སྤོབས་པ་མཐའ་ཡས།
དངུལ་གྱི་འཛའ་ཐང་དེ་རིང་ཞོགས་པར་དྲྭ་གྲོགས་སྟག་སྨྱོན་གྱིས་གསེར་གྱི་གོང་མར་ཆག་ཡོད་ཚུལ་ཞིག་གླེང་འདུག་པས་ངས་དངུལ་གྱི་འཛའ་ཐང་སྐོར་ཞིག་འདྲི་འདོད་བྱུང་། དེང་སང་རྒྱ་མིའི་མི་དམངས་ཤོག་སྒོར་འདི་འཛའ་ཐང་ཧ་ལས་པ་ཞིག་ཡར་འཕར་འདུག དེ་རྒྱ་ནག་རང་ཉིད་ལ་མཚོན་ན་ལེགས་ཉེས་གང་ཞིག་ཡིན་ནམ། དཔེར་ན། ཨ་མེ་རི་ཁའི་སྒྲོ་ལ་གཅིག་ལ་རྒྱ་སྒོར་༦ ༨༠ ཡས་མས་དང་། ཡུ་རོ་གཅིག་ལ་རྒྱ་ནག་སྒོར་མོ ༨ ༣༠ ཙམ། ཁ་ན་སྒྲའི་སྒྲོ་ལ་གཅིག་ལ་རྒྱ་ནག་ཤོག་སྒོར་ ༥ ༥༠ ཙམ། རྒྱ་ནག་ཤོག་སྒོར་གཅིག་ལ་ཐའེ་ཝན་སྒྲོ་ལ་ ༤ ༨༠ ཡས་མས། རྒྱ་ནག་སྒོར་མོ་གཅིག་ལ་རྒྱ་གར་སྒོར་མོ་ ༧ ༣༠ ཡས་མས། རྒྱ་སྒོར་གཅིག་ལ་ནེ་པ་ལའི་སྒོར་མོ་ ༡༡ ༥༠ ལྷག་ཙམ་དུ་གྱུར་འདུག སྔོན་མ་དང་བསྡུར་ན་ཧ་ལས་པའི་འཛའ་ཐང་ཡར་འཕར་བ་རེད། འདི་དཔལ་འབྱོར་གྱི་གནས་སྟངས་གང་ཞིག་ལ་བརྟེན་ནས་ཡོང་གི་ཡོད་པ་དང་དེའི་ལེགས་ཉེས་སྐོར་གསུངས་རོགས་དང་། དཔེར་ན་ནེ་པ་ལའི་སྒོར་མོ་ལྟ་བུར་མཚོན་ན་ད་ལོའི་སྤྱི་ཟླ་དང་པོའི་ནང་དུ་རྒྱ་ནག་ཤོག་སྒོར་གཅིག་ལ་ནེ་པ་ལའི་སྒོར་མོ་ ༨ ལྷག་ཙམ་རེད་མོད་ལ་ལྟ་ ༡༡ ལྷག་ཙམ་ལ་འཕར་སོང་།
རྒྱ་གར་སྒོར་མོ་ལ་མཚོན་ན་ད་ལོ་སྤྱི་ཟླ་དང་པོའི་ནང་དུ་རྒྱ་ནག་ཤོག་སྒོར་གཅིག་ལ་རྒྱ་གར་སྒོར་མོ ༥ ལྷག་ཙམ་ཡིན་མོད་ད་ལྟ་ ༧ ལྷག་ཙམ་ལ་འཕར་འདུག ཡིན་ན་ཡང་ཨ་མེ་རི་ཁའི་སྒྲོ་ལར་གཅིག་ལ་རྒྱ་མིའི་སྒོར་མོ་བདུན་མ་ཟིན་ཙམ་དུ་གནས་བསྡད་འདུག
མ་གཞི་དེང་སྐབས་འཛམ་གླིང་གང་སར་འཕྲད་བཞིན་པའི་དཀའ་ངལ་དེ་བཞིན་རྒྱ་ནག་ནང་དུ་ཡང་བཟའ་བཅའ་གཙོས་པའི་ཅ་དངོས་ཀྱི་གོང་ཚད་འཕར་ཚད་ཧ་ལས་པའི་མགྱོག་པ་ཞིག་ཡིན་པ་འདྲ་བས་ཁྱེད་ཚོས་དེའི་སྐོར་ཤེས་སོང་སམ། གནད་དོན་དེ་ལ་བརྟེན་ནས་བོད་ནང་གི་བོད་མི་ཚོར་མཚོན་ན་ཡོང་སྒོ་ཉུང་ཞིང་འགྲོ་སོང་ཆེ་སྟབས་འཚོ་བའི་གནས་སྟངས་ལ་དཀའ་ངལ་འཕྲད་རྒྱུ་རེད་དམ། བོད་མི་སྤྱི་བྱིངས་ལ་མཚོན་ན་ཡུན་ནན་བདེ་ཆེན་སོགས་ས་ཁུལ་ཁག་གཅིག་ལ་ཡུལ་སྐོར་བ་སྣེ་ལེན་གྱི་ཡོང་སྒོ་ཏོག་ཙམ་ཡོད་པ་དང་ཆབ་མདོ་དང་ལི་ཐང་སོགས་འབྲོག་ཁུལ་ཁ་ཤས་ལ་དབྱར་རྩྭ་དགུན་འབུའི་ཡོང་སྒོ་རེ་མ་གཏོགས་ཡོང་སྒོ་ནི་སྔོན་བཞིན་ཞིང་འབྲོག་གི་ཐོན་སྐྱེད་ཡོང་སྒོ་ཙམ་དང་ས་རྐོ་རྡོ་སློག་གི་ཉིན་གླ་དེ་ཙམ་ལས་དེ་མིན་དཔལ་འབྱོར་ཡར་རྒྱས་ཀྱི་མཛུབ་མོ་འཛུགས་ས་ཞིག་མེད་པ་འདྲ་བས་ཁྱེད་ཚོར་དེའི་སྐོར་ལ་ལྟ་སྟངས་གང་ཡོད་དམ། དཔལ་འབྱོར་གནས་སྟངས་སྐོར་ལ་དོ་སྣང་གནང་མཁན་རེ་ཡོད་ན་དེའི་སྐོར་ལ་ངོ་སྤྲོད་གསལ་པོ་ཞིག་གནང་རོགས།
སྤོབས་པའི་གླེང་གཞི་འདི་ངོ་མས་ཡག་པོ་མཐོང་སོང་། ཚང་མས་རིག་གཞུང་དང་ཆབ་སྲིད་རྐྱང་རྐྱང་གླེང་ནས་འདུག་རྒྱུ་ལས་མཚམས་ལ་ལར་དཔལ་འབྱོར་སྐོར་གླེང་ཐུབ་ན་ཡག་པོ་འདུག དེང་སང་དཔལ་འབྱོར་རྒྱལ་ཁབ་ཚང་མའི་སྲོག་ཤིང་ལྟ་བུ་ཞིག་ཆགས་བསྡད་ཡོད་དུས། བོད་པ་ཚོ་ཡང་འདིའི་ས་མཚམས་ལས་བརྒལ་ཡོད་པ་མ་རེད། བོད་ནང་གི་བོད་མི་ཚོ་སྐྱིད་ན་སྡུག་ན་རང་རང་ལ་འཚམ་པའི་དཔལ་འབྱོར་ཡོང་ཁུངས་རེ་ཡོད་པ་རེད། བཙན་བྱོལ་བོད་མི་ཚོར་མཚོན་ན་གཞུང་དམངས་གང་ཡིན་ནའང་རང་སྐྱ་ཐུབ་པའི་དཔལ་འབྱོར་ཡོང་ཁུངས་ཤིག་མེད་དུས། མ་འོངས་པར་དཀའ་ངལ་ཤིག་ཏན་ཏན་འཕྲད་ངེས་ལ་སོང་། ང་ཚོས་འདིའི་སྐོར་གླེང་ན་གང་འདྲ་འདུག དྲ་གྲོགས་ཚོས་ཐུགས་བསམ་བཞེས་རོགས།
དེ་རེད། འབིག་གི་བསམ་ཚུལ་འདིར་རྒྱབ་སྐྱོར་ཡོད། སོ་སོའི་ཐད་ཀ་ནས་བརྗོད་གཞི་འདི་དང་འབྲེལ་བ་ཡོད་པའི་བསམ་ཚུལ་བཤད་རྒྱུར་གྲ་སྒྲིག་བྱེད་རྒྱུ་ཡིན།
