འབྲིང་བ་འཇིགས་མེད།
༄༅།། ཀིརྟི་ཚང་གིས་མདོ་སྨད་ཀྱི་ཁ་མཆུ་མང་པོ་འདུམ་འགྲིག་མཛད་དེ་ཡུལ་ཁམས་བདེ་ལ་བཀོད་པའི་ལོ་རྒྱུས་དཔྱད་གླེང་།
༼འདས་པའི་ལོ་གཅིག་ཏག་ཏག་གི་སྔོན་ལ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཐོག་ཏུ་སྤེལ་བའི་རྩོམ་ཡིག་འདི། སྐབས་དེར་དྲ་ཐོག་ཏུ་འགོད་པའི་སྐུལ་མ་བྱེད་མཁན་ཁ་ཤས་བྱུང་ཡང་འཕྲལ་དུ་མ་ཐུབ་ཁར་རིམ་བཞིན་ལས་བྲེལ་གསེང་དུ་ལྷག་པ་དེ་རིང་སླར་ལག་ཏུ་བླངས་ཤིང་ཕྲན་བུ་བཅོས་ཏེ་རྣམ་པ་ཚོའི་སྤྱན་ལམ་དུ་ཕུལ། རྩོམ་པ་པོས། ༢༠༡༧།༦།༢༥ ལ།༽
གླེང་གཞི།
༄༅།། བསྐལ་པ་རྫོགས་ལྡན་ནས་རྩོད་ལྡན་དུ་འགྲིབ་པ་ཡིན་ནའང་འདྲ། གདོད་མའི་སྤྱི་ཚོགས་ནས་དེང་རབས་ཀྱི་སྤྱི་ཚོགས་སུ་ཡར་རྒྱས་སོང་བ་ཡིན་ནའང་འདྲ། གང་ལྟར་མི་རྣམས་ཀྱིས་རང་གི་འཚོ་བའི་ཁྲོད་ཕན་ཚུན་རོགས་རེས་དང་འཐབ་རེས་བྱས་ནས་ཡོང་བའི་ལོ་རྒྱུས་རིང་མོའི་ནང་། རྩོད་རྙོག་གམ་ཁ་མཆུ་མང་པོ་བྱུང་ཡོད་ཅིང་། ཡུལ་གྲུ་འགའ་རེའི་ལོ་རྒྱུས་དང་། ལྷག་པར་སྲིད་དོན་གྱི་ལོ་རྒྱུས་ཁག་ནི་རྩོད་རྙོག་རྐྱང་རྐྱང་གི་ལོ་རྒྱུས་སུ་གྲུབ་ཡོད་ཅེས་བརྗོད་ནའང་ཕལ་ཆེར་རྫུན་དུ་མི་འགྱུར། འོན་ཀྱང་མི་རྣམས་ཀྱི་འདོད་པ་ནི་རྩོད་རྙོག་མེད་པའི་ཞི་བདེ་ལྷིང་འཇགས་ཡིན་པ་ལས་རྩོད་རྙོག་འཐབ་འཁྲུག་གི་འཇིགས་སྣང་མིན་པས། རྩོད་རྙོག་གམ་ཁ་མཆུ་བྱུང་རེས་བཞིན་དེ་འདུམ་འགྲིག་ཡོང་ཐབས་ཀྱི་འབད་རྩོལ་བྱས་པའི་ལོ་རྒྱུས་ཀྱང་དེ་བཞིན་དུ་མང་། བོད་ཀྱི་ལོ་རྒྱུས་ལ་མཚོན་ན། བོད་དང་རྒྱལ་ཁབ་གཞན་དབར། བོད་ཀྱི་ཡུལ་གྲུ་སྟོད་སྨད་ནང་ཁུལ་དབར། ཐ་ན་ཁྱིམ་ཚང་ཕན་ཚུན་དབར་བཅས་ལ་བྱུང་བའི་རྩོད་རྙོག་གམ་ཁ་མཆུ་ཆེ་ཆུང་གང་ཞིག་ཡིན་ནའང་དེ་འདུམ་འགྲིག་བྱས་པའི་ལོ་རྒྱུས་མེད་པ་ཤིན་ཏུ་དཀོན། རྩོད་རྙོག་གིས་མི་རྣམས་ཀྱི་ཆགས་སྡང་དང་ནོར་འཁྲུལ་མཚོན་ནའང་། རྩོད་རྙོག་འདུམ་འགྲིག་གིས་མི་རྣམས་ཀྱི་བརྩེ་སེམས་དང་རེ་བ་མཚོན་པས། རྩོད་རྙོག་གམ་ཁ་མཆུ་འདུམ་འགྲིག་བྱས་པའི་ལོ་རྒྱུས་ནི་གླེང་འོས་པ་དང་དཔྱད་རིན་ཡོད་པ་ཞིག་ཡིན།
