འཇམ་དབྱངས་དཀར་པོ།
བྲེལ་བ་ཚུབ་ཚུབ་ཀྱིས་བདུན་ཕྲག་གཅིག་གི་ལས་ཀའི་མཇུག་བསྡུས་ཏེ། ལས་རོགས་ཕན་ཚུན་གཟའ་མཇུག་སྤྲོ་བོ་ཡོང་བའི་སྨོན་འདུན་བྱེད་བཞིན་སོ་སོའི་སར་གྱེས།
ང་རང་ཆེས་རྒྱུས་ཡོད་ཡིན་པའི་ཁ་ལོ་བ་མེད་པའི་ས་འོག་རང་འགྲུལ་མེ་འཁོར་ ༡༤ ནང་ལ་བསྡད་དེ་སྡོད་གནས་སྙེག ལམ་བར་ནས་ཟ་ཁང་སྟབས་བདེ་ཞིག་ཏུ་འཛུལ་ནས་ཟ་འདོད་པའི་ཟས་ཤིག་མངགས་ཏེ་ཁ་པར་ཁ་ཕྱེ། ཕྱི་ནང་གི་གྲོགས་པོ་ཚོ་ཧ་ཅང་ཁུ་སིམ་རེད།
དུས་རྒྱུན་ལྟར་སྐད་འཕྲིན་དང་ངོ་དེབ་ཀྱི་བར་སྟོང་ལ་༧གོང་ས་མཆོག་གི་མཛད་རྣམ་《བཙན་བྱོལ་ནང་གི་རང་དབང་》བཞག་སྟེ་དཔེ་དེབ་མ་རག་པ་དང་རག་མི་ཐུབ་པའི་གྲོགས་པོ་མང་མང་ཞིག་གི་རེ་བ་བསྐང་། སྟབས་ལེགས་སྟེས་འགྲིག་གིས་ཏག་ཏག་༧གོང་ས་མཆོག་གི་བཀའ་སློབ་ཐད་གཏོང་འགོ་བཙུགས་སོང་། རིག་པའི་དབང་ཕྱུག་ཆེན་པོ་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཨ་རིའི་མངའ་སྡེ་ཁ་ལི་ཧྥོར་ནེ་ཡའི་སན་ཊེ་གྷོ་ རི་མེཀ་སི་ (San Diego RIMAC) ཐང་ཆེན་གྱི་སྡིངས་ཆའི་སྟེང་ནས་རྒྱུན་ལྡན་གཏམ་བཤད་ཀྱི་སྔོན་འགྲོ་ལྟར། ཕྱག་གཉིས་ཐལ་མོ་སྦྱར་ནས་དོན་དག་གང་ཞིག་ལ་ནན་ཏན་ཆེན་པོས་གསོལ་བ་སྨོན་ལམ་བཏབ།
གསར་འགྱུར་བརྒྱུད་ལམ་ཁག་ཏུ་བསྒྲགས་པ་ལྟར་ན་སན་ཊེ་གྷོ་གཙུག་ལག་སློབ་གཉེར་ཁང་གིས་ཐེངས་འདིར། རིག་པའི་དབང་ཕྱུག་ཏཱ་ལའི་བླ་མ་མཆོག་གི་གསུང་བཤད་འཛིན་བྱང་ ༢༥,༠༠༠ བཟོས་པ་ཡོངས་སུ་རྫོགས་པར་མ་ཟད། འཛིན་བྱང་མ་ཐོབ་པའི་མི་སྟོང་ཕྲག་ཁ་ཤས་ཀྱིས་གོ་སྒྲིག་ཚོགས་ཆུང་ལ་ཁོ་ཚོར་ཡང་རིག་པའི་དབང་ཕྱུག་ཏཱ་ལའི་བླ་མ་མཆོག་གི་གསུང་བཤད་ཉན་ཐུབ་པའི་གོ་སྐབས་སྤྲོད་རྒྱུའི་རེ་བ་ནན་ཏན་བཏོན་ཡོད་འདུག
