀའ་བ་སོགས་གནས་ཚུལ་མང་བོ་ལ་གཞིགས་ཏེ། ཨ་ལགས་འཇིགས་མེད་རིན་པོ་ཆེ་གཙོས་པའི་མདོ་སྨད་དབུས་རྒྱུན་དང་མདོ་སྨད་ཀྱི་གནད་ཡོད་མི་མང་བོ་ཞིག་འཚོགས་ཏེ་མདོ་སྨད་བདེན་རྒྱབ་མནའ་འབྲེལ་ཞེས་པའི་ཚོགས་པ་གལ་ཆེན་ཞིག་བཙུགས་ཏེ། ཚོགས་ཆུང་དེས་ས་བྱི་ཞི་ལོའི་རྒོལ་ཆེན་མོ་ཞེས་པའི་དཔེ་དེབ་གལ་ཆེན་ཞིག་རྩོམ་སྒྲིག་འགྲེམས་སྤེལ་བྱས། དེ་ནས་བཟུང་བོད་ཕྱི་ནང་གཉིས་སུ་ལས་འགུལ་དེར་ས་བྱི་ལོའི་ཞི་རྒོལ་ཆེན་མོར་འབོད་པ་བྱུང་།
སྤྱི་ལོ་༢༠༠༡༡ ལོར་མདོ་སྨད་རྩོམ་སྒྲིག་ཚོགས་ཆུང་གིས་གོང་ས་རྒྱལ་དབང་མཆོག་གི་མཛད་རྣམ་བརྙན་པར་ཅན་སྤུས་ལེགས་ཤིག་རྩོམ་སྒྲིག་བྱས་ཏེ། ཨ་ལགས་རིན་པོ་ཆེས་དེབ་གྲངས་བརྒྱ་ཕྲག་དུ་མ་ཨ་རིར་དྲངས་ཏེ། གོང་ས་རྒྱལ་དབང་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་དུས་འཁོར་དབང་ཆེན་གནང་སྐབས་འགྲེམས་སྤེལ་ཞུས། ཁོང་གིས་དཀའ་ལས་དེ་འདྲ་སྐྱོན་བཞིན་ཡོད་པ་སེམས་ཀྱིས་མ་བཟོད་ནས། ང་རང་སྒེར་ངོས་ནས་ཨ་སྒོར་ཉིས་སྟོང་གི་ཐོབ་ཆའི་དཔེ་དེབ་༦༠ བླངས། ད་ལྟའང་དཔེ་དེབ་དེ་རྣམས་རང་སར་ཉལ་ནས་ཡོད།
གོང་གི་ལས་གཞི་དེ་དག་ཕལ་ཆེར་ནི་གཙོ་བོ་ཨ་ལགས་འཇིགས་མེད་རིན་པོ་ཆེས་འགྲོ་གྲོན་ཐབས་ཤེས་ཀྱིས་སྣེ་ཁྲིད་གནང་བའི་ལས་གཞི་གལ་ཆེན་ཁག་ཅིག་ཡིན་ལ། ཁོང་གི་སྐུ་ཚེའི་མཐའ་མཇུག་གི་དོན་སྙིང་ལྡན་པའི་བྱས་རྗེས་གལ་ཆེན་ཁག་ཅིག་ཀྱང་ཡིན།
མདོར་བསྡུས་ནས་བཤད་ན། ཨ་ལགས་འཇིགས་མེད་རིན་པོ་ཆེ་ནི། ལས་ཀ་མེད་ན་བཞུགས་མི་ཐུབ་ཅིང་། ཁ་པར་མེད་ན་བཞུགས་མི་ཤེས་མཁན་ཞིག་ཡིན་ལ། ཁོང་གི་སྐུ་གཟུགས་སྐྱོ་རུ་ཕྱིན་ཏེ་རླུང་རྟགས་ཀྱི་ན་ཚ་ཤུགས་ཇེ་ཆེར་འགྲོ་བའི་སྐབས་སུ། ཉིན་ཁ་ཤས་སམ་བདུན་ཕྲག་ཁ་ཤས་ལ་ཁ་པར་བེད་སྤྱོད་མ་བཏང་བར་འཇམ་ཐིང་ཐིང་ངང་བཞུགས་ན་ཞུས་ཀྱང་། ཁོང་གིས་ང་ལ་ལན་འདེབས་གནང་བ་ནི། བསོད་རྒྱལ་རིན་པོ་ཆེ་དང་། རྒྱ་རི་རིན་པོ་ཆེ་རྣམ་པ་གཉིས་དང་བསྡུར་ན་ངས་ཁ་པར་དེ་ཙམ་བེད་སྤྱོད་གཏོང་གིན་མི་འདུག་གསུངས།
གང་ལྟར་ཨ་ལགས་འཇིགས་མེད་རིན་པོ་ཆེ་ནི་དགོས་སར་ཐུག་དུས་བློ་ཁོག་ཆེ་ཞིང་། ནམ་རྒྱུན་ཟ་འཐུང་དང་དངུལ་གྱི་ཐོག་ལག་ཡངས་པ་དང་། མི་ཕན་ཚུན་བར་གྱི་འགྲོ་ལུགས་ལ་ཧ་ཅང་མཁས། ས་ཕྱོགས་གང་དུ་ཕེབས་ཀྱང་ངོ་ཤེས་དང་གྲོགས་པོས་ཁེངས་ནས་ཡོད་པ་སྟེ་མི་མཐོ་དམན་བར་གསུམ་ལ་འབྲེལ་ལམ་ཡག་པོ་འཛིན་ཐུབ་མཁན་ཞིག་ཡིན། ལྷག་པར་རྒྱལ་བ་རིན་པོ་ཆེའི་སྐུ་དོན་དང་། བོད་སྤྱི་དོན་ལ་སུ་དང་ཐུག་དགོས་ནའང་ཐུག་ཐུབ་མཁན་གྱི་སེམས་ཐག་ཆོད་པོ་ཞིག་ཡིན་པ་དེ་དག་ནི་ངས་མཐོང་བའི་ཨ་ལགས་འཇིགས་མེད་རིན་པོ་ཆེ་རེད།
རྩོམ་ཐུང་འདི་ནི་སྤྱི་ལོ་༢༠༡༣ ལོའི་ཟླ་༡༠ ཚེས་༢༩ ཉིན་གྲོགས་པོ་རབ་གསལ་ལགས་ཀྱིས་ཁ་པར་འབྱོར་ཏེ། རྡོ་རྗེ་དབང་ཕྱུག་གིས་ཨ་ལགས་འཇིགས་མེད་རིན་པོ་ཆེའི་རྣམ་ཐར་ཞིག་བྲིས་ཏེ། ཕ་ཡུལ་གཅིག་པ་ཁག་ཅིག་མཉམ་རུབ་ཀྱིས་ཁོང་ལ་རྗེས་དྲན་གྱི་དཔེ་དེབ་ཅིག་འདོན་འཆར་ལ། པདྨ་འབུམ་དང་ཁོང་རྣམ་པ་གཉིས་དཔེ་དེབ་དེ་དག་གི་རྩོམ་སྒྲིག་སློབ་སྟོན་པ་ཡིན། ཁྱོད་ཀྱིས་ཀྱང་ངེས་པར་དུ་རྗེས་དྲན་རྩོམ་ཡིག་ཅིག་འབྲི་རོགས་ཞེས་རྦད་བསྐུལ་གནང་བ་ལྟར། འདས་པའི་ལོ་ངོ་ངོ་ཉི་ཤུ་ལྷག་གི་རིང་ཨ་ལགས་འཇིགས་མེད་རིན་པོ་ཆེ་དང་འབྲེལ་འདྲིས་བྱས་པའི་མྱོང་ཚོར་གྱི་དྲན་ཐོ་ཙམ་དུ།།