ཁྱད་པར་དུ། འདིར་དཔྱད་གླེང་ཞུ་རྒྱུའི་ཁ་མཆུ་འདུམ་འགྲིག་གི་ལོ་རྒྱུས་འདི་དག་ནི་མདོ་སྨད་ཀྱི་ས་ཁུལ་མང་པོ་ཞིག་གི་དངོས་བྱུང་ལོ་རྒྱུས་སྣ་ཚོགས་དང་འབྲེལ་བ་ཡོད་པས། དཔྱད་གླེང་འདིས་མདོ་སྨད་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་ཕན་ཐོགས་ངེས་ཅན་འབྱུང་བའི་རེ་བ་ཡོད། དེ་དང་ཆབས་ཅིག འདི་ནི་འདས་ཟིན་པའི་ལོ་རྒྱུས་ལ་ཕྱི་མིག་བལྟས་པ་ཙམ་དང་ལོ་རྒྱུས་ཀྱི་དཔྱད་གཞི་དུ་མ་མཁོ་འདོན་བྱས་པ་ཙམ་ལས་འདིའི་ལོ་རྒྱུས་ཀྱི་རྒྱུན་སྐྱོང་དགོས་པའི་དོན་གཏན་ནས་མིན་ལ། དེང་སང་དགོན་སྡེ་རེ་ཟུང་གིས་ཁྲིམས་ཆད་དང་བཙན་ཤེད་ཀྱི་ལམ་ནས་ཁ་མཆུ་འདུམ་འགྲིག་བྱེད་བཞིན་པ་འདི་ནོར་འཁྲུལ་མ་ཡིན་པར་སྟོན་པ་དེ་བས་ཀྱང་མིན་ཏེ། དེ་གཉིས་མི་འདྲ་ཚུལ་གཤམ་དུ་གསལ།
དང་པོ། ཁ་མཆུ་འདུམ་འགྲིག་གི་སྤྱི་བབས་ལ་དཔྱད་པ།
༡ ཁ་མཆུ་འདུམ་འགྲིག་གི་རང་བཞིན།
རྩོད་རྙོག་ཆེ་ཆུང་གང་ཞིག་བྱུང་སྐབས་འབྲེལ་ཡོད་གཞན་ཞིག་གིས་དེ་འདུམ་འགྲིག་ཡོང་ཐབས་བྱེད་པའི་ཁ་མཆུ་འདུམ་འགྲིག་གི་བྱ་བ་འདི་ནི། མི་ཀུན་གྱིས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པའི་གཞི་རྩའི་བསམ་འདུན་ལས་བྱུང་བའི་ཕུགས་བསམ་རང་བཞིན་གྱི་བྱ་བ་ཞིག་དང་། རང་ཉིད་གཅིག་པུའི་ཁེ་ཕན་ཙམ་བསྒྲུབས་ནས་མི་སྡོད་པར་གཞན་གྱི་བདེ་སྡུག་ལ་སེམས་ཁུར་ལེན་པའི་བརྩེ་སེམས་རང་བཞིན་གྱི་བྱ་བ་ཞིག ཡུལ་ཁམས་ལ་ཞི་བདེ་ལྷིང་འཇགས་ཀྱི་ཁོར་ཡུག་བསྐྲུན་པའི་བདེ་འཇགས་སྲུང་སྐྱོབ་རང་བཞིན་གྱི་བྱ་བ་ཞིག་ཡིན་པས། ཁ་མཆུ་འདུམ་འགྲིག་ནི་སྤྱི་ཚོགས་ཀྱི་རྨ་ཁ་གསོ་བའི་སྨན་ལྟ་བུ་དང་། ཞི་བདེའི་ཉིན་བྱེད་འདྲེན་པའི་སྐྱ་རེངས་ལྟ་བུའི་གཟི་བརྗིད་ལྡན་པའི་བྱ་བ་ཞིག་ཏུ་བརྩི་ཆོག
༢ ཁ་མཆུ་འདུམ་འགྲིག་གི་བྱེད་ཐབས།
