ཨ དོན་ཉིས་བསྒྱུར།
མི་རྣམསས་གླང་ཁྱུ་རྔོན་པར་ཡུལ་ནས་ཡུལ་དུ་འགྲོ་བཞིན་ཡོད། ཁོ་ཚོ་ལ་གུར་དང་ཅ་ལག་འགེལ་སའི་ཁལ་རྟ་མང་བོ་ཡོད་ལ། གླང་ཁྱུ་རྔོན་དུས་བང་རྩལ་འཛོམས་ཆེད་རྟ་གང་མགྱོག་རྣམས་ལ་སྦྱོང་བརྡར་ཡང་སྤྲོད་བཞིན་ཡོད།
གྲོང་སྡེ་དེ་ན་རྟ་ལ་ཧ་ཅང་དགའ་བའི་བུ་མོ་ཞིག་ཡོད། འདབ་ཆགས་ཀྱི་ཚོགས་ཀྱིས་གླུ་བླངས་ནས་ཉི་རྩེ་ས་ལ་ཤར་བར་བསུ་མ་བྱེད་དུས། བུ་མོ་ཡར་ལངས་ནས་རྟ་རྣམས་ཆུ་ཁར་ཆུ་ལྡུད་དུ་འཁྲིད་པ་རེད། མོས་སྐད་ངག་འཇམ་པོའི་རྟ་ཁྱུ་ལ་གླེང་མོ་བྱེད་པ་དང་རྟ་ཁྱུ་ཡང་མོའི་རྗེས་སུ་འབྲངས་ནས་འགྲོ ས་དེའི་མི་རྣམས་ཀྱིས་བུ་མོས་རྟ་རྣམས་ལ་ཐུན་མོང་མ་ཡིན་པའི་ལམ་ནས་གོ་བརྡ་འཕྲོད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ནས་ངོ་མཚར་སྐྱེས། དེ་ཡང་བུ་མོ་དེས་རྟ་རྣམས་ཀྱིས་ཆེས་ཟ་ན་འདོད་པའི་རྩྭ་གང་ཡིན་པ་དང་། ཁ་བ་བུ་ཡུག་འཚུབ་པའི་དགུན་དུས་སུ་ས་ཆ་ཅི་ལྟ་བུ་ནས་གནས་འཆའ་བ་སོགས་གསལ་བོར་ཤེས། རྟ་ལ་གནོད་འཚེ་འདྲ་ཐེབས་པ་ཡིན་ན་བུ་མོས་རྟ་ལ་བདག་སྐྱོང་ལེགས་པོ་བྱེད།
བུ་མོ་དེས་ཉི་མ་རེ་རེར་རང་གི་ཨ་མ་ལ་ཆུ་འཁུར་རོགས་དང་བུད་ཤིང་བསྡུ་རོགས་བྱེད་པའི་དུས་སུ། ཁོ་མོ་རྟ་ཁྱུའི་གམ་དུ་སོང་ནས་རྟ་དང་མཉམ་དུ་སྤང་ཐང་ནས་འདུག་རྒྱུར་དགའ། འོན་ཀྱང་ཁོ་མོ་རང་ཁྱིམ་མིག་གིས་མི་མཐོང་བའི་ཐག་རིང་ལ་དེ་ཙམ་མི་འགྲོ ཉི་མ་ཤིན་ཏུ་ཚ་བའི་ཉིན་ཞིག་ལ་བུ་མོར་གཉིད་རྒྱུ་ཞིག་ཐོན་པས་མོས་ས་ལ་བསྟན་བཏིངས་ཤིང་དེའི་ཁུག་ལ་གནར་ནས་བསྡད། བུ་མོས་རྟ་ཁྱུས་རྩྭ་ཟོས་པའི་སྒྲ་དང་མེ་ཏོག་གི་དྲི་བསུང་ཁྲོད་སྤོས་པའི་རྟའི་རྨིག་སྒྲ་ཐོས་ནས་སེམས་པ་དགའ་ལྷང་ལྷང་དུ་གྱུར་ནས་རེ་ཞིག་གཉིད་དུ་ཡུར་སོང་། ཡུན་རིང་པོ་མ་འགོར་བར་རྒྱང་རིང་ནས་འབྲུག་སྒྲ་ཆེན་པོ་ཞིག་དལ་གྱིས་གྲགས་བྱུང་ནའང་། འབྲུག་སྒྲས་བུ་མོ་གཉིད་ལས་བསླངས་མ་ཐུབ། ནམ་མཁའ་ཡོངས་སུ་སྤྲིན་ནག་འཁྲིགས་ཤིང་གློག་དམར་འཁྱུག་འོང་ནའང་། བསིལ་འཇམ་གྱི་རླུང་བུ་དང་དྲི་ཞིམ་གྱི་ཆར་བས་བུ་མོ་སྔུར་བ་འཐེན་བཞིན་མུ་མཐུད་གཉིད་དུ་བཅུག་པའི་རམ་འདེགས་མཛད།
དར་ཅིག་ཕྱིན་རྗེས་གནམ་ནས་གློག་དམར་འཁྱུག་ཅིང་ས་ལ་ཐོག་གིས་བརྒྱབ་ནས་ས་ཆེན་ཡོམ་ཡོམ་དུ་སྒུལ་བ་ན། བུ་མོ་འཕག་མཆོངས་གཅིག་གིས་ཞེད་སྣང་དང་བཅས་གཉིད་ལས་སད། ཁོ་མོས་ཕྱོགས་ཡར་མར་ལ་འཁྱུག་ཙམ་བལྟས་པ་ན་ཡོད་ཚད་ཧ་གོ་སོང་། རྟ་ཁྱུས་རྨིག་སྒྲ་དང་འཚེར་སྐད་སྒྲོག་བཞིན་དོན་མི་ལེགས་པ་ཞིག་འབྱུང་བའི་སྔ་ལྟས་སུ་ཕྱོགས་ཕྱོགས་སུ་ཞོགས་ཀྱི་འདུག བུ་མོ་དེ་མ་ཐག་ཏུ་རྟ་ཕོ་གཅིག་གི་རྔོག་མར་འཇུས་ནས་རྟ་རྒྱབ་ལ་མྱུར་སྟབས་ཀྱིས་བུད་དེ་རླུང་ལྟར་ཞོགས་བཞིན་པའི་རྟ་ཁྱུ་འགོག་རྩིས་བྱས་ནས་སྐད་བརྒྱབ་ནའང་། བུ་མོའི་སྐད་སྒྲ་ནི་འབྲུག་ལྡིར་ཙག་གློག་ཁྲོད་དུ་འཐིམ་སོང་བས་རྟ་ཁྱུ་རྩ་བ་ནས་འགོག་མ་ཐུབ།
དེ་བས་བུ་མོ་རྔ་སྒྲ་ལྟར་གྲགས་པའི་རྟ་ཁྱུའི་རྨིག་བར་ལ་ལྷུང་བར་སྐྲག་ནས་ལག་པ་རྟའི་རྔོག་མར་འབྱར་ནས་རྟ་རྒྱབ་ཏུ་དམ་པོར་འཐམས།
རྟ་ཁྱུའི་བང་འགྲོས་ནི་ལྗན་ལྗིན་གྱི་ལྡོག་བཞུར་གཙང་པོ་ཞིག་དང་འདྲ་བར། འབྲུག་ལྡིར་ཙག་གློག་ཁྲོད་ཇེ་མགྱོག་ནས་ཇེ་མགྱོག་ཏུ་གྱུར། རྫ་རི་དང་སྤང་ཐང་ཁད་ཀྱིས་གཤེགས་ཏེ་འཇིགས་སྐྲག་གིས་འདྲོགས་ཤིང་བྲོས་སོང་། རྟ་ཁྱུས་རང་ཉིད་ལ་བརྩེ་བ་ཧ་ཅང་ཟབ་པའི་རྩྭ་ཐང་རྒྱབ་ཏུ་བསྐྱུར་ནས་ཐག་རིང་དུ་ཞོགས་མཐར། དྲག་ཆར་དང་རླུང་འཚུབ་ཡང་རེ་ཞིག་གནམ་སའི་མཚམས་སུ་དྭངས་སོང་ལ། ངལ་ཞིང་དུབ་པར་གྱུར་བའི་རྟ་རྣམས་ཡུན་གྱིས་ལྷོད་དུ་ཆགས་ཤིང་དལ་གྱིས་བག་ཡངས་པར་གྱུར་པ་ན། བུ་མོས། མོ་དང་རྟ་ཁྱུ་རྣམས་མཚན་མོའི་སྐར་ཚོམ་གྱི་བཀྲག་མདངས་ཕྱི་ལ་མངོན་ཞིང་། དཀར་གསལ་ཟླ་འོད་ཀྱི་བསིལ་ཟེར་རི་ལུང་མང་བོར་ཁྱབ་པའི་ས་ཆ་རྒྱུས་མེད་ཅིག་ལ་ཐོན་འདུག་པ་མཐོང་བས། ཁོ་ཚོ་མགོ་འཁོར་སོང་བ་གཞི་ནས་ཤེས།
ཕྱི་ཉིན་ཞོགས་པར་བུ་མོ་ལྷང་ལྷང་དུ་གྲགས་པའི་རྟའི་འཚེར་སྐད་ཅིག་གིས་གཉིད་ལས་བསླངས་ཤིང་། མོའི་མིག་ལམ་གྱི་མཛེས་ཤིང་ལྟ་ན་སྡུག་པའི་ས་ཆ་དེ་ན། ཤེའུ་ཐིག་ཅན་གྱི་རྟ་གསེབ་གཅིག་གིས་འཚེར་སྐད་ལྷང་ལྷང་སྒྲོག་བཞིན་རྨིག་པས་ས་རྡུལ་བསླངས། རྔོག་ཆུང་བར་སྣང་དུ་སྐྱོད་བཞིན་འགྱིང་འགྲོ་བྱེད་པ་མཐོང་། རྟ་གསེབ་དེ་ཤ་ཤེད་རྒྱས་ཤིང་སྤོབས་པས་ཁེངས་འདུག་པར་མ་ཟད། རྟ་གསེབ་དེ་བུ་མོས་སྔོན་ཆད་རྨི་ལམ་ལའང་རྨིས་མ་མྱོང་བའི་རྟ་མཆོག་ཡིད་དུ་འོང་བ་ཞིག་རེད། རྟ་གསེབ་དེས་བུ་མོ་ལ། བདག་ནི་རི་ལུང་ཀུན་ཏུ་བག་ཡངས་སུ་འཁྱམས་བསྡད་ཡོད་པའི་རྟ་ཁྱུ་ཐམས་ཅད་ཀྱི་བདག་པོ་ཡིན། བུ་མོ་ཁྱོད་གནས་འདིར་ཕེབས་པར་དགའ་བསུ་ཞུ་ཞེས་བརྗོད་པ་ན། བུ་མོ་ཡང་ཧ་ཅང་དགའ་བར་གྱུར། ཁོ་མོའི་རྟ་ཁྱུས་ཀྱང་མགོ་བོ་བར་སྣང་ལ་བཏེགས་ཏེ་དགའ་སྤྲོའི་མགོ་མཆོད་ཡང་ཡང་འཕེན་བཞིན། རི་ལུང་དེའི་རྟ་ཁྱུར་འགྲོགས་ནས་རང་དབང་གི་འཚོ་བ་ལོངས་སུ་སྤྱོད་འགོ་བརྩམས།