སྤྱི་ལོ་༢༠༡༣ ལོའི་ཟླ་༡༡ ཚེས་༡༤ ཉིན་ཧོར་གཙང་འཇིགས་མེད་དུ་འབོད་པས་བྱང་ཨ་རིའི་གྲོང་ཁྱེར་ནོའུ་ཡོཀ་ཏུ་བྲིས་ཏེ་ཕུལ།།
ཟུར་ཞུ། རྩོམ་ཡིག་འདི་བྲིས་ནས་དུས་ཐོག་རབ་གསལ་ལགས་སུ་ཕུལ་ཟིན་ཀྱང་ད་ལྟའི་བར་དཔེ་དེབ་ཏུ་འཁོད་ཡོད་མེད་སོགས་ཀྱི་བརྡ་ལན་གང་ཡང་མ་འབྱོར་ཞིང་། དེ་རིང་སྔར་བྲིས་རྩོམ་ཡིག་རེ་ཟུང་འཚོལ་ཞོར་ལ་འདི་མཐོང་ནས་ཡང་བསྐྱར་ཚར་གཅིག་ཀློག་ཞོར་དང་ཁ་སྣོན་དང་བཟོ་བཅོས་ཕྲན་བུ་དང་བཅས་སྤྱི་ལོ་༢༠༡༦ ལོའི་ཟླ་༡༡ ཚེས་༣ ཉིན་བྱང་ཨ་རི་ཉོའུ་ཡོཀ་གི་རྒྱལ་ས་ནས།།
ཨ་ལག་དམ་པ་དགོང་པ་ཆོས་དབྱིངས་འཐིམ་།
མཛད་པ་འཕྲིན་ལས་དེབ་ཐེར་གཏུགས་པོར་གསལ་།
གཞུང་མང་ལས་འགན་བཀའ་སྤྱི་གཞུང་ཞབས་སོགས་།
ལྷག་བསམ་འགན་འཁུར་སྐུ་ཚེ་ཧྲིལ་པོ་རྫོགས་།
མཐོང་ཐོས་ལོ་རྒྱུས་རྒྱ་མཚོའི་གཏིང་མཐའ་ལ་།
དཔོག་པར་དཀའ་བའི་ནུས་པ་ཁོ་བོར་དམན་།
ཕྱོགས་ལྷུང་སྤངས་པའི་དྲང་གཏམ་གླེང་བ་འདི་།
བསམ་བཟང་གཏམ་ལ་དཔྱད་ཤེས་མ་ནོར་ཤོག་།
རྩོམ་ཡིག་དེ་མགོ་ནས་མཇུག་བར་དུ་ཞིབ་པར་བཀླགས་པ་ཡིན། ཨ་ལགས་རིན་པོ་ཆེ་དངོས་སུ་མཇལ་མྱོང་མེད་ཀྱང་ཁོང་གི་སྐོར་ལ་ཉག་ཉོག་མང་པོ་ཞིག་གོ་ཐོས་བྱུང་མྱོང་། ད་རེས་རྩོམ་པ་པོ་དང་ཞིབ་འཇུག་པ་གང་ཡང་འབོད་དུ་ཆོག་པའི་ཧོར་གཙང་འཇིགས་མེད་ལགས་ཀྱི་རྩོམ་ཡིག་དེའི་ཐོག་ནས་ཨ་ལགས་འདས་པོ་ཁོང་གི་སྐོར་ལ་མ་ཤེས་པའི་གནས་ཚུལ་མང་པོ་ཞིག་ཤེས་ནས་བློ་སྐྱེད་ཡག་པོ་བྱུང་སོང་། བཀའ་དྲིན་ཆེ་ཧོར་གཙང་ལགས། ཡག་ཉེས་དང་གཙང་བཙོག་གང་ཞིག་བཤད་ནའང་ཨ་ལགས་འཇིགས་མེད་ནི་ཉེ་རབས་ཀྱི་བཙན་བྱོལ་བོད་ཀྱི་ལོ་རྒྱུས་ཁྲོད་དུ་མི་བཤད་ཐབས་མེད་ཀྱི་སྐྱེ་བོ་གཅིག་ཏུ་འགྱུར་ཡོད།
སླར་ཡང་ཧོར་གཙང་ལགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཞར་བརྗོད། ཧོར་གཙང་ལགས། ཁྱེད་ཀྱིས་དེ་སྔོན་བྲིས་པའི་ “སྨན་རྩིས་ཁང་གི་སྒེའུ་ཁུང་ནས་ (གསལ་བོར་མི་དྲན་)” ཟེར་བའི་སྙན་རྩོམ་གྲགས་ཅན་དེ་འདྲ་བ་འབྲི་རྒྱུ་ད་ལྟ་མཚམས་འཇོག་བྱེད་མེད་པའི་རེ་བ་ཞུ། །
ཧོར་གཙང་འཇིགས་མེད་མཆོག་གིས། ངས་མཐོང་བའི་ཨ་ལགས་འཇིགས་མེད་རིན་པོ་ཆེ།
ཞེས་པ་བཀླགས་པས། རྩོམ་བྲིས་པ་རང་གི་ཕྱག་ལས་མཛད་སྟངས་ཀྱང་། ཤེས་རྟོགས་བྱུང་བས།་ཁ་གསལ་གྱི་རྩོམ་བྲིས་ལ་དགའ་བསུ་ཞུའོ།
་
ལན་གཉིས་ཙམ། ཞེས་པ། ཕལ་སྐད་ཐེངས་ཀྱི་དོན་ལ་བཀོལ་པར་ཡང་དགའ་བསུ། ད་དུང་། འགུལ་ཤུགས་མ་འདང་། ཞེས་པར་ཡང་་། ། འགུལ་ཤུགས་མ་ལྡང་། ཞེས་འབྲི་ཐུབ་ན། བྱང་ཆུབ་སྤྱོད་འཇུག་ན།
དེ་སྙེད་ཀོ་བས་ག་ལ་ལྡང་། ཞེས་པ་བོད་མཁས་པས་བྲིས་པའི་རྗེས་སུ་འབྲངས་པས།
་
དམ་པ་ཨ་ལགས་འཇིགས་མེད་རིན་པོ་ཆེ་ཞབས་ཀྱི་རྗེས་དྲན་དངོས་མར་གགྱུར་རོ།
ང་ནི་ཨ་ལགས་འཇིགས་ཀྱི་ངོ་ཤེས་ཤིག་མིན། འོན་ཀྱང་ཕྲན་དང་ཐད་གར་འབྲེལ་བའི་རྒྱུ་མཚན་འགའ་རེའི་དབང་གིས་རྒྱུན་དུ་ཁོང་གི་སྐོར་ལ་དོ་སྣང་བྱེད་མཁན་ཞིག་ཡིན།
འཇིགས་མེད་ལགས།་་་་་་་ཁྱོད་ཀྱིས་ཨ་མདོ་བ་ནང་ཚགས་ཀྱི་གནས་ཚུལ་རྣམས་ཁ་བརྡ་དྲ་རྒྱ་ལ་འགོད་དགོས་དོན་མི་འདུག་ག།་་་ཁྱོད་ཀླད་གཏོང་ཡིན་པ་གཞི་ནས་ཧ་གོ་སོང།་
ཧོར་གཙང་འཇིགས་མེད་ལགས་ཀྱིས་ཨ་ལགས་འཇིགས་མེད་ལགས་ཀྱི་མཛད་རྗེས་ཡིད་ལ་འཐད་པ་ཞིག་བྲིས་འདུག་རྗེས་སུ་ཡིད་རངས་ཞུ།
ཧོར་གཙང་འཇིགས་མེད་ལགས། བརྩམས་ཆོས་འདི་འདྲ་བཙན་བྱོལ་ལོ་རྒྱུས་འབྲི་བར་ཕན་ཐོགས་ཡོད། དྲང་ཐག་གཅོད་བྲིས་འདུག མི་ཞིག་ལ་མཚོན་ན་ཕྱི་ནང་གསང་གསུམ་གྱི་རྣམ་ཐར་མེད་མཁན་གཅིག་ཀྱང་མེད་པས། ཁྱེད་ཀྱིས་ཨ་ལགས་ཚང་གི་ཕྱིའི་རྣམ་ཐར་རྒྱ་ཆེ་གཏིང་ཟབ་ལས་ཆ་ཤས་ཤིག་བྲིས་འདུག ཀློག་པར་མི་ངལ། སྙན་པོ་བྱུང་། ཐུགས་རྗེ་ཆེ། ཨ་ལགས་ཚང་དང་ཡབ་གཞིས་དབར་གྱི་འབྲེལ་བ་ཆེ་ཤོས་མངའ་རིས་རིན་པོ་ཆེ་དང་ཡིན་པ་གངས་སྐྱིད་ན་ཡོངས་གྲགས་རེད། ཨ་ལགས་ཚང་ནི། མངའ་རིས་རིན་པོ་ཆེ་ལ་ཆ་མཚོན་ན་ཨ་གར་སོ་ལྔ་གསོན་པོ་རང་རེད། དངོས་གནས་བཀའ་དྲིན་ཆེན་པོ་རེད། དགའ་ལྡན་ཕོ་བྲང་ལ་ནི་རིན་ཆེན་ལྕགས་རིལ་ཆེན་མོ་རེད། ཨ་ཀུ་རེ་ཡིན། ད་བདེ་མོ་བྱོས། །
ཧོར་འཇིགས་ལགས་ག་ལེར་ལན་ཡོད་ཨ།
ལགས་སོ།
ཨ་ལགས་འཇིགས་མེད་རིན་པོ་ཆེས་ནི། སྔར་ཚོགས་པ་བཅུ་གསུམ་ཞེས་པས་རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་ལ་དཀའ་ངལ་སྤྲད་སྐབས་དེ་ཚོ་ལ་ཁ་གཏད་ཤུགས་ཆེན་བཅལ་བ་དང་། ཐའི་ཝན་བོད་སོག་ལས་ཁུངས་དང་འབྲེལ་བའི་རྙོག་དྲ་སྣ་ཚོགས་བཟོས་པ་ལ་གདོང་ལེན་གནང་བར་མ་ཟད། ཕྱིས་དོལ་རྒྱལ་གྱི་རྙོག་དྲའི་ཐོག་ལའང་མདོ་སྨད་རྩོམ་སྒྲིག་ཚོགས་ཆུང་ལ་མགོ་བསྡུ་བྱས་ཏེ་ཞིབ་འཇུག་གི་དཔེ་དེབ་རིན་ཐང་ལྡན་པ་རྩོམ་སྒྲིག་དཔར་སྐྲུན་བྱས་པ་སོགས་སྔ་ཕྱི་བར་གསུམ་དུ་ལས་ཀ་ནུས་པ་ཐོན་པ་མང་བོ་གནང་།
མདོ་སྨད་རྩོམ་སྒྲིག་ཚོགས་ཆུང་ཞེས་པ་སྐད་གྲགས་ཆེན་པོ་དེ་མང་པོ་གོ་མྱོང་ཡོད་ལ། ཚོགས་མི་རྣམས་མཁས་པ་དང་ཆེད་ལས་པ་ཞེ་ཅིག་ལས་གྲུབ་པ་རེད་ཅེས་གོ་བྱུང་།
ཇོ་སྲས་ལགས། ཚོགས་པ་བཅུ་གསུམ་གྱིས་བོད་གཞུང་ལ་ངོ་རྒོལ་བྱས་པ་མ་རེད། ཆིག་སྒྲིལ་ཚོགས་པ་ལ་ངོ་རྒོལ་བྱས་པ་རེད། ཨ་ལགས་འཇིགས་ཀྱང་ཆིག་སྒྲིལ་ཚོགས་པའི་མི་རེད། གནད་འགག་ཧ་མི་གོ་མཁན་ཚོས་འདི་ལྟར་སྐད་ཆ་ཚབ་ཆེན་བཤད་ཀྱི་འདུག་པར་མ་ཟད་ཧ་གོ་མཁན་འགའ་རེས་ཀྱང་བསམ་བཞིན་འུར་སྒྲོག་བྱེད་བཞིན་འདུག འདི་ནི་ཁོ་པ་ཚོའི་ནག་ཉེས་འགེབ་རྒྱུའི་ཆེད་ཁོ་ན་རེད། རྫབ་དོང་འདིའི་ནང་དུ་~གོང་ས་མཆོག་དང་བོད་གཞུང་འཐེན་བཞིན་པ་ནི་ཧམ་པ་ཆེ་དྲགས་པ་རང་རེད
#8 འཚུབ་མ་རྒོད་པོ་ལགས། ཁྱེད་བདེན་པ་ཡིན་སྲིད། ངས་ནི་གོང་གི་ཚིག་དུམ་དེ་ལུང་འདྲེན་བྱས་པ་ཡིན་མ་གཏོགས། སྒེར་གྱི་བསམ་ཚུལ་མིན། མདོ་སྨད་རྩོམ་སྒྲིག་ཚོགས་ཆུང་ཞེས་པ་དེ་གོ་མྱོང་ཡོད།
ཡག་གི
ཐུགས་རྗེ་ཆེ་ངོ་མ་ཡག་པོ་བྲིས་གནང་འདུག་་་ཨ་ལགས་འཇིགས་མེད་ཟེར་བ་དེ་ངོ་མི་ཤེས་རུང་གོ་མྱོང་ཡོད་་་་གང་ལྟར་མི་དེ་རླབས་ཆེན་ཞིག་ཡིན་པ་ངེས་རྟོགས་བྱུང་།
ཇོ་སྲས་ལགས། (སྔར་ཚོགས་པ་བཅུ་གསུམ་གྱིས་རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་ལ་དཀའ་ངལ་སྤྲད་སྐབས་)ཟེར་བའི་ཚིག་དུམ་དེ་གང་ནས་ལུང་འདྲེན་བྱས་པ་ཡིན།
འཇིགས་མེད་ལགས་ཀྱིས་གོ་བདེ་པོ་བྲིས་འདུག ཨ་ལགས་འཇིགས་མེད་ཀྱི་བཙན་བྱོལ་ནང་གི་ལོ་རྒྱུས་གསལ་པོ་ཞིག་བྲིས་འདུག བློ་ཕངས་བ་ཞིག་ལ་དེ་ཨ་ལགས་ཀྱི་ལོ་རྒྱུས་དང་གསུང་རྩོམ་ཕྱོགས་སྒྲིག་དེའི་ནང་འཁོད་མེད།
ཨ་ལགས་ཀྱིས་གོང་ས་མཆོག་ལ་ཁ་ཞེ་གཉིས་མེད་ཐོག་ཞབས་ཞུ་བསྒྲུབས་པ་དེ་ངོ་མ་རེད། ཡི་རང་ཞུ།
ཨ་ལགས་འཇིགས་མེད་ཀྱི་ལོ་རྒྱུས་བཟང་ངན་སྣ་ཚོགས་ཤིག་ཡོད་པས་འདིར་མི་སྨྲ། ད་ལན་གཙོ་བོ་བརྗོད་པར་འདོད་པ་ནི། ཚོགས་ཁག་བཅུ་གསུམ་གྱིས་སྐྱབས་མགོན་རིན་པོ་ཆེས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་ལ་ཁ་གཏད་བཅག་པའི་ལོ་རྒྱུས་ཤིག་བྲིས་འདུག་པར་དེ་ཡི་སྐོར་རགས་ཙམ་གླིང་ན། ཐོག་མར་ཚོགས་ཁག་བཅུ་གསུམ་ཆགས་སྟངས་ནི། རྒྱ་ལོ་དོན་གྲུབ་ཕུགས་སུ་བསྡད་ནས་དེའི་རྒྱུགས་ཁྱི་མདོ་དབུས་ཁམས་གསུམ་གྱི་མི་ངན་ཀླད་སྟོང་རེ་ཟུང་གིས་གཅིག་སྒྲིལ་ཚོགས་པ་ཞེས་པའི་ཚོགས་པ་ཞིག་གསར་འཛུགས་དང་། དེའི་བྱེད་སྒོ་ཐོག་མར་བོད་སྤྱི་ལ་ཕན་ཆེད་བོད་མི་རྣམས་གཅིག་སྒྲིལ་གྱིས་དགྲ་བོ་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་འཆར་གཞི་ཡིན་ཡང་། རིམ་པའི་ཚོགས་པ་སྲ་བརྟན་དང་ཚོགས་མི་རིམ་འཕེལ་བྱུང་སྐབས་དེ་ལས་ལྡོག་སྟེ། རྒྱ་ལོ་དང་སྒེ་འཁོན་ཡོད་པའི་སྔར་གྱི་སྐུ་དྲག་རྣམས་གཙོ་བོར་གྱུར་པའི། མདོ་དབུས་ཁམས་གསུམ་གྱི་དཔོན་རིགས་ཁག་གཅིག་དང་། རི་བོ་དགེ་ལྡན་པ་མིན་པའི་ཆོས་རྒྱུད་གཞན་རྣམས་མི་དགོས་པའི་ཚུལ་སོགས་ཆོས་རྒྱུད་གཅིག་དང་། ལུང་ཚན་གཅིག་གི་ལྟ་སྤྱོད་སྤེལ་བར། ཚོགས་ཁག་བཅུ་གསུམ་ཞེས་པའི་ཚོགས་པ་དེ་མི་འཁྲུངས་ཀ་མེད་བྱུང་བ་རེད། མ་གཞི་དེ་དང་འབྲེལ་བའི་གནས་ཚུལ་རིགས་བཙན་བྱོལ་བོད་གཞུང་གི་སྤྱི་འཐུས་ནས་དབུ་བཟུང་། ཚོགས་གཙོ་དང་། བཀའ་བློན་ནས་དབུ་བཟུང་བཀའ་བློན་ཁྲི་པའི་བར་མི་ལོ་ཕལ་ཆེར་བཞི་བཅུ་མིན་ཙམ་སྐྱབས་མགོན་རིན་པོ་ཆེའི་བཀའ་བསྒྲུབས་ནས་བཟང་མཐའ་ཁྱོལ་བའི་མི་སྣ་དང་། ཚོགས་ཁག་བཅུ་གསུམ་གྱི་ཚོགས་མི་ཟུར་པ་སྐུ་ངོ་འཇུ་ཆེན་གྱིས་བྲིས་པའི་མི་ཚེའི་ལོ་རྒྱུས་ནང་གང་ཙམ་འདུག་པས་དེར་བལྟས་ན་བློ་སྐྱེད་འཕེལ་རྒྱུར་གདོན་མི་ཟ།
འབྲོང་བུ་སོག་ཚའི་མཆན་ལ་རྒྱབ་སྐྱོར་ཡོད། འབྲོང་བུ་སོག་ཚས་ཞིབ་འཇུག་ལེགས་པོ་བྱས་འདུག