རྩོད་རྙོག་གི་གཞི་ཆེ་ཆུང་ལ་བལྟོས་ནས་དེ་འདུམ་འགྲིག་གི་ཐབས་ལམ་ལའང་སྣ་ཚོགས་ཡོང་སྲིད་ཀྱང་སྤྱིའི་ཆ་ནས་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་པ་ཞིག་ཡིན། འདས་པའི་ལོ་རྒྱུས་ནང་བོད་ཀྱི་ཁ་མཆུ་འདུམ་འགྲིག་སྐབས་བསྟེན་བཞིན་པའི་བྱེད་ཐབས་གཙོ་ཆེ་བ་ནི། རྩོད་རྙོག་གི་གནོད་སྐྱོན་དང་མཇུག་འབྲས་ངན་པའི་རང་བཞིན་ངོ་སྤྲོད་བྱེད་པ། མཛའ་བརྩེ་མཐུན་འགྲིག་ངང་གནས་དགོས་པའི་རྒྱུ་མཚན་དང་དགེ་མཚན་བཤད་པ། རྒྱལ་ཁྲིམས་དང་ཡུལ་ཁྲིམས་སོགས་ཀྱིས་མཚོན་སྒྲིག་ཁྲིམས་བརྩི་སྲུང་གི་ཕན་ཡོན་བརྗོད་པ། ལྡོག་ཕྱོགས་ནས་ཐེག་དཀའ་བའི་ཉེས་ཆད་དམ་བསྒྲུབ་དཀའ་བའི་གདམ་ག་སོགས་ཀྱིས་གནོན་ཤུགས་སྤྲོད་པ། ཆོས་ཕྱོགས་དང་འབྲེལ་ནས་དགེ་སྡིག་སྤང་བླང་གི་བསླབ་བྱ་གཏོང་བ། དད་མོས་སམ་བརྩི་བཀུར་ཞུ་སའི་བླ་མ་ལྟ་བུའི་དམིགས་བསལ་མི་སྣའི་མཚན་སྙན་དང་དམ་ཚིག་ལ་བཀར་ནས་འགྲིག་ཐབས་བྱེད་པ་སོགས་ཏེ། འདི་དག་ནི་བོད་ཡུལ་གྱི་ཁ་མཆུ་འདུམ་འགྲིག་སྣ་ཚོགས་པ་སྤྱིའི་དབང་དུ་བྱས་ཤིང་། བོད་དུ་ནང་ཆོས་དར་བ་ནས་བཟུང་ཆོས་ཕྱོགས་དང་འབྲེལ་བའི་བྱེད་ཐབས་ལ་གཙོ་བོར་བརྟེན་ནས་རྩོད་རྙོག་ཁག་འདུམ་འགྲིག་བྱས་ཡོད་པ་གསལ་པོར་མཐོང་ཐུབ།
༣ ཁ་མཆུ་འདུམ་འགྲིག་གི་བྱུང་བ།
འཛམ་གླིང་གི་ཡུལ་གྲུ་གང་སར་མི་གཉིས་དབར་གྱི་རྩོད་རྙོག་ནས་རྒྱལ་ཁབ་གཉིས་དབར་གྱི་རྩོད་རྙོག་བར་རྩོད་རྙོག་མཐའ་ཡས་པ་ཞིག་བྱུང་དང་འབྱུང་མུས་ལས། བོད་དུ་རྩོད་རྙོག་ཆེ་ཆུང་རིམ་པ་མང་དུ་བྱུང་བའི་ཚུལ་ནི་སྔོན་གྱི་ལོ་རྒྱུས་དེབ་ཐེར་ཁག་ཏུ་གསལ་ལ། རྩོད་རྙོག་འདུམ་འགྲིག་བྱས་པའི་ཚུལ་ཡང་ཟུར་ཙམ་རེ་འབྱུང་བ་ནི། དཔེར་ན། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་བཟོས་པའི་ཁྲིམས་ཕྲན་ཞལ་ལྕེ་སྣ་ལྔ་ཞེས་པའི་གྲས་སུ་ཉེ་དུ་འདུམ་ཆོས་ཀྱི་ཞལ་ལྕེ་(1)ཞེས་ཁྱིམ་ཚང་ནང་ཁུལ་གྱི་རྩོད་རྙོག་འདུམ་འགྲིག་གི་ཁྲིམས་ཤིག་ཀྱང་ཡོད་པ་དང་། བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱི་སྐབས་ཙམ་ནས་བཟུང་བོད་རྒྱའི་དབར་རྩོད་རྙོག་འདུམ་འགྲིག་གིས་ཆིངས་ཡིག་ལན་མང་བཞག་ཡོད་པ་(2)དང་། ལྷག་པར་མངའ་བདག་ཁྲི་རལ་པ་ཅན་གྱི་སྐབས་དབོན་ཞང་མཐུན་འགྲིག་གི་རྡོ་རིང་བསླངས་པ་དེ་ནི་རྒྱ་བོད་ཀྱི་དགེ་འདུན་པ་ཚོས་མཚམས་སྦྱོར་དང་འདུམ་ཐབས་བྱས་པ་(3)ལ་བརྟེན་ནས་བྱུང་བ་ཞིག་ཡིན། བོད་སིལ་བུར་འཐོར་བའི་རྗེས་སུ་ས་ཕག་རིན་གཙང་དགའ་ལྡན་ཕོ་བྲང་བཅས་པའི་སྐབས་སུའང་ཁ་མཆུ་འདུམ་འགྲིག་གི་ལོ་རྒྱུས་མུ་མཐུད་བྱུང་ཡོད། དུས་རབས་གསར་པའི་ནང་རྒྱལ་ཁབ་སོ་སོའི་ཁྲིམས་ཁང་ནས་ཁ་མཆུ་ཐག་གཅོད་བྱེད་ཀྱི་ཡོད་པ་ལྟར། བོད་ནང་དུ་རྒྱ་ནག་གཞུང་གི་ཁྲིམས་ཁང་ཡོད་ནའང་ད་དུང་བོད་རང་གི་ཁ་མཆུ་འདུམ་འགྲིག་བྱེད་པའི་རྒྱུན་སྲོལ་ནི་ཕྱོགས་སོ་སོ་ན་ཕལ་ཆེར་སྔར་བཞིན་གནས་ཡོད།
གཉིས་པ། ཀིརྟི་ཚང་གིས་མདོ་སྨད་ཀྱི་ཁ་མཆུ་མང་པོ་འདུམ་འགྲིག་མཛད་པའི་ལོ་རྒྱུས་ལ་དཔྱད་པ།
༡ ཀིརྟི་ཚང་གི་རྣམ་ཐར་དུ་གསལ་བའི་མདོ་སྨད་ཁུལ་གྱི་རྩོད་རྙོག་ཁག་ཅིག
མདོ་སྨད་ཁུལ་གྱི་རྩོད་རྙོག་གམ་ཁ་མཆུ་ལ་མཚོན་ན་མང་ཆེ་བ་མདོ་སྨད་རང་གི་བླ་མ་དང་དགོན་སྡེ་ཁག་གིས་འདུམ་འགྲིག་གནང་ཡོད་ཅིང་། རོང་ཆེན་༸སྐྱབས་མགོན་ཀིརྟི་རིན་པོ་ཆེའི་སྐུ་ཕྲེང་གི་རྣམ་ཐར་(4)ནང་དུ་མདོ་སྨད་ལྷོ་རྒྱུད་ཀྱི་ཁ་མཆུ་དཔེར་ན། ༡ ཀླུ་ཆུའི་ཟམ་ཚ་དང་མཛོད་དགེའི་བཞག་ལྡོམ་བར་གྱི་ཁ་མཆུ། ༢ གཙོས་མཛོད་དགེའི་གྱོད་ཆེན། ༣ བླ་བྲང་དང་མགོ་ལོག་བར་གྱི་གྱོད། ༤ ཐེ་བོའི་པགས་པ་དང་དབྱིས་པ་གཉིས་ཀྱི་གྱོད། ༥ རྨ་ཆུའི་ཆག་ཝ་མ་དང་རྔ་པའི་གཅའ་རུ་བའི་བར་གྱི་གྱོད། ༦ རྔ་པའི་རྨེའུ་ཚང་དང་རྒྱལ་རོང་རྫིང་འགག་བར་གྱི་གྱོད། ༧ ཅོ་ནེའི་བདེ་ཐང་དང་ཨ་མཆོག་ཆུ་རྒྱུད་བར་གྱི་གྱོད། ༨ མཛོད་དགེའི་རྐ་ཆུ་ཁ་པ་དང་རྨ་ཆུའི་ལྷ་སྡེ་ཉིན་མའི་བར་གྱི་གྱོད། ༩ བླ་བྲང་གི་གནམ་ལ་དང་ཧོར་ཚང་བར་གྱི་གྱོད། ༡༠ རྔ་པའི་རྡོ་ཞར་དང་བླ་བྲང་བར་གྱི་གྱོད། ༡༡ རྨེའུ་ཚང་དང་ཟུང་འཕན་གྱི་རྒྱ་དཔོན་བར་གྱི་གྱོད་སོགས་གྱོད་སྣ་ཁ་མཆུ་གྲངས་ ༡༥༠ ཙམ་སྔ་ཕྱིར་འདུམ་འགྲིག་མཛད་པའི་གནས་ཚུལ་འཁོད་ཡོད་པ་རྩོམ་འདིའི་ཟུར་བཀོད་དུ་གསལ་བ་ལྟར་ཡིན།
༢ ཁ་མཆུ་དེ་དག་དབར་གྱི་ཁྱད་པར་ལ་དབྱེ་ཞིབ།