༡། ང་ཚོར་གཞིས་ཆགས་ཁག་ན་སོ་ནམ་ཞིང་ལས་ཀྱི་ཅ་ལག་ཞིག་གསོ་བྱེད་སའི་ལས་བཟོ་ཁང་ཡོད་པ་རེད། ༦༠ རེ་གྲངས་ནང་ངོས་རང་གཞིས་ཆགས་ཁག་ལ་གཟིགས་སྐོར་ལ་ཕྱིན་སྐབས་ལས་བཟོ་ཁང་འདི་དག་ལ་འགྲོ་གི་ཡོད་ལ། ངོས་རང་འཕྲུལ་ཆས་ཀྱི་རིགས་ལ་དགའ་བོ་ཡོད་སྟབས་ནམ་རྒྱུན་ལག་ཆ་དེ་དག་ལ་ངོས་རང་གི་ལག་པ་འཆིང་གི་ཡོད། དེ་ནས་ངོས་འཕྲུལ་ཆས་བཟོ་ལས་མང་བོ་ཐོན་ཐུབ་པ་བྱེད་དགོས་ཀྱི་འདུག་ལ། འདི་དག་ནི་འཕྲུལ་ཆས་ཞིག་གསོ་བྱེད་མཁན་ཙམ་མིན་པར་ཉེ་འཁོར་གྱི་རྒྱ་གར་གྲོང་གསེབ་པ་དག་ལའང་ཁོང་ཚོའི་སོ་ནམ་ཞིང་ལས་ཀྱི་ཐད་པ་རོགས་པ་བྱེད་ཐུབ་དགོས་པའི་བསམ་ཚུལ་ཕུལ་བ་ཡིན། ཡིན་ཡང་དེ་ནས་བཟུང་ཡར་རྒྱས་ཕྱིན་པ་ཞིག་ངོས་ཀྱིས་རྩ་ནས་མཐོང་མ་སོང་ལ། དེང་སང་བཟོ་ལས་ཁང་དེ་དག་ནི་ཊེག་ཊོར་རྙིང་བ་དག་གཡུག་ས་དང་བྱེའུ་ཚོས་ཁ་ལ་འཚོལ་ས་ཞིག་ལས་མི་འདུག ང་ཚོས་གཞིས་ཆགས་ཁག་སྲ་བརྟན་ཡོང་བ་བྱེད་དགོས་ཀྱི་འདུག་ཅེས་ལབ་གི་ཡོད་པ་རེད། ཡིན་ནའང་། ང་ཚོས་ཁོང་ཚོར་ཚད་ལྡན་གྱི་འཚོ་བ་ཞིག་གི་མཐུན་རྐྱེན་རིགས་སྦྱོར་མ་ཐུབ་ཚེ་བོད་པ་དེ་དག་གཞིས་ཆགས་ཁག་ནང་སྲ་བརྟན་ཡོང་ཐབས་གང་འདྲ་བྱེད་ཐུབ་གི་རེད།
༢། ངོས་རང་ལྷོ་ཕྱོགས་ཀྱི་གཞིས་ཆགས་ཁག་ནང་ཕྱིན་སྐབས་བོད་པ་ཚོས་བ་ཕྱུགས་ཉར་ཞིང་འོ་མ་ལི་ཊར་མང་བོ་འཇོ་གི་འདུག ངོས་ལ་བསམ་ཚུལ་བྱུང་བ་བཞིན་འོ་མ་དེ་དག་གིས་འོ་མའི་ཐོན་སྐྱེད་བཟོ་དགོས་པའི་བསམ་ཚུལ་ཕུལ་བ་ཡིན། ཡིན་ནང་ཡོད་ཕངས་པ་ཞིག་ལ་ད་བར་དུ་འདིའི་ཐད་ལའང་ཡར་རྒྱས་ཕྱིན་མི་འདུག་ལ། ཡིན་ནའང་། ཕྱོགས་གཞན་ནས་ང་ཚོས་གཞིས་ཆགས་ཁག་ནང་གི་བོད་པ་ཚོ་སྲ་བརྟན་བཟོ་དགོས་སྐོར་བཤད། གཞིས་ཆགས་ཁག་ནང་གི་བོད་པ་ཚོ་ལས་འཚོལ་གྱི་ཆེད་དུ་ཕྱི་ལ་ཐོན་ཞིང་ཕྱིར་གཞིས་ཆགས་ཁག་ནང་སྡོད་མཁན་མེད་པའི་ཐད་སེམས་ཁུག་བྱེད་གི་ཡོད་པ་རེད།
༣། ང་ཚོས་བསམ་བློ་གསར་པ་བཏང་སྟེ། གནད་དོན་འདི་འདྲའི་རིགས་ལ་ག་རེ་ཞིག་འཚམ་པོ་ཡོད་མེད་ཐད་ཚོད་ལྟ་བྱས་ནས་ལྟ་དགོས་པ་རེད། ང་ཚོར་གྲུབ་འབྲས་ཡག་པོ་ཞིག་དགོས་ཀྱི་ཡོད་ན། ང་ཚོས་འགུལ་སྐྱོད་རྒྱག་དགོས་པ་རེད།
གོང་གསལ་འདི་སྐུ་མདུན་གྱིས་ཐེངས་འདིའི་ཚོགས་ཆེན་མཇུག་སྒྲིལ་སྐབས་ཚོགས་བཅར་བ་ཡོངས་ལ་བསྩལ་བའི་བཀའ་སློབ་རེད། བོད་ཀྱི་དུས་བབ་ནས་འདིར་འདྲེན་བཀོད་བྱས་པ་ཡིན་ལ། དྲ་གྲོགས་ཚོས་རྩལ་དུ་བཏོན་ནས་གནད་དུ་འཁེལ་བའི་གླེང་མོལ་རེ་ཡོང་བའི་འདུན་པ་ཆེ། ལྕགས་རྒྱས་བཤད་པ་ལྟར་རང་གིས་ཀྱང་འདི་དང་འབྲེལ་བའི་གླེང་མོལ་ལ་གང་ཐུབ་ཀྱིས་གྲ་སྒྲིག་བྱེད་བཞིན་ཡོད།
ང་ཚོ་འདི་ལྟར་ད་དུང་རྗེས་སུ་ལུས་ཏེ་འདུག་འདོད་མེད་ཀྱང་འདུག་དགོས་བྱུང་བ་རེད།
འདི་ནིི་ང་ཚོའི་སྤྱི་ཚོོགས་ནང་ཤེས་ཡོན་ཅན་ཚོར་དཔལ་འབྱོར་མེད།
འབྱོར་ལྡན་ཚོར་ཤེས་ཡོན་མེད།
གཉིས་ཀ་ཡོད་པར་ལྷག་བསམ་མེད།
ཇ་ཡོད་དུས་ཚ་མེད།
ཚ་ཡོད་དུས་ཇ་མེད།
སྡོམ་པ་ཡོད་དུས་འདུལ་བ་མེད།
འདུལ་བ་ཡོད་དུས་སྡོམ་པ་མེད།
རང་ཡུལ་ཡོད་པར་རང་དབང་མེད།
རང་དབང་ཡོད་པར་རང་ཡུལ་མེད།
འདི་ལྟར་གཞན་ཡུལ་དུ་རྣམ་དཔྱོད་ཀྱི་ལང་ཚོ་རྒྱས་ཀྱང་།
ལྷག་བསམ་དང་རིགས་གཞེན་གྱི་བསམ་བློའི་རྒྱགས་ཕྱེས་དབེན་སྟབས།
འདི་ལྟར་ཡོད་ཚད་སྟོང་པར་འགྱུར་བཞིན་འདུག།
ཐོག་མར་ངས་སྤོབས་པས་བསླངས་པའི་བརྗོད་གཞི་སྟེ། རྒྱ་ནག་གི་དངུལ་གྱི་འཛའ་ཐང་དང་འབྲེལ་ནས་ང་རང་སྒེར་གྱི་འཚོ་བའི་ཐད་ནས་གནས་ཚུལ་ཞིག་བཤད་རྒྱུ་ཡིན།
བོད་དུ་ཡོད་པའི་ངའི་ནུ་བོས་ཁོའི་བུ་ལ་གློག་ཀླད་ཅིག་ཉོ་རྒྱུའི་སྐོར་ནས་འཕྲོས་ཏེ། གློག་ཀླད་ཉོ་རིན་དེ་ངེད་གཉིས་ཀྱིས་ཨོ་ལིམ་པིཀ་ལུས་རྩལ་གྱི་མདའ་གཞུ་ཚོང་སྒྱུར་བྱེད་པའི་ཁེ་སྲང་གི་ཐོག་ནས་ལེན་རྒྱུ་བྱས། མདའ་གཞུ་དེ་ཨ་རི་ན་ཐོན་བཞིན་ཡོད་ཅིང་། པེ་ཅིན་དུ་དེའི་ཚོང་མཁན་ཞིག་ཡོད་པའང་བརྩད་ཆོད་པར་གྱུར། ཡིན་ནའང་མཐའ་མ་དེར་ང་འདུག་སའི་རྒྱལ་ཁབ་ནས་མདའ་གཞུ་ཉོས་ཏེ་བོད་ལ་བསྐུར་བའི་འབྲས་བུར། གློག་ཀླད་ཉོ་རྒྱུའི་རིན་འབབ་ལས་སླ་མོའི་སྒོ་ནས་ལོན་སོང་། མདའ་གཞུའི་མ་རྩ་དང་སྐུར་རིན། ཁྲལ་འབབ་བཅས་ཁྱོན་བསྡོམས་ཨ་སྒོར་བརྒྱད་སྟོང་ལྷག་གི་མ་རྩ་བཏིང་བ་ཡིན། རྒྱ་སྒོར་གྱི་འཛའ་ཐང་ཇེ་ཆེར་འགྲོ་བའི་སྐབས་འདིར་ངའི་སྤུན་ཆུང་གིས་ང་ལ་ཨ་སྒོར་བརྒྱད་སྟོང་གི་མ་དངུལ་དེ་ཚུར་སྐུར་བ་ཡིན་ན། ཁོ་ལ་ཨ་སྒོར་རེའི་ཐོག་ནས་རྒྱ་སྒོར་གཅིག་རེ་ཁེ་སྲང་ལེན་རྒྱུ་ཡོད་ཅིང་། བར་འདི་ནས་ཉུང་མཐར་ཡང་ཁོས་རྒྱ་སྒོར་བདུན་སྟོང་གི་ཁེ་སྲང་ལེན་ཐུབ་པའི་རེ་བ་བྱེད་བཞིན་ཡོད།
དངུལ་གྱི་འཛའ་ཕར་ཆགས་གཙོ་བོ་དཔལ་འབྱོར་གྱི་ཤུགས་རྐྱེན་ཁག་གིས་བཟོ་གི་ཡོད་འདུག དཔེར་ན་དངོས་ཟོག་གི་རིན་གོང་འཕར་ཚད་དང་། བཟོ་གྲ་ཁག་གི་ཐོན་རྫས་ཕྱིར་གཏོང་དང་ཆབ་སྲིད་ཀྱི་གནས་བབ་བཅས་ཀྱིས་རྐྱེན་བྱེད་ཀྱི་ཡོད་འདུག དཔེར་ན་ལོ་རྗེས་མ་རྒྱ་ནག་གི་དཔལ་འབྱོར་གྱི་འཕེལ་ཚད་དལ་དུ་འགྲོ་རྒྱུ་ཡིན་པའི་གནས་གསར་རྒྱལ་སྤྱིའི་དངུལ་ཁང་གིས་ཚོད་དཔག་བྱེད་ཀྱི་འདུག འདི་སྐོར་ག་ལེར་གླེང་ཆོག དེ་ནི་ང་རང་ཆེས་དགའ་ཤོས་ཀྱི་སློབ་ཚན་ཞིག་ཡིན་ཡང་། སྒེར་ངོས་ནས་དོ་སྣང་བྱས་ནས་ཤེས་པ་ཁོ་ན་ལས་དཔལ་འབྱོར་ཆེད་སྦྱོང་བྱས་པ་ཞིག་དང་བསྡུར་ཐབས་ཡོད་པ་མ་རེད། དྲི་བ་འདི་ལ་ཧ་ཅང་དགའ་བོ་ཡོད་ལ་མུ་མཐུད་གསལ་དུ་གཏོང་འདོད་ཡོད།
༣༡༽ སྟག་སྨྱོན་ནས།
སྤྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༢༥ གི་ཆུ་ཚོད་ ༢༠ སྐར་མ་ ༥༣
དཔེར་ན་རྒྱ་ནག་གི་དངུལ་གྱི་འཛའ་འཕར་བ་ཡིན་ན་རྒྱ་མའི་དམངས་སྒོར་ཉར་མཁན་ཚོ་ལ་ཁེ་ཕན་ཡོད་པ་རེད། དངུལ་གྱི་འཛའ་ཐང་འཕར་ཆགས་ཀྱི་རྒྱུ་མཚན་དངུལ་དེ་རྒྱལ་སྤྱིའི་ཐོག་འགྲོ་རྒྱུགས་ཆེ་ཆུང་ལ་ཐུག་ཡོད་འདུག དེའི་ཕྱིར་རྒྱུ་ནག་གི་དམངས་སྒོར་རྩ་ཆེ་རུ་འགྲོ་གི་འདུག་ན་རྒྱ་ནག་གི་ཚོང་ཟོག་རྒྱལ་སྤྱིའི་ཁྲོད་བྲིན་པོ་དང་རྒྱུགས་པོ་ཡོང་གི་ཡོད་པའི་རྟགས་ཡིན་པ་མ་ཟད། རྒྱལ་སྤྱིའི་ཚོང་རའི་ནང་རྒྱ་ནག་གི་དངོས་ཟོག་དང་དམངས་སྒོར་མཁོ་སྤྱོད་ཆེ་བའི་རྟགས་ཡིན་འདུག གལ་སྲིད་རྒྱ་ནག་ནང་བཟོ་བསྐྲུན་བྱེད་བཞིན་དངོས་ཟོག་རྣམས་ཤུགས་ཆེན་པོ་ཕྱིར་ཚོང་བྱེད་མ་ཐུབ་ཚེ། རྒྱ་སྤྱིའི་ཚོང་རའི་ནང་རྒྱ་ནག་གི་དངོས་ཟོག་ཉོ་སྤྱོད་མར་ཆགས་འགྲོ་བ་དང་། དེ་དང་མཉམ་དུ་དམངས་སྒོར་རྒྱལ་སྤྱིའི་ཚོང་རའི་ཁྲོད་མཁོ་སྤྱོད་ཆུང་དུ་འགྲོ་གི་རེད། གནས་སྟངས་དེའི་འོག་ནས་དམངས་སྒོར་གྱི་འཛའ་ཡང་མར་ཆགས་འགྲོ་གི་ཡོད་ཚོད་འདུག
བོད་ནང་གི་དཔལ་འབྱོར་ལ་སེམས་ཁྲེལ་ཡོད་ན་ངེས་པར་དུ་བོད་ནང་གི་ན་གཞོན་ཚང་མ་ལས་ཀར་ཞུགས་དགོས་པ་རེད དེ་ལ་རྒྱ་ནག་སྲིད་གཞུང་གིས་རྒྱབ་སྐྱོར་དང་དགའ་བསུ་བྱེད་མི་སྲིད་པས། ང་ཚོས་རང་ཉིད་ཀྱི་ཐོན་དངོས་རང་གིས་བཙོང་སྤྱོད་བྱེད་རྒྱུ་ག་ཚོད་ཀྱི་གལ་ཆེན་པོ་ཡིན་ངོས་ཟིན་དགོས། བོད་རིགས་དང་ནང་ཁུལ་མཉམ་རུབ་ཀྱིས་མཐུན་མོང་གི་མ་རྩ་བཙུགས་ནས་བོད་ནང་གི་ན་གཞོན་བེད་མེད་ཚོར་ལས་ཀ་ལས་སའི་ཚོང་སྡེ་ཁག་འཛུགས་དགོས་པ་དང་། བོད་མི་ས་ཡ་དྲུག་ཆ་ཚང་ཤེས་ཡོན་ཚད་མཐོ་མ་སླེབས་པར་དུ་སྒུག་དགོས་ན་བོད་ལ་རེ་བ་མེད་ཚར་བ་རེད། ཤེས་ཡོན་མེད་མཁན་ཚོ་ལས་ཀ་བའི་ངོ་བོའི་ཐོག་ནས་ས་ཆ་སྲུང་སྐྱོབ་བྱེད་དགོས་པ་རེད། རང་ཉིད་ཀྱི་འཚོ་བའང་སྐྱོང་དགོས་པ་རེད། ཆབ་སྲིད་ལ་དངོས་དང་ཤུགས་ཀྱི་ཆབ་སྲིད་རིགས་གཉིས་ཡོད། དཔལ་འབྱོར་དང་ཚོང་ལས་ཆུང་ཆུང་ཡན་ཆད་ཆབ་སྲིད་ཀྱི་ལག་ཆ་སྟོབས་ཤུགས་ལྡན་པ་རྐྱང་རེད། མེ་མདའ་ལས་ཀྱང་ལས་ཀ་དང་ཚོང་ལས་བེད་སྤྱོད་ཆེ་བ་ཡོད་རེད། འདི་འདྲ་བསམ་བློ་བཏང་དྲགས་ན་སྨྱོན་པ་ཆགས་ཀྱི་རེད། ཁ་པར་ཞིག་སླེབས་སོང་རྗེས་སུ་གླེང་ཆོག བོད་མི་ཚོས་བརྗོད་གཞི་འདི་སྣང་མེད་མ་གཏོང་། བོད་ཀྱི་ལོ་རྒྱུས་བཀའ་དྲིན་ཟད་མཐའ་མེད་པའི་སྐྱབས་གནས་སླུ་མེད་པན་ཆེན་རིན་པོ་ཆེས་ཕྱོགས་འདི་ལ་ཐུགས་བརྩོན་སྔ་མོ་ནས་གནང་འདུག་ཀྱང་། འབྲེལ་ཡོད་ལས་བྱེད་ཚོས་ཁོང་གི་ཐུགས་རེ་ཆུ་ལ་གཡུག་པ་རེད། བོད་པ་ཚོ་ཀླད་པ་བེད་སྤྱོད་ཡོད་པ་མ་རེད། རང་གི་གྲོད་ཁོག་བརྒྱག་ནས་མ་ལ་རེ་དགོས་ས་མ་རེད་བསམ། དེ་ནས་སྤྱི་དོན་ལ་ཁུར་ལེན་གྱི་མི་འདུག ན་ཟུག་འདི་ཚོ་ག་ལེ་གླེང་ཆོག དགོངས་གྲལ་དག་པོ་ཞིག་འབྲི་ཐུབ་མ་སོང་། ཕྱིར་ཡོང་གི་ཡིན
བསེ་རུ་ལགས། ཁྱོད་ནི་བརྩེ་དུང་གི་གཏམ་རྒྱུད་ཀྱི་རྩོམ་པ་པོ་དེ་མིན་ནམ་བསམ་པའི་དོགས་པ་སྐྱེས་བྱུང་། གང་ལྟར་ཁ་བརྡའི་ཐོག་ཏུ་ཁྱེད་སུ་ཡིན་བརྩད་གཅོད་གཏོང་དགོས་དོན་མི་འདུག ངས་བཤད་འདོད་པ་ནི་ཁྱོད་ཀྱིས་ཇ་མེད། ཚྭ་མེད། ཡུལ་མེད་ཅེས་མེད་མུག་མང་པོ་ཞིག་བཏོན་པའི་མཐའ་མར་སྟོང་པར་འགྱུར་བཞིན་འདུག་ཅེས་ཕམ་ཉམས་མིན་ན་ཕང་སེམས་འདྲ་ཞིག་སྟོན་པ་དེར་ངོས་ལེན་བྱེད་འདོད་མེད་པ་དེ་ཡིན། ཟླ་བ་བདུན་གྱི་གོང་ལ་ཁ་བརྡ་ཟེར་བ་འདིའི་མིང་ཙམ་ཡང་མེད། མེད་པ་མང་པོ་ཞིག་རེ་རེ་བཞིན་ཡོད་པར་འགྱུར་མི་ཐུབ་པ་ཅི་ཡོད། སྙན་ངག་གི་ཡབ་ཆེན་དུ་འབོད་པ་ཚོ་འདི་ལྟར་འགྱེལ་སོང་ན། སྙན་ངག་གི་དྭ་ཕྲུག་ཚོས་ཅི་བྱེད། ལྟོས་དང་། བོད་ཕྱི་ནང་གཉིས་ཀྱི་བར་ན་སྐད་བསྐུར་རེས་བྱེད་ཞོར་སྙན་ངག་རྩོད་སྟངས་ལ་ཅིག་ལྟོས་དང་། ང་ཚོ་ནི་སྙན་ངག་གི་མི་རབས་ཤིག་ཏུ་གྱུར་བ་འདིའི་མགོ་གང་ནས་ཚུགས་ཤིང་། མཇུག་གང་ནས་སྡུད་པར་འགྱུར་རམ། ཞོགས་དུང་གིས་དུང་མ་བུས་ཀྱང་། xxx ཀྱིས་སད་རིན་ཞེས་ཅ་ཅོ་མ་བསྒྲགས་རུང་། མང་ཚོགས་རང་གི་ལྟོ་རྒྱབ་ཀྱི་ཆེད་དུ་འདུར་བཞིན་འདུག འཕག་བཞིན་འདུག ད་ལོར་ཨ་མདོར་མཚོན་ན། རྒྱལ་ཁབ་ཀྱི་ལས་བྱེད་ཅིག་གི་ཉིན་མ་རེའི་ཆ་སྙོམས་ཀྱི་གླ་ཆ་རྒྱ་སྒོར་ 70 RMB ཙམ་རེད། ལག་ཏུ་འཇོར་དང་ལྕགས་ཁེམ་འཁྱེར་བའི་ངན་ལས་པ་ཞིག་གི་ཉིན་རེའི་གླ་འབབ་རྒྱ་སྒོར་ 40 RMBཙམ་རེད། འདི་གཉིས་བར་གྱི་སློབ་གྲྭ་ཆེན་མོ་ནས་ཐོན་པའི་ན་གཞོན་ལས་མེད་ཚོའི་ཉིན་རེའི་གླ་འབབ་ནི་ཀླད་ཀོར་མན་གྱི་རྒྱ་སྒོར་ -15RMB མིན་ནམ་བསམ། བོད་ན་མི་འདི་རིགས་ཅི་ཙམ་ཡོད་པ་རེད་དམ། ཕ་མ་ཚོས་འདི་ཚོའི་ཆེད་དུ་འགྲོ་སོང་ཅི་ཙམ་བཏང་ཡོད་པ་རེད་དམ། ཤེས་ཡོན་གྱིས་རང་ཁ་གསོ་མི་ཐུབ་པའི་མི་རབས་འདིའི་གནས་སྟངས་ལ་འགྱུར་བ་གཏོང་དགོས་ན། ང་ཚོས་ར་ལོ་དང་ཀླུ་སྨྱོན་གཉིས་ལ་སློབ་སྦྱོང་བྱེད་མི་འོས་པར། གངས་ཞུན་ལ་སློབ་སྦྱོང་བྱེད་དགོས། རྒྱལ་ཁབ་ཀྱི་ཟླ་ཕོགས་ཁོ་ནར་སྒུག་བརྟེན་བྱེད་མཁན་ཅི་ཙམ་མང་ན་དེ་ཙམ་གྱི་གྱོང་རེད།
བོད་པ་ཚོང་ལ་སོང་ཡང་།།
རྒྱ་གཞུང་འཕྱ་ཁྲལ་ལྕི་སྟབས།།
ཚོང་ལས་ལམ་འགྲོ་མེད་དུས།།
རང་གི་སྲོག་ཀྱང་ཤོར་སྲིད།།
དེ་ལས་བོད་པ་ཚང་གིས།
རང་གི་ས་ཆ་ཡོད་པ།།
རང་གིས་བེད་སྤྱོད་བཏང་དེ།།
འབྲུ་རིགས་སྣ་ལྔ་ཐོབས་དང་།།
ཡོང་བབས་དེ་ལ་བཟང་ངེས།།
རང་ས་དེ་ནས་བདག་ཐུབ།།
དེ་མིན་ཚོང་ལས་ཟེར་བ།།
སྐབས་རེར་བཟང་བ་བདེན་ཡང་།།
རང་ས་རང་བདག་བྱེད་རྒྱུས།།
དགག་དུ་གྱུར་བ་ཤེས་དགོས།།
བོད་ནང་གི་བོད་མི་ཚོས་ཤེས་ཡོན་སློབ་པའི་དམིགས་ཡུལ་བརྒྱ་ཆ་གཅིག་ལས་རྙེད་ཐུབ་མེད། དེ་ནི་སློབ་གྲྭ་ཆེན་མོ་ཞིག་ཐོན་ནས་དགེ་རྒན་ལྟ་བུའི་གཞུང་གི་ལས་བྱེད་ཕལ་བ་ཞིག་བྱེད་ཐུབ་ན་བསམ་ཡོད་ཚོད་འདུག ད་དུང་རྩོམ་པ་པོ་བྱེད་རྒྱུར་དེ་བས་ཀྱང་རེ་བ་ཆེན་པོ་ཡོད་ཚོད་འདུག དེ་ཚོ་དམིགས་ཡུལ་ཞིག་མ་རེད་ཟེར་ག་ལ་ཐུབ འོན་ཀྱང་དམིགས་ཡུལ་དེ་ཙམ་ལས་མེད་ན་ལོ་མང་པོ་སློབ་སྦྱོང་བྱས་པ་ཆུད་ཟོས་སུའགྲོ་ཉེན་ཆེ་བ་རེད། ལྐོག་རྔན་ཁོ་ན་མ་གཏོགས་ཁྲིམས་མཐུན་གྱིས་ཐོག་ནས་བོད་ཀྱི་ཞིང་འབྲོག་མི་དམངས་ཀྱི་ཕྲུ་གུ་སློབ་གྲྭ་ཐོན་མཁན་ཚོར་རྒྱ་ནག་གི་ལས་བྱེད་པ་ཞིག་གི་ཐོབ་ཐང་རག་རྒྱུ་མེད་པ་རེད། བོད་ནང་གི་ཞིང་འབྲོག་མི་དམངས་ཀྱི་ཕྲུ་གུ་ཚོའི་མི་ཚེའི་མདུན་ལམ་དེ་རྒྱ་གཞུང་གི་ལས་བྱེད་མཐོ་བོ་ཚོས་ལྐོག་རྔན་ལེན་ཟ་སྤྱད་ཁོ་ན་ཆགས་ཡོད་པ་རེད། གཞུང་གི་ལས་ཀ་ཞིག་ཉོས་ན་རྒྱ་ནག་གི་དམངས་སྒོར་ཁྲི་ ༢༠༠༠ འོག་ལ་མི་འདུག མདོར་ན་གཞུང་གི་ལས་ཀའི་ས་མིག་རེ་རེ་བྱས་ནས་དཔོན་པོ་ཚོས་བཙོང་གི་ཡོད་པ་རེད། ལས་ཁུངས་ཁག་གི་འགོ་འཛིན་ཚོས་བོད་ཕྲུག་ཚོར་གཞུང་གི་ལས་ཀ་ནག་ཚོང་གི་ལམ་ནས་བཙོང་གི་ཡོད་པ་ལས། ཁྲིམས་མཐུན་གྱི་ལས་ཀ་སྤྲོད་སྲོལ་མེད་པས་དམིགས་ཡུལ་དེའི་ཆེད་དུ་སློབ་སྦྱོང་བྱས་ན་མི་ཚེ་འཕྲོ་བརླག་ཏུ་འགྲོ་རྒྱུ་ལས་མེད་སྟབས། བོད་པ་ཞིག་ཡིན་ཕྱིན་དང་པོ་སློབ་སྦྱོང་གི་འགོ་འཛུགས་དུས་ནས་གཞུང་གི་ལས་ཀ་བྱེད་དགོས་བསམ་པའི་རེ་བ་མེད་པར། མ་འོངས་པར་རང་གི་སློབ་སྦྱོང་ཁོ་ན་ལ་བརྟེན་ནས་བོད་ནང་དུ་འཚོ་ཐབས་ཀྱི་ལས་རིགས་གང་རུང་ཞིག་བྱེད་དགོས་བསམ་ནས་སྦྱངས་པ་ཡིན་ན་འགྲིག་པ་རེད། ཡར་ཐོན་ཅན་གྱི་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཕྲུ་གུ་ཚོར་འཛིན་གྲྭ་དགུ་བ་བར་དུ་རྨང་གཞིའི་སློབ་སྦྱོང་མ་རག་ཐབས་མེད་ཀྱི་ཁྲིམས་བཟོས་ནས་གལ་ཆེར་བརྩིས་ཡོད་པ་དང་། འཛིན་གྲྭ་དགུ་བ་ཐོན་རྗེས་མུ་མཐུད་མཐོ་སློབ་ཏུ་འགྲོ་མ་ཐུབ་ཀྱང་གལ་ཆེན་པོ་བརྩི་གི་མེད། བོད་ནང་དུ་འཛིན་གྲྭ་དགུ་བ་བར་དུ་སློབ་གྲྭར་སོང་རྗེས་མུ་མཐུད་མཐོ་སློབ་ཅིག་ཏུ་རྒྱུགས་མ་འཕྲོད་ཚེ་ལོ་དགུར་སྦྱང་བ་ཚང་མ་བེད་མེད་དང་འཕྲོ་བརླག་ཏུ་ཕྱིན་པར་ངོས་འཛིན་བྱས་ནས་ཕྲུ་གུ་དེའི་མི་ཚེའི་མདུན་ལམ་བརླག་ཚར་བ་རེད། དེ་ནི་ནོར་འཕྲུལ་ཤོར་སའི་རྩ་བ་ཡིན་པ་རེད། མཐོ་སློབ་ཏུ་འགྲོ་མ་ཐུབ་ཀྱང་ལོ་དགུར་སྦྱང་བའི་སློབ་སྦྱང་དེའི་རིན་ཐང་ཤེས་ནས་བེད་སྤྱོད་གཏོང་ཤེས་ན་བོད་སྤྱི་དང་རང་གི་མི་ཚེར་ཕན་པའི་ཤེས་ཡོན་འདང་ངེས་ཀྱི་ལྷག་ཡོད་པ་རེད། འོན་ཀྱང་བོད་མི་ཚོ་ནོར་འཁྲུལ་གྱི་འགག་རྩ་དེ་ནས་ཕམ་འགྲོ་གི་ཡོད་པ་རེད། ལོ་དགུའི་སློབ་སྦྱོང་དེ་བེད་སྤྱོད་གཏོང་ས་མི་ཤེས་པ་དང་། བོད་ཕྲུག་བརྒྱ་ཆ་ ༨༠% ལྷག་འཛིན་གྲྭ་དགུ་བ་ 初中ལྷག་ལ་འགྲོ་ཐུབ་ཀྱི་མེད་སྟབས། བོད་ཀྱི་སོན་རྩར་གྱུར་བའི་ན་གཞོན་ཚོ་དེ་ནས་འཕྲོ་བརླག་ཏུ་འགྲོ་གི་ཡོད་པས། ང་ཚོས་ངེས་པར་དུ་རྨང་གཞི་ཤེས་ཡོན་ལས་མེད་ན་གཞོན་ཚོར་ལས་ཀ་ག་རེ་ལས་དགོས་མིན་དང་ཁོ་ཚོའི་མདུན་ལམ་འཚོལ་སྟངས་ལ་བསམ་བློ་གཏོང་དགོས་པ་རེད། ཐང་ཆད་སོང་སང་ཉིན་མཐུད་ཆོག
བོད་ནང་གི་དཔལ་འབྱོར་གྱི་རྨ་གཞི་གཡག་དང་ལུག་ཡང་ན་དབྱར་རྩ་དགུན་འབུ་ཁོ་ན་བྱེད་མ་དགོས་པར་མིའི་ལག་རྩལ་ལ་བརྟེན་ཐུབ་རྒྱུ་གལ་ཆེ། ལས་ཀ་དང་མཉམ་དུ་བོད་ལ་ཡོང་བཞིན་པའི་རྒྱ་སྤྲང་པོ་ཚོའི་ལམ་ཁ་འགོག་སྟངས་ལའང་བསམ་བློ་ནན་པོ་གཏོང་དགོས། ལས་ཀ་དང་ས་ཆ་སྲུང་རྒྱུ་གཉིས་ཀ་བོད་མི་རེ་རེའི་སྒྲུབ་འོས་པ་ཙམ་མ་ཡིན་པར་ངེས་པར་དུ་སྒྲུབ་ཐུབ་པའི་སྤྱི་དོན་ཞིག་རེད།
མཆན་དགུ་བའི་ནང་གི་ནོར་བཅོས། “ལྐོག་རྔན་ཟ་སྤྱད་ཁོ་ན་ཆགས་ཡོད” དང་ “རྒྱ་སྒོར་ཁྲི་གཉིས་ (༢༠༠༠༠) ཀྱི་འོག་ལ་མི་འདུག”