དེ་ཡང་ཕ་ཡུལ་གྱི་མི་རྣམས་ཀྱིས་གར་སོང་ཆ་མེད་དུ་གྱུར་བའི་བུ་མོ་དང་རྟ་ཁྱུ་གང་ས་གང་དུ་བཙལ་ཀྱང་། བུ་མོ་དང་རྟ་ཁྱུ་རྩ་བ་ནས་རྙེད་མ་སོང་། ལོ་གཅིག་ཕྱིན་པའི་རྗེས། རྔོན་པ་རྟ་གཞོན་གཉིས་རྟ་ཡན་རྣམས་འཚོ་སྡོད་བྱས་ཡོད་པའི་རི་རྩེར་འགོས་ནས་བལྟས་པ་ན། རྔོན་པ་དེ་གཉིས་ཀྱིས་ཡིད་དུ་འོང་བའི་ས་ཆ་དེར་རྟ་གསེབ་ཤེའུ་ཐིག་ཅན་ཞིག་གིས་རྟ་ཁྱུ་རྣམས་ལ་བདག་པོ་བརྒྱབ་ཡོད་པ་མཐོང་ཞིང་། རྟ་གསེབ་དེའི་འཁྲིས་ན་བུ་མོ་རྟ་གཞོན་ཞིག་གིས་རྟེའུ་ཕྲུག་ཅིག་རྗེས་སུ་ཁྲིད་ཡོད་པ་ཡང་མཐོང་སོང་། རྔོན་པ་གཉིས་ཀྱིས་མྱུར་དུ་བུ་མོ་ལ་སྐད་བརྒྱབ་ནས་བོས་པ་ན། བུ་མོས་ཀྱང་ཁོ་གཉིས་ལ་ལག་བརྡ་ཡང་ཡང་བྱས། སྐབས་དེར་རྟ་གསེབ་དེས་བུ་མོ་དང་རྟ་ཁྱུ་རྣམས་སྐད་ཅིག་གཅིག་ལ་ཕར་ཕྱོགས་སུ་དེད་ནས་བུད་སོང་།
རྔོན་པ་དེ་གཉིས་མགྱོག་པོར་ཡུལ་ལ་སོང་ནས་སྡེ་མི་ཚོར་བུ་མོ་དང་རྟ་རྣམས་མཐོང་ཚུལ་ལབ་པ་ལ། ཡུལ་དེའི་སྐྱེས་པ་སྐོར་ཞིག་རྟ་ལ་ཞོན་ནས་སྐད་ཅིག་གིས་བུ་མོ་བསུ་བར་ལམ་ལ་ཆས་སོང་། རྟ་པ་ཚོས་ཡུན་རིང་བདའ་ཡང་རྟ་གསེབ་དེས་རྔོག་མ་རླུང་དུ་སྐྱོད་ཅིང་འཚེར་སྐད་ལྷང་ལྷང་སྒྲོག་བཞིན། བུ་མོ་དང་རྟེའུ་ཕྲུག་གཉིས་ཀྱི་མཐའ་སྐོར་ནས་རྟ་པ་རྣམས་ཐག་ཉེར་བཏུད་པར་འགོག་རྒོལ་ཡང་ཡང་བྱས། རྟ་པ་ཚོས་ཞགས་ཐག་འཕངས་ནས་རྟ་གསེབ་འཛིན་ཐབས་བྱས་ཀྱང་རྟ་གསེབ་གཏན་ནས་འཛིན་མ་ཐུབ་པར་མ་ཟད། རྟ་གསེབ་དེས་མིག་གཉིས་སྐར་ཆེན་བཞིན་འོད་དུ་འཚེར་ཞིང་། སྣ་ཁུང་ནས་ཤུགས་སྒྲ་བསྒྲགས། རྨིག་པས་གློག་འཁྱུག་པ་ལྟར་ས་ལ་བྲད་ནས་འཇིགས་སྣང་མེད་པར་བུ་མོ་དང་རྟ་ཁྱུའི་མཐའ་ཁར་རྒྱུག་ཤད་འཐེན་ནས་སྲུང་སྐྱོབ་བྱས། བུ་མོ་བསུ་བར་ཡོང་བའི་རྟ་པ་རྣམས་རྟ་གསེབ་ཀྱི་འགོག་རྒོལ་སྙིང་སྟོབས་ལ་ཡིད་སྨོན་སྐྱེས་ཏེ། ཁོ་ཚོའི་སེམས་ལ། རྟས་བུ་མོ་སར་འཕངས་ནས་ཁ་སྦུབ་ཏུ་མ་གྱེལ་བ་ཡིན་ན་ཁོ་ཚོས་བུ་མོ་གཏན་ནས་འཛིན་ཐབས་མེད་ཨང་སྙམ་ནས་བུ་མོ་རྟ་རྒྱབ་ནས་སར་འཕངས་པའི་རྟ་ལ་བཀའ་དྲིན་ཞུས་པ་རེད།