ཁ་མཆུ་དེ་དག་གི་བར་ལ་བྱུང་རྐྱེན་དང་། རྒྱབ་ལྗོངས། ངོ་བོ། ཚབས་ཆེ་ཆུང་སོགས་ཀྱི་ཁྱད་པར་དུ་མ་ཡོད། དཔེར་ན༑ འདིའི་ཟུར་བཀོད་ནང་གསལ་ཁ་མཆུ་འདུམ་སྒྲིག་ཨང་ ༡ ཐཱ་ལ་ཚང་གི་མི་རྒྱབ་དང་སྦྱིན་བདག་དབར་གྱི་རྩོད་པ་ལྟ་བུ་བླ་མའི་སྐུ་བདག་བྱེད་ཕྱོགས་དང་འབྲེལ་ནས་བྱུང་བ། ཨང་ ༡༡ དང་ ༡༢ པ་གཙོས་སྒར་ལུང་ཤོག་བཅུ་དང་མཛོད་དགེ་དམེ་བོ་ཤོག་ལྔའི་དབར་གྱི་གྱོད་ཆེན་ལྟ་བུ་བླ་མ་ཆེ་ཁག་གི་སྐུ་དོན་ལ་བསྙད་ནས་བྱུང་བ། ཨང་ ༤༩ དང་ ༥༠ པ་མཛོད་དགེ་ཤོག་བཅུ་གཉིས་དང་བླ་བྲང་གི་ལྷ་སྡེ་བར་གྱི་འཁྲུགས་ཆེན་ལྟ་བུ་ལྷ་སྡེ་ཉིན་མའི་མི་བཞི་མཛོད་དགེ་བྱམས་མེས་བསད་པའི་རྐྱེན་ལས་བྱུང་བ་ལྟ་བུ་སྟེ། དེ་དག་ནི་འདིར་མཚོན་ཙམ་སྨོས་པ་ལས་ཁ་མཆུ་སོ་སོའི་བྱུང་རྐྱེན་དང་རྒྱབ་ལྗོངས་ཅི་ཡིན་རྣམ་ཐར་ཁག་ཏུ་མི་གསལ་ལ། འདིར་ཡང་དེའི་སྐོར་ལ་ཞིབ་འཇུག་བྱེད་རྒྱུ་ནི་རྙོག་མ་གཏིང་སློང་ལྟ་བུ་ལས་དགོས་པ་མ་མཐོང་བས་བཞག
གཞན་ཡང་། ཁ་མཆུ་འདུམ་འགྲིག་ཨང་ ༩ པ་ཐེ་བོ་སྒང་ཚ་དང་བྲག་སྒམ་པའི་གྱོད་ལྟ་བུ་གྲོང་སྡེ་ཕན་ཚུན་དབར་གྱི་གྱོད་དང་། ཨང་ ༤ པ་ཟམ་ཚ་དང་བཞག་ལྡོམ་གཉིས་ཀྱི་ཁ་མཆུ་ལྟ་བུ་ཤོག་ཀ་ཕན་ཚུན་དབར་གྱི་གྱོད། ཨང་ ༦༧ དང་ ༦༨ པ་གཟའ་རུའི་ནང་གྱོད་དང་ཚོང་རུའི་ནང་གྱོད་ལྟ་བུ་ཤོག་ཀ་ནང་ཁུལ་གྱི་གྱོད། ཨང་ ༡༠ པ་ཉི་མ་ལུང་པ་དང་ཨ་མཆོག་སྒར་ཆེན་གཉིས་ཀྱི་རྩོད་རྙོག་ལྟ་བུ་དགོན་པ་དང་གྲོང་སྡེའི་དབར་གྱི་གྱོད། ཨང་ ༡༨ དང་ ༡༩ པ་བླ་བྲང་དང་མགོ་ལོག་གི་གྱོད་ཆེན་ལྟ་བུ་ཡུལ་ཁམས་ཆེན་པོ་སྟོད་སྨད་དབར་གྱི་གྱོད། ཨང་ ༢༢ པ་བླ་བྲང་སྐུ་ཕྱོགས་དང་ཕྱག་མཛོད་གཉིས་མ་མཐུན་པའི་འཁྲུགས་ཟིང་ལྟ་བུ་བླ་མ་དང་ཕྱག་མཛོད་དབར་གྱི་གྱོད། ཨང་ ༦༡ པ་རྨེའུ་ཚང་དང་རྫོང་འགག་དབར་གྱི་གྱོད་ལྟ་བུ་དཔོན་ཁག་ཕན་ཚུན་དབར་གྱི་གྱོད། ཨང་ ༨༧ དང་ ༨༨ པ་ཟུང་འཕན་རྒྱ་དཔོན་དང་རྨེའུ་ཚང་དབར་གྱི་གྱོད་ལྟ་བུ་རྒྱ་བོད་དབར་གྱི་གྱོད་སོགས་ཁ་མཆུ་རིགས་སྣ་ཚོགས་བྱུང་འདུག