ང་ཚོས་བདེ་མདོག་གིས་བེད་སྤྱོད་གཏོང་བཞིན་པའི་མིང་ཚིག་འཛའ་ཐང་ཞེས་པ་འདི་ནི་རིན་ཐང་ཞེས་པ་ལྟ་བུའི་བོད་སྐད་དག་མ་ཞིག་ཡིན་ནམ། ཨ་མདོ་ནས་འཛའ་ཞེས་པ་འདིའི་དོན་ཅི་ཡིན་མང་ཤོས་ཀྱིས་མི་ཤེས། དཔེར་ན་ལྷ་ས་བ་ཚོས་བྱི་རིལ་ཟེར་བ་འདྲ་བོ་རེད། རྒྱ་གར་བ་ཚོས་ཀ་ར་ལ་བྱི་ནི་ཟེར་བ་དེ་ལྷ་སར་བསླེབས་ནས་ཡུན་རིང་མ་སོང་བར་བྱི་ནི་རིལ་རིལ་དེ་ཚོར་བྱི་རིལ་ཞེས་ཕྱེད་ཀ་སྟེ་ཁྱད་གཞི་རྒྱ་སྐད་དང་ཕྱེད་ཀ་སྟེ་ཁྱད་ཆོས་བོད་སྐད་ཡིན་པའི་མིང་ཚིག་ཅིག་བཟོས་འདུག ལྷ་ས་བ་ཚོས་པུ་ལི་སི་དང་རི་ལི་ལྟ་བུའི་དབྱིན་སྐད་གང་མང་ཞིག་བོད་སྐད་ནང་བསྲེས་ཡོད་པས། འཛའ་ཞེས་པ་འདི་ཡང་དེ་དང་འདྲ་བར་དབྱིན་སྐད་དམ་ཡང་ན་རྒྱ་གར་སྐད་ཅིག་ཨེ་རེད། དཔེར་ན་ལྷ་ས་བ་ཚོས་བོད་སྐད་ལྟར་སྤྱོད་པའི་ཅིག་ཅིག་ལ་དབྱིངས་ཞུགས་ཞེས་པའི་དབྱིངས་འདི་ཡང་དབྱིན་ཇིའི་སྐད་ཅིག་ཡིན་པ་བཞིན་ནོ།།
དེ་འདྲ་གཡར་ཚིག་མང་པོ་འདུག་ག དཔེར་ན། འཇུར་རྟ་ཟེར་བ་ལྟ་བུ་རེད། འཇུར་རྟ་ཟེར་ན་ཧ་མི་གོ་མཁན་ཨ་མདོ་ཞིག་ཡོད་དམ།
བོད་རང་སྐྱོང་ལྗོངས་འདི་རྒྱལ་ཡོངས་ཀྱི་དཔལ་འབྱོར་སྐྱོ་ཤོས་ཀྱི་ཡུལ་ཡིན་པར་རྒྱ་མིའི་ཁྱབ་བསྒྲགས་ལ་ཡང་འདུག དེ་བཞིན་མཚོ་སྔོན་དང་ཀན་སུའུ་སི་ཁྲོན་ཁོངས་ཀྱི་བོད་རིགས་གནས་སྡོད་ཁུལ་དུ་ཐོན་ཁུངས་ཅུང་བཟང་སྲིད་ཀྱང་དེང་རབས་འཕེལ་རྒྱས་ཀྱི་ཡོང་སྒོ་ཟེར་བ་ཞིག་རག་གི་མི་འདུག ས་རྐོ་རྡོ་སློག་གི་གླ་ཆ་ཉིན་རེར་སྒོར་ ༤༠ ནས་ ༥༠ཡས་མས་རེ་ལས་རག་གི་མི་འདུག གཡག་གཅིག་གི་རིན་ལ་སྒོར་ལྔ་སྟོང་ཙམ་རེ་བྱེད་ཀྱིན་ཡོད་ན་ལོ་གཅིག་གི་ཡོང་སྒོ་དང་བསྡུར་ན་ཤ་ཟ་བའི་རེ་བ་མེད་པར་གྱུར་འདུག སྤྱིར་བཏང་རྒྱ་སྒོར་གོང་འཕར་བ་དེའི་བོད་མིའི་འཚོ་བ་ལ་གནོད་པ་མེད་ཀྱང་དངུལ་གྱི་གོང་ཚད་འཕར་བ་དང་ལྷན་དུ་རྒྱ་ནག་ནང་གི་ཅ་དངོས་ཀྱི་རིན་གོང་ཡང་ཧ་ལས་པ་ཞིག་ཡར་འཕར་བ་རེད། ཡིན་ན་ཡང་བོད་མིའི་ཡོང་སྒོ་ཡར་མ་འཕར་བ་རེད།
ངས་འདི་ལབ་དུས་བོད་མི་ལ་ལས་བོད་མི་ཚོང་པ་དང་ཕྱུག་པོ་ཡོད་ཚུལ་ཀྱི་དཔེར་ཚོང་པ་ལ་ལ་ཞིག་དང་བླ་ཆེན་ལ་ལ་རེ་དྲངས་ཡོང་གིན་འདུག དེ་བདེན་པ་རེད། བོད་མི་ཚོང་པ་ཡིན་ཟེར་མཁན་ཁ་ཤས་རེ་ཡོད་པ་དེ་ཡང་སྐུ་ཚོང་དང་ནག་ཚོང་། ཞལ་འདེབས་བསླངས་ནས་སྒེར་གྱིས་ཉར་བ། དེ་བཞིན་ཉེ་ཆར་དར་བའི་ཁྱི་ཚོང་བཅས་ཀྱིས་སྟབས་ལེགས་བྱུང་ནས་དངུལ་ཏོག་ཙམ་རེ་ལག་པར་སླེབས་པ་ལས་ཡིན་ལུགས་ཚུལ་ལྡན་གྱི་དེང་རབས་ཚོང་ལས་ལ་བརྟེན་ནས་ཕྱུག་པོ་ཆགས་པ་ཞིག་ཕལ་ཆེར་མཐོང་རྒྱུ་མེད་པར་གྱུར་འདུག
འདི་ལྟར་བསམ་སྐབས་བོད་མིས་ཆབ་སྲིད་ཀྱི་སྟེང་ནས་འགུལ་སྐྱོད་ཆེན་པོ་ཞིག་རྒྱག་མི་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་གཅིག་དཔལ་འབྱོར་ལ་ཐུག་ཡོད་པ་འདྲ། ནམ་ཡིན་ཡང་གུང་ཁྲན་ཚང་གི་རྡ་ཡང་གི་ཆར་བ་རེ་ཨེ་འབབ་ལྟ་དགོས་དུས་ཆབ་སྲིད་ཅིག་རྨི་ལམ་ལ་ཡང་འཁོར་ཐུབ་ཚོད་མ་རེད། ངས་གླེན་བཤད་རྒྱག་པ་ལ་ཁྱེད་ཚོས་ཧ་ཅང་དོ་སྣང་གནང་རིན་མེད་ཀྱང་བོད་མི་མང་པོ་ཞིག་ད་དུང་ཡང་ཁ་མི་སོས་ནམ་མ་ལངས་པར་བསྡད་ཡོད་སྟབས་ང་ལ་སེམས་ཁྲལ་ཆེན་པོ་ཞིག་འདུག
ང་ཚོས་བོད་གྱི་བདེ་སྡུག་གླེང་ནས་བོད་ནང་གི་བོད་མི་དག་གི་འཚོ་བ་ཡར་རྒྱས་སུ་འགྲོ་ཐབས་ཀྱི་ཐབས་ཤེས་དང་བསམ་ཚུལ་གླེང་བ་ནི་དངོས་ནས་དགའ་འོས་པ་ཞིག་ཡིན་ཡང་། དེ་དག་ལག་ལེན་དུ་འཁེལ་བར་སུས་མགོ་འཛུགས་བྱེད་ཐུབ་ངེས་ཡིན་མིན་དེའི་ཐད་དུ་ཁྱེད་ཅག་ལ་བསམ་ཚུལ་ག་རེ་ཡོད། བོད་ནང་གི་བོད་མི་ཚོས་རང་རང་གི་ནུས་པ་གང་ཞིག་ལ་བརྟེན་ན་ད་གཟོད་ཁོང་ཚོའི་འཚོ་བའི་ནང་གི་དཀའ་ངལ་འདི་སེལ་ཐུབ་ངེས་རེད་དམ། ངེད་ཅག་གིས་འདི་ནས་བོད་ནང་གི་བོད་མི་དག་གི་ཆེད་དུ་བྱེད་ཐུབ་པ་དང་མི་ཐུབ་པ་གང་ཞིག་གི་བར་དུ་ལུས་ཡོད་པ་ཡིན།