འབྲེལ་ཡོད་ཀྱིས་”ཚོད་དཔག་བྱས་ན་དེ་རིང་མི་ ༢༦,༠༠༠ ལྷག་འཛོམས་ཡོད་པས། མཁས་དབང་ཞིག་གི་གཏམ་བཤད་ལ་འདི་འདྲའི་མི་མང་པོ་འཛོམས་པ་དེ། སན་ཊེ་གྷོ་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་ཀྱི་ཆེས་ཐོག་མའི་ཟིན་ཐོ་ཡིན་”ཟེར།
ལྷད་མེད་ཀྱི་རང་གཤིས་གཙང་མ་མངོན་པའི་ཏཱ་ལའི་བླ་མ་མཆོག་གིས་”ང་ཚོར་འགྲོ་བ་མི་གཅིག་མཚུངས་ཡིན་པའི་འདུ་ཤེས་ཡོད་དགོས། དེ་མིན་ལས་ཀ་དང་དབང་ཆའི་གོ་མིང་ལ་བརྟེན་ནས་རང་ཉིད་ཁྱད་འཕགས་ཤིག་ཏུ་རློམ་མི་རུང་། དཔེར་ན། ང་རང་ལ་མཚོན་ན་ཏཱ་ལའི་བླ་མའམ་གོ་མིང་གི་ཁྱད་པར་གང་ཞིག་ལ་བརྟེན་ནས་སྒམ་པོར་བསྡད་ན། མི་དང་མིའི་བར་ལ་དོན་དམ་པའི་མཛའ་འབྲེལ་བྱེད་མི་ཐུབ་པའི་” གནས་ལུགས་གསལ་འགྲེལ་གནང་།
ཁོང་གི་འགྱུར་བ་མེད་པའི་ཡིད་ཆེས་གཅིག་ནི་”ང་ཚོ་འགྲོ་བ་མིའི་རང་བཞིན་ནི་བྱམས་བརྩེ་ཡིན་ལ། དེ་ནི་མ་འོངས་པའི་རེ་བ་ཞིག་གི་ས་བོན་ཡང་ཡིན་” ཟེར་བ་དེའོ།། འགྲོ་བ་མིའི་རང་གཤིས་ངོ་མ་དེ་བྱམས་བརྩེའི་ཡིན་པའི་ཁོང་གི་དགོངས་ཚུལ་འདི། དུས་རབས་མང་པོར་འགྲོ་བ་མིའི་རང་བཞིན་ངོ་མ་དེ་འཚེ་བ་དང་། ཁོང་ཁྲོ། གཏུམ་པོ། ང་རྒྱལ། འགྲན་སེམས། རང་གཅེས། དྲག་སྤྱོད་ཅན་སོགས་ཡིན་པའི་ལྟ་ཚུལ་ཞིག་ཤ་གསེང་རུས་གསེང་ལ་འཐིམ་པའི་ནུབ་ཕྱོགས་པའི་སེམས་ཁམས་དང་རྦད་དེ་ལྡོག་ཕྱོགས་ཡིན།
དེར་བརྟེན་ཨ་རིའི་རྩོམ་པ་པོ་གྲགས་ཅན་ཞིག་གིས་”འདས་པའི་ལོ་རབས་འགའི་རིང་། འགྲོ་བ་མིའི་གཞི་རྩའི་ངོ་བོ་ནི་སྙིང་རྗེའི་རང་བཞིན་ཡིན་པའི་ཏཱ་ལའི་བླ་མ་མཆོག་གི་ལྟ་ཚུལ་འདི་ནུབ་ཕྱོགས་སུ་དལ་བུར་འཕེལ་རྒྱས་སུ་འགྲོ་བཞིན་པར་སྣང་། འོན་ཀྱང་ལྟ་ཚུལ་འདི་འཕེལ་རྒྱས་སུ་འགྲོ་བ་ལ་བཀག་རྒྱ་མེད་པ་མིན་” ཞེས་རིག་གཞུང་གི་རྒྱབ་ལྗོངས་མི་འདྲ་བའི་ཤར་ནུབ་གཉིས་ཀྱི་བསམ་བློའི་རྨང་གཞི་ལ་གསལ་འགྲེལ་བྱས་ཡོད།
རིག་པའི་དབང་ཕྱུག་ཆེན་པོ་ཏཱ་ལའི་བླ་མས་”དྲག་ཤུགས་ལ་བརྟེན་ནས་འཛམ་གླིང་གི་དཀའ་རྙོག་སེལ་ཐུབ་པར་བསམ་པ་ནི་རྦད་དེ་ནོར་འཁྲུལ་ཡིན་པ་ནི་དུས་རབས་ཉི་ཤུ་བའི་ནང་གི་འཛམ་གླིང་དམག་ཆེན་གཉིས་པ་དང་ཀོ་རི་ཡའི་དམག་འཁྲུག ཝི་ཏི་ནམ་གྱི་དམག་སོགས་ལས་ཤེས་ཐུབ་པས། འཛམ་གླིང་གི་དཀའ་རྙོག་སེལ་བའི་ཐབས་ལམ་ཡག་ཤོས་ནི་གྲོས་བསྡུར་དང་ཕན་ཚུན་བསམ་ཤེས་བྱས་ཏེ། མི་རིགས་དང་རྒྱལ་ཁབ་ཕན་ཚུན་བར་གྱི་འཁོན་འཛིན་གྱི་ས་བོན་མེད་པ་བཟོ་དགོས་” པའི་རྒྱུ་མཚན་དང་འགྲེལ་བརྗོད་ལྷུག་པོ་གནང་།
རིག་པའི་དབང་ཕྱུག་ཏཱ་ལའི་བླ་མ་མཆོག་གིས་ཡོ་རོབ་སྤྱི་མཐུན་ནི་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་ཡོང་བའི་དཔེ་མཚོན་ཡག་ཤོས་ཤིག་ལ་ངོས་འཛིན་གནང་སྟེ། འཛམ་གླིང་གི་རྒྱལ་ཁབ་གཞན་དང་ལྷག་པར་ “ར་ཤི་ཡ་(Russia) ལ་མཚོན་ན་ཡང་རྒྱལ་མཚམས་རྩིག་གྱང་ 《ར་ཤི་ཡས་ཡུ་ཁུ་རེན་(Ukraine)ཕྱོགས་ཀྱི་རྒྱལ་མཚམས་ལ་སྤྱི་ལེ་ ༢,༠༠༠ ཡོད་པའི་རྩིག་གྱང་བསྐོར་བཞིན་པ་དང་། ཨི་སི་ཌོ་ནི་ཡ་(Estonia) ཕྱོགས་ཀྱི་རྒྱལ་མཚམས་ལ་སྤྱི་ལེ་ ༡༠༦-༡༠༨ ཅན་གྱི་རྩིག་གྱང་བསྐོར་རྒྱུའི་ཐག་གཅོད་བྱས་ཡོད།》དེ་རྒྱལ་ས་མོ་སི་ཁོ་ལ་སྤོར་བ་ཡིན་ན། ར་ཤི་ཡའི་མི་ས་ཡ་མང་པོའི་བསམ་བློ་གཏོང་ཕྱོགས་ལ་ངེས་པར་དུ་འགྱུར་བ་འགྲོ་ཐུབ་” པའི་ཡིད་ཆེས་ཆེན་པོ་ཞིག་ཡོད་པའི་དགོངས་ཚུལ་བསྟན།
འཛམ་གླིང་འདིར་འདས་པའི་དུས་རབས་ནང་རྒྱ་གར་གྱི་གྷན་དྷི་དང་ཨ་རིའི་མ་ཌིན་ ལུ་ཋིར་ ཁིན་(Martin Luther King) སོགས་ཞི་བདེ་དང་འཆམ་མཐུན་རྩོད་ལེན་བྱེད་པའི་སྐྱེས་བུ་མང་པོ་བྱོན་ཡོད་དང་། དེང་སང་ཡང་ཏཱ་ལའི་བླ་མ་རང་ཉིད་ཀྱི་གྲོགས་པོ་བཟང་པོ་ཆོས་དཔོན་ཊུ་ཊུ་མཆོག་ལྟ་བུའི་རླབས་ཆེན་གྱི་སྐྱེས་བུ་མང་པོ་ཞལ་འཚོ་བཞུགས་གནང་ཡོད་ཀྱང་”ཁོང་ལྟ་བུའི་སྐུ་ཚེ་རིང་པོར་བཞུགས་ཐུབ་ན་བསམ་ཡང་། དགུང་ནའི་བབ་ཀྱིས་སྐུ་གཟུགས་བདེ་ཐང་ཡག་པོ་མེད་པ་དེར་ངོས་རང་སེམས་ཁྲལ་འདུག་”ཅེས་གྲོགས་པོའི་བདེ་ཐང་སྐོར་གསུང་སྐབས། འཛུམ་དམུལ་དམུལ་གྱི་ཏཱ་ལའི་བླ་མའི་ཞལ་རས་ལས་སྐྱོ་ཉམས་ཚད་མེད་ཅིག་ཕྱིར་མངོན་པར་མ་ཟད། བདེན་གཏམ་དང་བཞད་སྒྲའི་མཐོ་རླབས་འཕྱུར་བའི་གསུང་གདངས་ཀྱང་ཧ་ཅང་དམའ་མོ་རུ་གྱུར་སོང་།
ཆོས་དཔོན་ཊུ་ཊུ་ལ་མཚོན་ན་ཏཱ་ལའི་བླ་མས་ཤེས་བྱ་ཉམས་འོག་ཏུ་ཆུད་པའི་རིག་སྟོབས་དང་དྲན་འཛིན། དྲན་པ་སྐྱེན་པོ་སོགས་ཀྱིས་ཡིད་དབང་མེད་དུ་འཕྲོག་སྟེ། “ཁྱོད་ཀྱིས་གཞན་གྱི་དྲིས་ལན་དེ་འདྲ་ཇི་ལྟར་དྲན་ཐུབ་ཀྱི་འདུག་”ཅེས་ཡིད་སྨོན་ཚད་མེད་ཅིག་གིས་དྲིས་ཡོད་པར་མ་ཟད། གཏམ་བཤད་ཀྱི་སྐབས་དག་ཏུའང་ཏཱ་ལའི་བླ་མའི་ཡོན་ཏན་གྱི་ཆེ་བ་བརྗོད་པ་ནི་ཁོའི་དགའ་ཕྱོགས་ཤིག་ཡིན་པ་དང་། དཔེར་ན། འཛམ་གླིང་གི་ཞི་བདེ་དེད་དཔོན་རྣམས་ལྷན་འཛོམས་ཚོགས་འདུའི་ཐོག་ཏུ་ཡང་”ཏཱ་ལའི་བླ་མ་མེད་ན་གཟི་བརྗིད་དང་བྲོ་བ་མི་འདུག་”ཅེས་ཀྱང་བཤད་མྱོང་བ་རེད།
ཐེངས་གཅིག་ཊུ་ཊུས་ཏཱ་ལའི་བླ་མའི་སྐུའི་ཡོན་ཏན་དང་རིག་སྟོབས་ཀྱི་ཆེ་བ་བརྗོད་རྗེས་”ཡིན་ན་ཡང་ཁོ་ཡི་ཤུ་བ་མ་རེད་”ཅེས་བཤད་པ་རེད། སྐད་ཆ་འདིའི་བསྟན་དོན་ནི་ཊུ་ཊུ་མཆོག་ཡི་ཤུའི་ཆོས་དཔོན་ཞིག་ཡིན་པའི་ངོས་ནས་བསམ་ན། ཁོང་གི་ཞེ་ཕུག་ན་’ཆོས་ལུགས་གཅིག་’གི་བག་ཆགས་ཤིག་ཡོད་ཀྱང་སྲིད་སྙམ་སྟེ། དུས་རབས་ཉི་ཤུ་བའི་ལོ་རབས་ ༦༠ ནང་ལ་ཨ་རིའི་བུད་མེད་ཅིག་རྒྱ་གར་གྱི་ས་གནས་ཀུ་ལུ་ལ་སྤྲོ་འཆམ་དུ་སོང་ནས་ས་གནས་དེའི་བོད་མི་རྣམས་པ་ཐུག