དེ་ཀུན་གྱི་ངོ་བོ་མདོར་བསྡུས་ན། ཆོས་སྡེ་དང་སྲིད་སྡེ་སོ་སོའི་ཤོག་ཁག་ཕན་ཚུན་དབར་གྱི་འཐེན་འཁྱེར་རང་བཞིན་དང། སྟོབས་ཤུགས་འགྲན་བསྡུར་རང་བཞིན་གྱི་རྩོད་རྙོག་འབའ་ཞིག་ཏུ་གྲུབ། ཁ་མཆུ་དེ་དག་གི་ནང་ནས། གཙོས་སྒར་ལུང་ཤོག་བཅུ་དང་མཛོད་དགེ་དམེ་བོ་ཤོག་ལྔའི་དབར་གྱི་ཁ་མཆུ་དེའི་ཁྲོད་མི་སྲོག་ ༢༩༩ གྲོན་པས་དེ་ནི་གནོད་ཚབས་ཆེས་ཆེ་ཤོས་ཀྱི་འཁྲུག་རྩོད་ཅིག་ཏུ་གྱུར་ཡོད།
ཁ་མཆུ་དེ་དག་བྱུང་སའི་ས་གནས་ནི་གཙོ་བོར་མདོ་སྨད་ལྷོ་རྒྱུད་དེ། ད་ལྟའི་རྫོང་ཁག་གི་དབང་དུ་བྱས་ན། འབར་ཁམས་རྫོང་། རྔ་པ་རྫོང་། ཁྱུང་མཆུའམ་རྨེ་བ་རྫོང་། ཟུང་ཆུ་རྫོང་། མཛོད་དགེ་རྫོང་། ཐེ་བོ་རྫོང་། ཅོ་ནེ་རྫོང་། ཀླུ་ཆུ་རྫོང་། བསང་ཆུ་རྫོང། རྨ་ཆུ་རྫོང་། སོག་རྫོང་། དེ་བཞིན་རེབ་གོང་དང་མགོ་ལོག་ཁུལ་བཅས་ཡིན།
༣ ཁ་མཆུ་དེ་དག་འདུམ་འགྲིག་ཇི་ལྟར་མཛད་ཚུལ་ལ་དཔྱད་པ།
ཁ་མཆུ་དེ་དག་ནི་མི་རབས་དུ་མའི་རིང་རིམ་གྱིས་བྱུང་བ་ལྟར་འདུམ་འགྲིག་མཛད་པའི་རིམ་པའང་དེ་ལྟར་བྱུང་བའི་ཚུལ་རེ་རེ་བཞིན་རྣམ་ཐར་ཁག་ཏུ་གསལ། ཁ་མཆུ་དེ་དག་སྐབས་སོ་སོར་འདུམ་འགྲིག་མཛད་པའི་ཚེ་ན་འདུམ་འགྲིག་གི་གཞི་རྟེན་གཙོ་བོ་ནི་སྲིད་ཕྱོགས་ནས་མི་རིགས་གཅིག་གྱུར་དང་ས་ཁོངས་གཅིག་གྱུར། ཆོས་ཕྱོགས་ནས་བླ་མ་དང་སློབ་བརྒྱུད་གཅིག་གྱུར་ཡིན་པ་སོགས་ཀྱི་གནས་སྟངས་གཞི་ལ་བཟུང་ཡོད། འདུམ་འགྲིག་གི་ཐབས་ལམ་གཙོ་བོ་ནི་ཡུལ་ཁྲིམས་སོགས་ཁྲིམས་སྒྲིགས་ཀྱི་འགྲོ་ལུགས་དང་། བླ་སློབ་དབར་གྱི་ཆོས་དང་དམ་ཚིག་གི་འབྲེལ་བ་བཅས་ཆོས་སྲིད་གཉིས་ཀའི་བྱེད་ཐབས་ལ་བརྟེན་ནས་འདུམ་འགྲིག་མཛད་ཡོད་ཅིང་། སྐབས་རེར་ཟང་ཟིང་གི་དངོས་པོས་ཕྱོགས་གཉིས་ཀ་མགུ་བར་བྱས་ནས་འདུམ་འགྲིག་མཛད་པའང་ཡོད། དཔེར་ན། ཀིརྟི་སྐུ་ཕྲེང་བདུན་པ་༸སྐྱབས་མཆོག་ཐུབ་བསྟན་ཉི་མའི་རྣམ་ཐར་བློ་གསལ་སྐལ་བཟང་མགུལ་རྒྱན་ལས། “ཟམ་ཚ་དང་བཞག་ལྡོམ་གཉིས་ལ་ཁ་མཆུ་ཆེན་པོ་བྱུང་བར་ཕན་ཚུན་གཉིས་ཀར་ཐུགས་རྗེ་ཆེན་པོའི་དབང་གནང་ཞིང་ཆོས་དང་དམ་ཚིག་ལ་བཀར་བའི་གསུང་ནན་ཅན་གྱིས་རྩོད་པ་ཆོས་ཕྱོགས་སུ་ཞི་བར་བྱས།” ཞེས་གསུངས་པ་ལྟར་དབང་བཀའ་ཆོས་གནང་སྟེ་ཆོས་དང་དམ་ཚིག་ལ་བཀར་བའི་གསུང་གིས་འདུམ་པར་མཛད་པ་སྟེ། ཁ་མཆུ་འདུམ་འགྲིག་ཆེད་བཀའ་དབང་གནང་བ་འདི་རིགས་ལ་གྱོད་དབང་བསྐུར་ཞེས་ཟེར་ཞིང་། ཐབས་འདིའི་སྒོ་ནས་ཁ་མཆུ་འདུམ་འགྲིག་མཛད་པ་ཤིན་ཏུ་མང་། ཡང་དེ་ལས། “གང་དུ་ཕེབས་པ་དེར་ཁ་མཆུ་རྩོད་གླེང་གང་ཡོད་ཐམས་ཅད་ལ་གཤིན་པོའི་དོན་དུ་བསྔོ་སྨོན་དང་འཕོ་བ་ཆེད་དུ་མཛད་པ་དང། ལས་འབྲས་ཀྱི་རྣམ་བཞག་དང་འབྲེལ་བའི་བཀའ་ནན་བཙན་བརྗིད། ཕྱག་རྫས་ཀྱི་གནང་སྦྱིན་ཕངས་མེད་དུ་སྩོལ་བ་སོགས་ཐབས་མཁས་ཀྱི་མཛད་པ་སྣ་ཚོགས་པས་འདུམ་པར་མཛད།” ཅེས་གསུངས་པ་ལྟར་ལས་འབྲས་ཀྱི་རྣམ་བཞག་ལས་བརྩམས་པའི་བཀའ་སློབ་དང་། ཕྱག་རྫས་ཀྱི་གནང་སྦྱིན་སོགས་ཐབས་མཁས་པའི་མཛད་པའི་སྒོ་ནས་འདུམ་པར་མཛད་པ་དང་།
དེ་བཞིན་ཀིརྟི་སྐུ་ཕྲེང་བརྒྱད་པ་༸སྐྱབས་མགོན་བློ་བཟང་འཕྲིན་ལས་ཚང་གི་རྣམ་ཐར་ཆེན་མོ་ཐུབ་བསྟན་མཛེས་རྒྱན་ལས། “དཔྱིད་ཨ་མཆོག་ཆུ་རྒྱུད་དུ་ཕེབས། སྐྱི་དང་ཐེམ་པ་གཉིས་ལ་གཟུ་ཡིག་བཞག” ཅེས་དང་། དྲུག་པའི་ནང་ཐེ་བོར་ཕེབས་ཏེ་སྒང་ཚ་དང་། བྲག་སྒམ་པའི་གྱོད་ལ་འདོགས་ཆིངས་གནང་།” ཞེས་གསུངས་པ་ལྟར། གཟུ་ཡིག་དང་འདོགས་ཆིངས་གནང་སྟེ་འདུམ་པར་མཛད་པ།
ཡང་དེ་ལས། “གཙོས་ཁ་གྱ་སོགས་སྒར་ལུང་ཤོག་བཅུ་དང་། མཛོད་དགེ་དམེ་བོ་ཤོག་ལྔ་མ་མཐུན་པར་ཡུན་རིང་འཁྲུགས་པའི་གཡུལ་ངོར་མི་ཉིས་བརྒྱ་དང་གོ་དགུ་ཙམ་ལུས་སྲོག་གྲོན་པའི་ཉེན་ཤིན་ཏུ་ཆེ་བ་བྱུང་སྟབས། འདི་དུས་གཙོས་དགོན་གྲོང་གི་གྲོས་དབང་དང་མི་རྩ་རྣམས་ལ་གྱོད་འདུམ་རྒྱུའི་གསུང་ནན་དམ་ཚིག་ལ་བཀར་བ་བསྩལ། རྒྱལ་ཟླའི་བཅོ་ལྔའི་ཉིན་དམེ་བོ་སྒར་གསར་དགའ་ལྡན་རབ་རྒྱས་གླིང་དུ་ཕེབས་ནས་དཔོན་ཚང་གི་མི་ངོ་རྣམས་ཀྱིས་གཙོས་སེར་སྐྱ་རགས་བསྡུས་ལ་གྲུབ་རྒྱལ་ཚེ་དབང་གནང་། དམེ་བོ་དཔོན་པོ་ལ་གྱོད་ཆེན་འགྲིག་རྒྱུའི་བཀའ་ནན་བསྩལ། ཕན་ཚུན་གྱི་བར་ལ་སྐུ་ཚབ་བླ་མ་ཚུལ་སློང་མངགས་ཏེ་གྱོད་ཆེན་འདུམ་འགྲིག་གི་འགོ་ཚུགས།” ཞེས་དང་། “གཉིས་པའི་ཉེར་གཉིས་ཉིན་གྱོད་ཆེན་གྱི་དོན་དུ་གཟུ་ཡིག་བཞག