མདང་དགོང་གྲོགས་པོ་ཁ་ཤས་དང་ལྷན་དུ་བོད་ཀྱི་སྙན་ངག་པ་ལྗང་བུས་གསར་དུ་ཕབ་སྐྲུན་བྱས་པའི་དངོས་བྱུང་གློག་བརྙན ༼ ཁོ་ཁོ་ནོར༽ཞེས་པར་བལྟ་རུ་སོང་བ་ཡིན། མཚོན་སྔོན་པོའི་ཉེ་འགྲམ་གྱི་རྨོག་རུ་འབྲོག་སྡེ་ནི་གློག་བརྙན་ནང་གི་བརྗོད་གཞི་འདྲ་བོ་རེད། ངས་འདིར་བརྗོད་འདོད་པ་ནི་གློག་བརྙན་དེ་ནང་གི་ཆ་ཤས་ཤིག་སྟེ། འབྲོག་པ་ཚོས་རང་གི་བྱིས་པ་དག་ལ་བོད་ཆས་གཡོགས་རྗེས་རྒྱ་ནང་ནས་ཡོང་བའི་ཡུལ་སྐོར་བ་ཚོའི་མཉམ་དུ་འདྲ་པར་བརྒྱབ་ནས་དཔལ་འབྱོར་འཚོལ་སྒྲུབ་བྱེད་ཀྱིན་འདུག་པ་དེ་ཡིན། བྱིས་པ་ཚོ་ལོ་བཅུ་གསུམ་མན་རྐྱང་རྐྱང་རེད་འདུག་ལ་གནམ་གཤིས་ཡག་དུས་བྱིས་པ་གཅིག་གིས་ཉིན་གཅིག་ལ་རྒྱ་སྒོར་ཉི་ཤུ་ནས་སུམ་ཅུ་བར་འཚོལ་ཐུབ་ཀི་ཡོད་འདུག ཡོང་སྒོ་དེ་དག་ལས་ཕྱེད་ཀ་ཙམ་རྒྱ་གཞུང་ལ་ཁྲལ་སྤྲོད་དགོས་ནའང་། ཡོང་སྒོ་དེ་ནི་དུས་ཡུན་ཐུང་བའི་ཡུལ་སྐོར་དུས་ཚིགས་ཀྱི་འབྲོག་པ་ཚོའི་ཡོང་སྒོ་གཙོ་བོ་དང་མི་ཚང་ཞིག་གི་ལོ་གཅིག་གི་དཔལ་འབྱོར་ཡོང་སྒོའི་གྲུབ་ཆ་གཙོ་བོ་ཞིག་ཆགས་ཡོད་འདུག འབྲོག་པ་ཚོས་བཤད་ཚུལ་ལྟར་ན་ཁོ་ཚོར་དེ་ལས་ཡག་པའི་དཔལ་འབྱོར་འདུ་འགོད་ཀྱི་ཐབས་ལམ་ཡག་པ་གང་ཡང་མེད་ཟེར།
ལམ་ཁ་དེ་འདེམས་དོན་ནི་རྨོག་རུའི་འབྲོག་སྡེ་དེ་མཚོ་སྔོན་པོའི་ཉེ་འཁྲིས་སུ་ཡོད་པས་ཡིན་རྒྱུ་རེད། དེ་མིན་ཡུལ་སྐོར་སྤྲོ་འཆམ་མེད་སའི་འབྲོག་པ་ཁག་ཅིག་གིས་དེང་སང་ཞོ་འཚོང་བརྒྱབ་ནས་གཅིག་ཤོར་གཉིས་ཤོར་ཡིན་པའི་སྐད་ཆ་ཞིག་གོ་སོང་། ང་ན་ནིང་མཚོ་སྔོན་པོ་རྐང་ཚར་སོང་སྐབས། རྫོང་ཐོག་གི་འབྲོག་པ་ཚོས་རྒྱ་ནང་ནས་ཐོན་སྐྱེད་བྱས་པའི་འགྱིག་ཁུག་ནང་གི་ཞོ་དང་འོ་མ་ཉོ་བཞིན་པ་མཐོང་སོང་། རང་གི་ས་ཆའི་ཐོན་རྫས་ཚོང་འགྲེམས་བྱེད་མི་ཐུབ་པ་གང་ལ་ཐུག་ཡོད་དམ། ལྗང་བུའི་དངོས་སྒྲུང་དེའི་བསྟན་དོན་ཅི་ཞིག་ཡིན་མིན་ཤེས་འདོད་ཆེ། ལས་གཞི་དེའི་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྒྱུའི་ལམ་ཁ་ཅི་ཞིག་ཡོད་དམ། བོད་ཀྱི་འཛད་སྤྱོད་པ་ཚོས་ད་དུང་ཡང་བཟོ་ཚོང་བ་ཕར་བརྩད་གཅོད་གཏོང་དགོས་པ་འདི་ཅི་འདྲའི་དཀའ་མོ།
འབྲེལ་ཐག་འདི་ http://www.austinfilm.org/documentary_screening_kokonor བརྒྱུད་ནས་ཀོ་ཀོ་ནོར་ཟེར་བའི་དངོས་སྒྲུང་དེའི་སྐོར་ཏོག་ཙམ་ཤེས་ཐུབ་ཅིང་། ཞོར་དུ་www.talitibet.org ཞེས་པའི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་དྲ་ཚིགས་ཤིག་ལའང་གཟིགས་མོར་རོལ་ཐུབ།
གོང་དུ་སྤོབས་པ་ལགས་ཀྱིས་བོད་ཀྱི་ས་ཁུལ་ཁག་གི་མི་དམངས་ཀྱི་སྒོར་མོའི་ཡོང་ཁུངས་རོབ་ཙམ་བཤད་པ་ལྟར། ངའི་མཐོང་སྣང་ལ་བོད་དུ་ཕྱི་ཕྱོགས་ནས་ལམ་ཁག་གསུམ་བརྒྱུད་དེ་སྒོར་མོའི་བཞུར་རྒྱུན་ཞིག་འདུག་ལ། ཕྱིའི་སྒོར་མོ་འདི་དག་གིས་བོད་མི་མང་ཆེ་བ་ཞིག་གི་ལུས་སེམས་གཉིས་ཀར་བདེ་ལྷོད་ཀྱི་གོ་སྐབས་བརླག་ཏུ་བཅུག་འདུག
༡ རྒྱ་ནག་གཞུང་གི་སྒོར་མོ།
གཞུང་གིས་ཚོང་གི་ལས་གཞིའི་ཐོག་ནས་བུ་ལོན་བཀོད་སྒྲིག་བྱེད་པ་དེས་ལས་བྱེད་མཐོ་དམའ་བར་གསུམ་གྱི་སེམས་ཀྱི་མཁོ་ཆུ་འཕྱུར་དུ་བཅུག་འདུག
༢ རྒྱ་མི་ལོ་པཱན་ཚོའི་སྒོར་མོ།
ལོ་པཱན་ཚོས་ཆོས་ཕྱོགས་ནས་བླ་མ་ཚོར་རྒྱུ་སྦྱོར་ཡོན་བདག་བྱས་ཏེ། བླ་བྲང་དང་ཆིབས་འཁོར་གྱི་རིགས་གཞན་ན་མེད་པ་བོད་དུ་མཐོང་རྒྱུ་ཡོད་པར་བྱས་པ་དེས་མཐོ་དམའ་གཉིས་ཀའི་སེམས་ལ་སྒོར་མཁོ་ལངས་སུ་བཅུག་འདུག
༣ ཕྱི་རྒྱལ་གྱི་སྒོར་མོ།
ཕྱི་རྒྱལ་གྱི་སྒོར་མོ་ནི་ཐེབས་རྩ་ཚོགས་པ་དང་། སྒེར་གྱི་འབྲེལ་བ། ཕྱི་སྡོད་བོད་མི་བཅས་བརྒྱུད་ནས་ཡོང་གི་ཡོད་པ་དེས་མང་ཚོགས་ཀྱི་སེམས་སུ་ཕྱི་རྒྱལ་ན་སྒོར་མོ་འཐུ་རྒྱུ་ཡོད་པའི་བསམ་ཚུལ་ཞིག་སྐྱེས་སུ་བཅུག་འདུག
ངས་ཐེངས་ཤིག་རང་གི་ནུ་བོར།
“མགོ་སེར་འདི་ཚོའི་ལག་པ་ནས། །
ཨ་སྒོར་ལྗང་ཁུ་ལེན་བསམ་དེ། །
ནམ་མཁའི་སྐར་མར་སྐས་བཙུགས་ནས། །
ལེན་པའི་ཐབས་ལ་བརྩོན་དང་མཚུངས། །”
ཞེས་བརྗོད་དགོས་བྱུང་།
ད་ནི་ནུབ་བརྒྱུད་ཐོན་འབྱེད་ཆེན་མོ་ཟེར་བ་དེའི་ཁྲོད་ནས་བོད་མིའི་ལག་ནས་ཡོད་ཚད་ཤོར་རྒྱུ་ཡིན་པ་འདྲ། དཔལ་འབྱོར་གྱི་ཐོན་ཁུངས་དང་ཁྲོམ་ར་གཞན་ལག་ཏུ་ཤོར་དུས་བོད་མི་གཡོག་པོར་གྱུར་པ་རེད། དེང་རབས་ཀྱི་ཚོང་ལས་འདི་སློབ་སྦྱོང་ལག་རྩལ་དང་ལྷན་དུ་འགྲོགས་དགོས་སྟབས་བོད་པས་སློབ་སྦྱོང་ལག་རྩལ་ལ་སྦྱོང་བརྡར་གང་ཡང་མ་བྱས་པའི་གོང་ནས་བོད་དུ་ནུབ་བརྒྱུད་ཐོན་འབྱེད་ཡིན་ནམ་དེའི་མགོ་བཙུགས་པ་འདི་ཡང་བོད་པའི་ལག་ནས་ཡོད་ཚད་འཕྲོག་པའི་ཇུས་གཞི་ཞིག་ཡིན་ངེས་རེད།
བོད་ནང་གི་མཁས་པ་ཞིག་གིས། ནུབ་བརྒྱུད་ཐོན་སྤེལ་ཆེན་མོ་ཟེར་བ་འདི་འཐབ་མོ་བ་གཉིས་ཀྱི་བར་དུ་འཕྲོག་རྩོད་བྱེད་བཞིན་པའི་རལ་གྲི་རྣོན་པོ་ཞིག་རེད། གལ་སྲིད་རལ་གྲི་དེའི་ཡུ་བ་ང་ཚོ་བོད་མིས་འཛིན་ཐུབ་ན་ང་ཚོ་དཔོན་པོར་གྱུར་ཅིང་ཕྱི་ནང་ཡོང་མཁན་གཡོག་པོར་བསྒྱུར་ཆོག་རྒྱུ་ཡིན་པ་དང་། གལ་སྲིད་རལ་གྲི་དེའི་ཡུ་བ་གཞན་ལག་ཏུ་ཤོར་ཚེ་ང་ཚོ་གཡོག་པོར་གྱུར་རྒྱུ་ལས་ལམ་ཁ་མི་འདུག ཅེས་གསུངས་འདུག
ངས་བསམ་ན་ནུབ་བརྒྱུད་མཆོང་སྐྱོད་ཆེན་མོ་དེ་ཡག་པོ་མ་རེད་ཅེས་ལབ་མི་ཐུབ། ཡིན་ན་ཡང་ནུབ་བརྒྱུད་མཆོང་སྐྱོད་འདིའི་མགོ་འཛུགས་པ་སྔ་དྲགས་འདུག་བསམ། རང་རེ་ལ་དེང་རབས་དཔལ་འབྱོར་འགྲན་རྩོད་ལ་ཞུགས་པའི་གྲ་སྒྲིག་སློབ་སྦྱོང་མེད་པ་རེད། དེང་རབས་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་མ་སྤྲད་པར་དཔལ་འབྱོར་གྱི་སྒོ་ཆེན་ཕྱི་ལོགས་སུ་ཕྱེས་པ་དེ་ཡང་བོད་མི་རྣམས་གཡོག་པོ་ནས་སྤྲང་པོར་འགྱུར་རྒྱུའི་ཉེན་ཁ་འདུག
བོད་མིའི་ཚོང་པ་ཆེན་པོར་འབོད་པ་དེ་ཚོ་མང་ཆེ་བ་རྒྱ་ནག་གི་ཐོན་རྫས་ཀྱི་བྲན་དུ་གྱུར་འདུག ཁོ་ཚོས་རྒྱ་ནག་གི་ཚོང་ཟོག་དེ་ཚོ་ཡར་ཁྱེར་ནས་བཙོང་མར་ཁྱེར་ནས་བཙོང་དེ་འདྲ་བྱས་སྡོད་ཀྱི་འདུག
བོད་མིའི་རྩ་ཆེ་བའི་ལག་ཤེས་བཟོ་རྩལ་དེ་ཚོ་མང་པོ་ཞིག་གི་རྒྱུན་ཉམས་ཚར་བ་སླར་གསོ་བྱེད་མཁན་ཁྱོན་ནས་མེད་པ་དང་། ཅུང་ཟད་ཡོད་པ་དེ་ཚོའི་བདག་པོ་རྒྱ་མི་རེད། བོད་མིའི་ཁྱིམ་ཚང་སྒེར་གྱི་ནང་ཆས་ཆ་སྒམ་དང་མཆོད་ཁྲི་རྫིག་པོ་རིན་ཐང་ཅན་དེ་ཚོ། སྒམ་ཆེ་མ་ཆུང་གསུམ་སྙིང་རྗེ་པོ་དེ་ཚོ། མདུན་ཅོག་ཆེ་ཆུང་མཛེས་བཟོ་དོད་པོ་དེ་ཚོ་ཚང་མ་བཟོ་མཁན་རྒྱ་མི་རེད། ད་རུང་དེས་ག་ལ་ཚད་དངུལ་གྱི་ཨ་ལུང་བཞོ་ལུང་དེ་ཚོ། གསེར་གྱི་རྣ་ཏོག་དེ་ཚོ་བཟོ་མཁན་ཡང་རྒྱ་མི་རེད།
ང་ཚོས་རང་གི་ངོ་ཤེས་གྲོགས་པོ་དང་། རང་གི་ཕ་ཡུལ་གྱི་དཔོན་པོ་ངོ་ཤེས་པ་ཚོར་རང་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་གང་ན་ཅི་ཡོད་རིགས་སྐྱར་གསོ་དང་ཚོང་འགྲེམས་བྱེད་པར་དྲན་སྐུལ་བྱེད་འོས་སུ་ཆེ།
བོད་ཀྱི་ཐུན་མོང་མ་ཡིན་པའི་ལག་ཤེས་བཟོ་རིག་དང་སྒྱུ་རྩལ་འདི་ཚོ་བོད་ནང་ཙམ་མ་ཡིན་པར་རྒྱ་ནག་ནང་དང་རྒྱལ་སྤྱིའི་ཐོག་འགྲོ་རྒྱུག་ཆེན་པོ་ཡོད་པར་མཐོང་། ཐང་ག་དང་ས་གདན་ལྟ་བུ་ད་རུང་ཕལ་ཆེ་བ་རང་གིས་བདག་པོ་རྒྱག་ཐུབ་གི་ཡོད་པ་འདྲ། འདི་ཚོ་ཡང་ཉིན་གཅིག་རྒྱ་ལག་ཏུ་མ་ཤོར་བའི་ངེས་པ་མི་འདུག གཟབ་གཟབ་མ་བྱས་ན་ཉིན་གཅིག་འུར་རྡོ་ཆུ་མིག་དགུ་སྒྲིལ་ཞིག་དགོས་ན་ཡང་རྒྱ་ལག་ནས་ཉོ་གི་ཡོད་རྒྱུ་རེད། འུར་རྡོ་ཡག་པོ་ཞིག་གིས་ཨ་སྒོར་བཞི་བཅུ་ཁུག འདི་ཚོ་ཚང་མ་དཔེ་མཚོན་ཙམ་ཡིན། གཞན་ཆུང་ཙག་ཚུད་ཆད་བཤད་ན་རྩིས་རྩིས་གྲངས་ཀྱིས་ག་ལ་ལངས།
བོད་ལྗོངས་སྨན་རྩིས་ཁང་འདི་རྒྱ་མོ་ཚོང་པ་ཞིག་གི་ཉོས་ཚར་བ་རེད་ཟེར་བ་ཞིག་ཐོས། དེ་འདྲ་ཁྱོད་ཚོས་ཐོས་སམ།