ས་གནས་དེའི་བོད་མི་རྣམས་ཀྱིས་ཨ་རིའི་བུད་མེད་དེའི་སེམས་ལ་བག་ཆགས་ཧ་ཅང་བཟང་པོ་ཞིག་བཞག་རྐྱེན། བུད་མེད་དེ་ཏཱ་ལའི་བླ་མར་མཇལ་བཅར་གྱིས་”བོད་པ་དེ་ཚོ་གཉོམ་ཆུང་ཚུལ་ལྡན་ཧ་ཅང་ཡག་པོ་འདུག་ཀྱང་། ཐབས་སྐྱོ་བ་ཞིག་ལ་ཁོ་ཚོར་ཆོས་ལུགས་མི་འདུག་”ཅེས་ཞུས་པ་རེད། སྐད་ཆ་འདིས་ཡི་ཤུ་བ་རྣམས་ཀྱི་འཆར་སྣང་ལ། ཡི་ཤུ་བ་མིན་པའི་འཇིག་རྟེན་བཀོད་པ་པོ་གཞན་དང་གཞན་འདོད་པའི་ཆོས་ལུགས་ནི་ལོག་ལྟ་ཅན་དང་། འཇིག་རྟེན་བཀོད་པ་པོ་མི་འདོད་པའི་ནང་པའི་ཆོས་ལུགས་ལྟ་བུ་ནི་ཆད་ལྟ་བ་ཡིན་པར་བསྟན་ཡོད།
ཡི་ཤུ་བའི་ལྟ་གྲུབ་ཀྱི་རྨང་གཞིའི་ཐོག་ནས་ཆོས་དཔོན་ཊུ་ཊུ་ཡིས་”ང་ནི་ལྷ་ཡུལ་ལ་འགྲོ་རྒྱུར་གྲ་སྒྲིག་ཨང་སར་ཡིན་ལ། ཏཱ་ལའི་བླ་མ་ནི་ས་ཆ་གཞན་ཞིག་ལ་འགྲོ་རྒྱུ་རེད་”ཅེས་ཀུ་རེ་རྩེས།
“ཁྱོད་ཀྱིས་ཅིའི་ཕྱིར་སློབ་ཕྲུག་ཚོར་བཀའ་སློབ་གནང་རྒྱུར་དགའ་མོས་བྱེད་ཀྱི་ཡོད་” འདི་དེ་རིང་གི་ཏཱ་ལའི་བླ་མའི་གཏམ་བཤད་ཉན་མཁན་མི་ ༢༦,༠༠༠ ལྷག་ཡོད་པའི་ནང་གི་མི་གཅིག་གི་དྲི་བ་རེད། དགུང་ལོ་ ༨༣ ལ་ཉེ་བའི་ཏཱ་ལའི་བླ་མ་མཆོག་གིས་”ང་ཚོའི་མི་ཐོག་འདིས་ཕན་ཚུན་ལ་ཁྱེད་རང་སྔོན་ལ་འགྲོའམ་ང་སྔོན་ལ་འགྲོ་ཞེས་འགྲོ་རྒྱུའི་སྔ་གཞུག་བརྩད་བསྡད་ཡོད་”ཅེས་ཀུ་རེ་རྩེས་ཏེ། གྲུང་ཤ་དོད་པོས་ཁོང་གི་གཏམ་བཤད་ལ་ཉན་བཞིན་པའི་མི་ ༢༦,༠༠༠ ལྷག་འཛོམས་པའི་ར་བ་དེ་ནས་དགོད་སྒྲ་སྐྱིད་པོ་ཞིག་མཁའ་དབྱིངས་ལ་འཕུར་བཞིན་འདུག
ཏཱ་ལའི་བླ་མས་”ལོ་ཆུང་ཚོར་ཐུག་ནས་སྐད་ཆ་བཤད་ན་རང་ཉིད་ཀྱང་ལོ་ཆུང་ཡིན་པའི་སྐྱིད་སྣང་ཞིག་འདུག་”ཟེར། གཅིག་བྱས་ན་ཁོང་གི་གསུང་འདིའི་ནང་ན་དེ་ལྟ་བུའི་ཁོང་གི་ཚོར་བ་ངོ་མ་ཞིག་ཀྱང་ཡོད་སྲིད། ཡིན་ན་ཡང་ཁོང་གིས་ངལ་བ་ལ་མི་འཛེམས་པར་མང་ཚོགས་དང་ལྷག་པར་གཞོན་སྐྱེས་ཚོར་གཏམ་བཤད་གནང་བའི་དམིགས་ཡུལ་ངོ་མ་ནི་”གཞོན་སྐྱེས་རྣམས་ནི་མ་འོངས་པར་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་ཡོང་བའི་བ་སོན་དང་། མ་འོངས་པར་འཛམ་གླིང་ཞི་བདེ་སྐྲུན་པའི་འོད་སྣང་དེ་ཡིན་”ཞེས་རིག་པའི་དབང་ཕྱུག་ཏཱ་ལའི་བླ་མ་མཆོག་གིས་འཛམ་གླིང་གི་མ་འོངས་པའི་རེ་བ་དེ། ད་ལྟའི་གཞོན་སྐྱེས་ཚོ་ལ་བཅོལ་འདུག
དེ་རིང་གི་ཏཱ་ལའི་བླ་མའི་གཏམ་བཤད་འདི་ཆུ་ཚོད་ ༡ ལྷག་ཙམ་གྱི་ཡུན་ལས་མེད་ཀྱང་། གཏམ་བཤད་ར་བར་དངོས་སུ་མི་སྟོང་ཕྲག་ ༢༦ ལྷག་འཛོམས་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་བཀོད་ཡོད་པ་ལས་གཞན། ངོ་དེབ་དྲྭ་ཚིགས་ནས་ལྟ་མཁན་ཡང་སྟོང་ཕྲག་མང་པོ་ཡོད།
ཐད་གཏོང་ངོ་དེབ་ཀྱི་ཞབས་མཆན་ལ་ “ཏཱ་ལའི་བླ་མ། ང་ཁྱོད་ལ་དགའ་”ཟེར་བ་དང་། “ཏཱ་ལའི་བླ་མ་ཁྱོད་ནི་འཛམ་གླིང་གི་དྲང་བདེན་སྨྲ་བའི་སྐྱེས་བུའོ།།” “ཏཱ་ལའི་བླ་མ་ཁྱོད་ནི་དཀོན་མཆོག་གསོན་པོའོ།།” “ཏཱ་ལའི་བླ་མ་ཁྱོད་ནི་སངས་རྒྱས་གསོན་པོའོ།།” ཏཱ་ལའི་བླ་མ་ཁྱོད་ནི་ཞི་བདེའི་ཀ་བའོ་”ཞེས་སོགས་ཐད་གཏོང་ལྟ་མཁན་སོ་སོའི་སེམས་ནང་གི་རིན་ཐང་ཆེ་ཤོས་ཀྱི་བསྟོད་ཚིག་དག་གིས་བསྟོད་བཞིན་འདུག
ཉིན་ཤས་གོང་མེ་ཡའོ་སྨན་ཁང་གིས་རིག་པའི་དབང་ཕྱུག་ཏཱ་ལའི་བླ་མ་མཆོག་གི་སྐུ་གཟུགས་བདེ་ཐང་ཡིན་པའི་གཏམ་བཟང་སྤེལ་ཡོད་ན་ཡང་། དགུང་ནའི་བབ་ཀྱིས་ཁོང་གི་ཞབས་པུས་དེ་ཙམ་བདེ་བོ་མིན་པས། དགུང་ལོ་ ༨༣ ལ་ཉེ་བའི་བགྲེས་སོང་ཞིག་ཡར་ལངས་ཏེ་ཆུ་ཚོད་ ༡ ལྷག་ལ་གཏམ་བཤད་བྱེད་པ་ནི་དེ་འདྲའི་ལས་སླ་བོ་ཞིག་མ་རེད།
ལོ་ཤས་གོང་རྗར་མན་གྱི་པུས་མོའི་ཆེད་ལས་སྨན་པ་ཞིག་གིས་ཀྱང་”ཁྱོད་ལོ་ ༡༨ མ་རེད། ལོ་ ༨༠ རེད་”ཅེས་སྐྱེས་མཆོག་ཏཱ་ལའི་བླ་མའི་ཞབས་པུས་ཅུང་མི་བདེ་བ་དེ་ལོ་ཚོད་ཀྱིས་ཡིན་པ་ལས་ན་ཚ་གཞན་ཅི་ཡང་མིན་པའི་གསལ་བཤད་བྱས་ཡོད་ཀྱང་། ཡུན་རིང་བཞེངས་ནས་གཏམ་བཤད་གནང་བ་མཇལ་ན་སེམས་ནང་ནས་དེ་འདྲའི་སྐྱིད་པོ་བདེ་མོ་ཞིག་མའི་ཚོར་བ་དེ་རྒྱུས་ཡོད་ཀུན་ལ་ཡོད་ངེས་རེད།
རིག་པའི་དབང་ཕྱུག་ཏཱ་ལའི་བླ་མ་མཆོག་གིས་ཕྱག་གི་ཆུ་ཚོད་ལ་གཟིགས་ཏེ་”ངས་གོང་དུ་གང་བཤད་པ་དེ་རྒྱལ་རབས་ལོ་རྒྱུས་དང་སྒྲུང་བཤད་པ་ལྟ་བུ་མིན་པས། ཐུགས་རྗེ་གཟིགས་་་ཁྱོད་ཚོས་ངེས་པར་དོ་སྣང་དང་ལག་བསྟར་གནང་རོགས། མི་གཅིག་གིས་གཉིས་དང་གཉིས་ཀྱིས་ལྔ། ལྔ་ཡིས་བཅུ། བཅུ་ཡིས་ཉི་ཤུ་སོགས་ལ་སྤེལ་ཏེ། འཆམ་མཐུན་དང་ཞི་བདེའི་འཛམ་གླིང་ཞིག་ཡོང་བར་ནུས་ཤུགས་མཉམ་འདོན་གནང་རོགས་”ཞེས་འཛམ་གླིང་ན་སྙན་གྲགས་ཆེ་བའི་ཏཱ་ལའི་བླ་མ་མཆོག་གིས་མི་མང་སྟོང་ཕྲག་ ༢༦ ལྷག་ལ་ཞུ་བ་བྱེད་སྟངས་ལ་བལྟས་ན། ཁོང་གིས་འཛམ་གླིང་བདེ་ཐབས་ལ་ཐུགས་ཁུར་ཅི་ཙམ་གནང་བཞིན་ཡོད་པ་ཧ་ཅང་གསལ་བོ་རེད།
ཏཱ་ལའི་བླ་མ་མཆོག་གིས་དུས་དང་རྣམ་པ་ཀུན་དུ་རང་ཉིད་བློས་གཏོང་གནང་སྟེ་འཛམ་གླིང་ཞི་བདེ་དང་ཆོས་ལུགས་འཆམ་མཐུན། མི་རིགས་མཐུན་སྒྲིལ་ཡོང་བར་ལྷག་བསམ་ཟོལ་མེད་ཀྱིས་འབད་བརྩོན་གནང་བཞིན་པ་དེས། རྒྱ་གར་གྱི་ལྟ་གྲུབ་སྨྲ་བའི་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་(སྤྱི་ལོ་ ༡༥༠ ལོར་འཁྲུངས་ཏེ། སྤྱི་ལོ་ ༢༥༠ ལོར་འདས།) ཀྱིས་ “ཁྱེད་ཀྱིས་སེམས་ཅན་གཞན་དོན་དུ།། སྐུ་སྲོག་བཏང་ནས་དགྱེས་གྱུར་གང་།། དེ་འདྲ་སེམས་ཅན་བཀུམས་པ་ལས།། སོས་པ་རྣམས་ལའང་བྱུང་མ་གྱུར།།” ཞེས་པའི་སྡོམ་ཚིག་དེ་དུས་རབས་འདིར་སླར་ཡང་དྲན་གསོ་མི་བྱེད་ཀ་མེད་དུ་གྱུར།
“ཧ་ཅང་ཐུགས་རྗེ་ཆེ། ཐུགས་རྗེ་ཆེ། རྗེས་མར་མཇལ་ཡོང་”ཞེས་རིག་པའི་དབང་ཕྱུག་ཏཱ་ལའི་བླ་མ་མཆོག་གིས་མི་མང་ལ་ཞིབ་ཚགས་དང་གུ་ཡངས་ཀྱིས་གཟིགས་བཞིན་གྱེས་ཁའི་ཕྱག་ཐལ་མོ་ཡང་ཡང་སྦྱོར་བ་དང་། ཕྱག་གཡས་ཡང་ཡང་གཡོབ་བཞིན་”རྗེས་མར་མཇལ། རྗེས་མར་མཇལ་” གསུང་བཞིན་སྡིངས་ཆའི་སྟེང་ནས་ལྭ་བ་ནག་པོ་གྱོན་པའི་སྐུ་སྲུང་ཚོ་དང་ལྷན་ཡོལ་བའི་རྒྱབ་ཏུ་བཞུད་སོང་།
ག་ལེར་ཕེབས། རྗེས་མར་མཇལ།