ད་དུང་། ཨ་ལག་འཇིགས་མེད་ཀྱི་བྱ་བ་མང་ཆེ་བ་ཁས་ལེན་བྱེད་ཐབས་བྲལ་ཡང་། གནད་དོན་འགའ་ཞིག་ལེགས་པོ་རེད་སྙམ་པ་ཡང་འདུག་པ་མ་ཟད། ཨ་ལག་གཤེགས་རྗེས་ལས་དོན་གལ་ཆེ་འགའ་ལྟག་ཆུ་ཆད་པའི་རྫིང་བུ་ལྟ་བུར་གྱུར་སོང་།
ལྷག་པ། ཁྱོད་རང་ཨ་ལགས་འཇིགས་མེད་རིན་པོ་ཆེའི་བྱ་བ་མང་ཆེ་བ་གང་ཡིན་ཧ་གོ་གི་ཡོད་དམ། སྙིང་རྗེ། འདིར་བྲིས་ཡོད་པ་ནི་ཧོར་གཙང་འཇིགས་མེད་ཁོ་ནའི་མཐོང་ཕྱོགས་དང་དངོས་སུ་མཐོང་བ་ཁོ་ན་རེད། ཨ་ལགས་འཇིགས་མེད་རིན་པོ་ཆེ་ཡིས་ཕྱི་ལོ་ ༦༠ ནང་ནས་སྤྱི་བའི་ལས་དོན་འགོ་བཙུགས་ནས་གནང་ནས་ཕེབས་པ་རེད། ཁྱོད་རང་ཁ་ཕོ་ཆེ་བ་ལ་་་མང་ཆེ་བ་་་ཧཧ
འབྲོང་བུ་སོག་ཚ་འཇུ་ཆེན་གྱི་སྒྲུང་དེ་འདྲ་བཤད་དེ་རྒྱ་ལོའི་ནུས་པ་ལྕོགས་ཐབས་བྱས་པ་རེད།
དཔའ་ཆེན་དོན་གྲུབ་ལགས། ངས་འཇུ་ཆེན་གྱིས་བྲིས་པ་རྟགས་སུ་བཀོད་ནས་བཤད་པའི་རྒྱུ་མཚན་གང་ཡིན་ཞུས་ན། འཇུ་ཆེན་ལ་ཐད་ཀར་དྲི་བ་དྲིས་ལན་བྱས་པའི་བརྙན་པར་ཞིག་མཐོང་སོང་བ་དེའི་ནང་འདི་འདྲ་ཞིག་གསུངས་གདའ། སྐྱབས་མགོན་རིན་པོ་ཆེས་ང་ལ་ཁྱེད་རང་ལོ་མང་བོད་གཞུང་བསྟན་སྲིད་ལ་ཞབས་ཕྱི་ཞུས་པའི་ལོ་རྒྱུས་ཤིག་བྲིས་ཤོག །བོད་ཡིག་གི་རྗོད་རྣམ་ལ་དཀའ་ངལ་ཡོད་ན་ངས་སྐུ་ངོ་རྟ་རཀ་ལ་བཤད་ཆོག །ཁྱེད་རང་གི་བྲིས་ནས་དག་བཅོས་དང་རྗོད་རྣམ་རྟ་རག་ནས་ཞིག་འཇུག་བྱེད་ཀྱི་རེད་གསུང་བྱུང་ཞེས་གསུངས་འདུག་ན། སྐུ་ངོ་རྟ་རག་ཞུ་མཁན་དེ་ངས་འབྲེལ་བཤད་མི་དགོས་པར་ཚང་མས་མཁྱེན་གསལ་གྱི་བོད་བསྟན་སྲིད་དང་། དམིགས་བསལ་དགའ་ལྡན་ཕོ་བྲང་གི་དོན་དུ་རང་སྲོག་ཚུན་ཆད་གཏོང་བར་ནུས་པའི་རླབས་ཆེན་གྱི་གང་ཟག་ཅིག་ཡིན་འཇིག་རྟེན་ཀུན་གསལ་ལ། དེས་ཞིབ་འཇུག་བྱས་པའི་ལོ་རྒྱུས་ཤིག་ལ་ཚད་འཛིན་བྱེད་ན་བྱེད་རིན་ཡོད་པ་ཞིག་རེད་དྲན།