དེ་ནས་བུ་མོ་རང་གི་ཕ་མ་གཉིས་ལ་སླར་ཡང་ངོ་འཕྲད་པར་རེ་ཞིག་དགའ་སྤྲོ་སྐྱེས་ཤིང་། ཡུལ་མི་ཚོས་ཀྱང་བུ་མོ་ཕྱིར་ཕ་ཡུལ་དུ་ལོག་པར་དགའ་སྤྲོ་དཔག་མེད་སྐྱེས་ཡོད་སྙམ་ན་ཡང་། བུ་མོ་དེ་ལས་ལྡོག་སྟེ་རྟེའུ་ཕྲུག་དང་རྟ་ཁྱུ་དྲན་ནས་སྐྱོ་གདུང་གི་ནང་དུ་ཚུད་ཡོད་པའི་རྣམ་པ་དེ་ལ་ཡུལ་མི་ཚོ་ཧང་སངས་པར་གྱུར། དེ་ཡང་ཉི་མ་ནུབ་ཕྱོགས་སུ་བཞུད་པའི་ཕྱི་དྲོ་རེ་རེ་ལ་རྟ་གསེབ་དེས་གྲོང་ཚོའི་རི་རྩེ་ནས་སྐྱོ་གདུང་གི་འཚེར་སྐད་ལྷང་ལྷང་སྒྲོག་བཞིན་བུ་མོ་ལ་ཕྱིར་ཕེབས་རོགས་ཞེས་པའི་འབོད་སྒྲ་ཡུལ་མི་ཚོའི་ཐོས་འཛིན་གྱི་བུ་གར་རྒྱུ་འོང་། དེ་ལྟར་ཉི་མ་རེ་རེ་ཕར་འདས་པ་ན། ཕ་མ་གཉིས་ཀྱིས་རང་གི་བུ་མོ་འདི་གྲོགས་མེད་ཁེར་རྐྱང་ཡིན་པའི་དཀའ་ངལ་རྟོགས་ཤིང་བུ་མོ་ཡང་རིམ་བཞིན་ནད་པར་གྱུར། བུ་མོ་སྨན་པར་བསྟན་ཀྱང་ཕན་ཅི་ཡང་མ་ཐོགས། དེ་བས་ཕ་མ་གཉིས་སེམས་ཁུར་གྱིས་མནར་ཏེ་བུ་མོ་ལ་ཁྱོད་སླར་ཡང་སྐྱིད་པོ་འབྱུང་བར་ཅི་བྱ་དགོས་ཞེས་དྲིས་པ་ན། བུ་མོ་ན་རེ། རྟ་ཁྱུ་དེ་དག་ངའི་གཉེན་ཉེ་ཡིན་པས་ང་རང་རྟ་ཁྱུ་དང་མཉམ་དུ་བསྡད་ནས་རི་ལུང་ཐང་གསུམ་ལ་རང་དབང་གིས་རྒྱུག་ན་འདོད། ཁྱོད་ཀྱིས་ང་རྟ་ཁྱུ་མང་བའི་ས་ཆ་དེར་ཕྱིར་མངགས་པ་ཡིན་ན་ང་ལ་བདེ་སྐྱིད་བསམ་མི་ཁྱབ་ཅེས་ལན་བཏབ།
ཕ་མ་གཉིས་རང་གི་བུ་མོ་ལ་བརྩེ་བ་ཤིན་ཏུ་ཟབ་པས་བུ་མོ་ལག་ནས་གཏོང་མི་འདོད་ན་ཡང་། མོའི་བསམ་པ་རྫོགས་ཕྱིར་བུ་མོ་རྟ་ཁྱུ་དང་ལྷན་དུ་སྡོད་པར་རི་ལ་གཏོང་བའི་སེམས་ཐག་བཅད། བུ་མོ་ལ་གྱོན་གོས་གཙང་མ་བཟོས་ནས་སྡེ་བའི་ནང་གི་རྟ་མཆོག་ཅིག་ཀྱང་གཞོན་རྟར་གནང་བ་དང་། ཤེའུ་ཐིག་ཅན་གྱི་རྟ་གསེབ་དེས་ཀྱང་རྟ་ཁྱུ་རྣམས་རི་ནས་ཕབ་སྟེ་བུ་མོ་བསུ་བར་ཕེབས་བྱུང་། ཡུལ་མི་ཚོས་རྟ་རྣམས་ལ་མདོག་ལྡན་གྱི་ཁེབ་མ་དང་རྟ་སྒ་ཤན་མ་བཅས་སྒ་སྲབ་སུམ་འཛོམས་ཀྱི་རྫོང་བ་ཡང་བྱིན། ད་དུང་ཡུལ་མི་ཚོས་རྟའི་གཟུགས་གཞི་ལ་ཚོན་རྩི་བྱུགས་ནས་རི་མོ་བྲིས་པ་དང་། རྟའི་རྔ་རྔོག་ནང་དུ་གླག་རྒོད་ཀྱི་སྒྲོ་ཐུལ་རྒྱན་ཆ་བཏགས། བུ་མོ་དེ་ལྟར་རྣམ་ཤེས་ཀྱི་རྒྱུན་ཐག་སྦྲེལ་བའི་རྟ་ཁྱུའི་ལུང་པར་མངགས།
དེ་ཡང་བུ་མོ་ཕྱིར་རང་གི་ཕ་མ་གཉིས་ལ་ལྟ་རུ་ཡོང་དུས། ཕ་མ་གཉིས་ལ་རྟེའུ་ཕྲུག་གི་ལེགས་སྐྱེས་རེ་ཕུལ་བས་ཡུལ་དེའི་མི་རྣམས་ཧ་ཅང་དགའ་བར་གྱུར།
བུ་མོ་རྟ་གསེབ་ཤེའུ་ཐིག་ཅན་དེའི་འཁྲིས་སུ་སླར་ཡང་རྟ་ལ་བཅིབས་ནས་རི་ལུང་འགྲིམ་པའི་སྐལ་བཟང་ཐོབ་པར་ཁོ་ཚོ་ཚང་མ་དགའ་སྤྲོས་ཁྱབ་ཅིང་སྤོབས་པས་ཁེངས། འོན་ཀྱང་བུ་མོས་རང་གི་ནང་མི་གཏན་ནས་བརྗེད་མེད་དེ། ལོ་རེ་རེར་ཕ་མ་གཉིས་ལ་ལྟ་རུ་འགྲོ་དུས་ཨ་ཕ་དང་ཨ་མ་གཉིས་ལ་རྟེའུ་ཕྲུག་གི་ལེགས་སྐྱེས་བྱིན་པ་རེད།
དེ་ནས་ལོ་ཞིག་ལ་བུ་མོ་ཕ་ཡུལ་དུ་ལོག་རྒྱུ་མ་བྱུང་ཞིང་ཁོ་མོའི་གྲིབ་གཟུགས་ཙམ་ཡང་གཏན་ནས་མཐོང་རྒྱུ་རིག་རྒྱུ་མེད་པར་གྱུར། རྗེས་སུ་རི་དྭགས་རྔོན་མཁན་ཚོས་རྔ་རྔོག་སྤྲིན་ལྟར་བཀླུབས་པའི་མཛེས་སྡུག་ཡིད་འོང་གི་རྒོད་མ་ཞིག རྟ་གསེབ་དེའི་འཁྲིས་ན་རང་དབང་གི་བང་དང་བཅས་རི་ལུང་ཀུན་ཏུ་བག་ཡངས་སུ་རྒྱུ་བ་མཐོང་སྟེ་ན་རེ། བུ་མོ་རྟ་ཁྱུ་དེ་དག་ལས་གཅིག་གི་རྣམ་ཤེས་སུ་གྱུར་ཡོད་པ་ཐག་གིས་ཆོད་དོ་ཅེས་ཕན་ཚུན་ལ་བདེན་ལྕོག་ལྕོག་གིས་བཤད། ཡུལ་དེའི་མི་ཚོས། ང་ཚོ་ལ་རྟ་དང་མིའི་དབར་ན་བརྩེ་དུང་ཤིན་ཏུ་ཟབ་པའི་གཉེན་ཉེའི་འབྲེལ་བ་ཡོད་པར་དྲན་ན་སེམས་ཁོང་དགའ་སྤྲོས་ཁྱབ་ཡོང་ལ། རླུང་ལྟར་བསྐྱོད་བཞིན་པའི་རྟ་ཁྱུའི་རང་དབང་བག་ཡངས་ཀྱི་བང་རྩལ་དེ་མཐོང་ན། རང་ཅག་ལ་བརྗོད་ཀྱིས་མི་ལངས་པའི་སྤྲོ་སེམས་གསར་བ་སྟེར་ཡོང་ཞེས་དགའ་དཀྲོག་དཀྲོག་གིས་ཐལ་ལོ།།
ནཱ་པ་ཧོ་མི་རིགས་ཀྱི་རྟ་གླུ
ང་ཡི་རྟ་ལ་གཟི་མིག་དགུ་ཁྲའི་རྨིག་པ་ཡོད།
སུག་བཞིའི་སྤུ་ཚོམ་གླག་གི་གཤོག་སྒྲོ་བརྐྱངས་འདྲ་ཡོད།
རྐང་པ་གཉིས་བོ་གློག་དམར་འཁྱུག་པའི་མྱུར་བཞག་བཞིན།
བདག་གི་རྟ་གཟུགས་གླག་གཤོག་བཀུག་འདྲའི་གཞུ་རྒྱུད་བཞིན།
རྟ་ཕོའི་མཇུག་མ་སྤྲིན་ནག་ས་ལ་ཉིལ་བ་བཞིན།
རྟ་ཕོའི་རྔོག་ཆུང་འཇའ་ཚོན་སྣ་ལྔ་བསླེས་པ་བཞིན།
རྟ་ཕོའི་རྣ་བ་མ་རྨོའི་ལོ་ཏོག་སྐོར་བ་བཞིན།།
བདག་རྟའི་མིག་ཟུང་སྐར་ཆེན་རེ་རེས་བཟོས་པ་ཡིན།
བདག་རྟའི་དུང་སོ་ཉ་ལྕིབ་དཀར་པོས་བཞེངས་པ་ཡིན།
འཇའ་ཚོན་རིང་བོ་རྟ་ལ་བསྐོན་པའི་ཁ་མུར་བཞིན།
ཁ་མུར་དེ་གས་རྟ་ཕོའི་ལམ་སྣ་བདག་གིས་འཁྲིད།
བདག་གི་རྟ་ཁྱུས་བང་རྩལ་ངོམ་བཞིན་འོང་གིན་གདའ།།
བདག་གི་རྟ་ཁྱུས་འཚེར་སྐད་ལྷང་ལྷང་ཕེབས་བཞིན་གདའ།།
འཛམ་གླིང་ཧྲིལ་པོ་ངང་གིས་སྐོར་ནས་འོང་གིན་གདའ།།
རྟ་ཡི་རྒྱལ་ཁམས་གར་ལ་རོལ་བཞིན་ཕེབས་པ་ལ།།
ཁྱོད་ཅག་དེ་ལ་རྣ་བ་མ་གཡེང་ལྟོས་ཤིག་ཨང་།།
ཅ་ལག ཅེས་པར། སྤྱད་ལག ཅེས་ཀྱང་བྲིས། གང་དེ་དག་པ་ཡིན་ནམ། ཁུངས་མཁྱེན་ཆུབ་ཡོད་མཁན་འདྲ་བཞུགས་སམ།
ལྟོས་ཤིག་ཨང་། ཞེས་པར། དང་། སྒྲ་ཟུར་ཆག་ཨང་དུ་ཆགས།
་
དང་ནི་སྡུད་འབྱེད་རྒྱུ་མཚན་དང་།
ཚེ་སྐབས་གདམས་ངག་ལྔ་ལ་འཇུག
་
ཅེས་དབྱངས་ཅན་གྲབ་པའི་རྡོ་རྗེས་གསུངས་སོ།