ཕན་ཚུན་གཉིས་ཀར་རྟ་ནོར་བརྒྱད་ཅུ་དང་དངུལ་སྲང་བརྒྱའི་གནང་ཆ་བསྟབས།” ཞེས་གསུངས་པ་ལྟར་ཕྱོགས་གཉིས་ཀའི་གྲོས་དབང་རྣམས་ལ་གྱོད་འདུམ་རྒྱུའི་བཀའ་ནན་བསྩལ་རྗེས་སྐུ་ཚབ་མངགས་ནས་འདུམ་པར་མཛད་པ་དང་། མཇུག་ཏུ་གཟུ་ཡིག་བཞག་པར་མ་ཟད། ཕྱག་རྫས་ཀྱི་གནང་སྦྱིན་ཡང་མཛད་པ།
ཡང་དེ་ལས། “དེའི་གནས་ཚུལ་(བླ་བྲང་དང་མགོ་ལོག་གི་གྱོད་ཆེན་སྐོར།)རྗེ་ཉིད་ཀྱིས་གསན་པའི་ཚེ་ཐུགས་མ་བདེ་བར་ཕན་ཚུན་གཉིས་ཀར་ཉེ་རིང་མེད་པའི་ཐུགས་རྗེའི་ཤུགས་ཀྱིས་ལྷག་པར་དགོངས་ཏེ། བསྐུལ་མཁན་མེད་ཀྱང་འཁྲུག་པ་འདུམ་ཕྱིར་གཏོར་བཟློག་འགའ་ཞིག་དང་། དགོང་ལྟར་ལུས་སྦྱིན་གསུངས་པ་སོགས་རིམ་གྲོ་མང་པོ་གནང་།” ཞེས་གསུངས་པ་ལྟར་རིམ་གྲོའི་སྒོ་ནས་འདུམ་ཐབས་མཛད་པ།
ཡང་དེ་ལས། “བླ་བྲང་མངའ་ཞབས་ཀྱི་དམག་ཆེན་རྔ་ཡུལ་དུ་བཏེགས་པས་རྩི་ནང་སྒར་ཟེར་བའི་ཇོ་ནང་གི་དགོན་པ་ཞིག་བཅོམ་སྟེ། ཕྱིར་ལམ་བྱམས་མེའི་སྟེང་དུ་འོངས་པ་མཛོད་དགེའི་ཤོག་པ་རྣམས་དང་གཡུལ་འགྱེད་ལ་ཁད་པའི་ཚེ། རྗེ་ཉིད་ཐུགས་མ་བདེ་བར་ནང་ཆེན་གཉེར་པ། གཞུང་གི་མི་སྣ། བསྟན་སྐྱོང་སོགས་གསུང་ཤོག་དང་བཅས་དམག་བཤོལ་དུ་མངགས་པ་ཁོ་རང་ཚོས་ཀྱང་དང་དུ་བླངས་ནས་ཡུལ་ཁམས་ཀུན་འཁྲུགས་རྩོད་ཞི་བའི་བདེ་སྐྱིད་ཀྱི་དཔལ་ལ་སྤྱོད་པ་བྱུང་།” ཞེས་གསུངས་པ་ལྟར་སྐུ་ཚབ་དང་གསུང་ཤོག་ཆེད་གཏོང་གིས་འདུམ་པར་མཛད་པ་སྟེ། འདིས་མཚོན་སྐབས་སོ་སོར་འབྲེལ་ཡོད་བླ་སྤྲུལ་དང་ཀིརྟིའི་དབོན་པོ་སོགས་ཆོས་སྲིད་ཀྱི་མཁྱེན་རྒྱ་ཡངས་པའི་མི་སྣ་དུ་མ་སྐུ་ཚབ་ཏུ་མངགས་གཏོང་མཛད་ཡོད་ངེས་པས། མི་སུ་དང་སུ་སྐུ་ཚབ་ཏུ་བཏང་ཡོད་མེད་དང་དེ་དག་གིས་ལས་དོན་ཇི་ལྟར་བསྒྲུབས་ཡོད་མེད་སོགས་འདིར་དཔྱད་གླེང་ངེས་པར་དགོས་ནའང་། འབྲེལ་ཡོད་ཡིག་ཆ་ཁག་ཏུ་རེ་ཟུང་ལས་མིི་གསལ་བས་ཞིབ་ཏུ་བརྗོད་པའི་རྔོ་མ་ཐོགས། མདོར་ན་རྩོད་རྙོག་དེ་དག་འདུམ་འགྲིག་མཛད་སྟངས་ནི་དེང་སང་དགོན་སྡེ་འགའ་ཞིག་གིས་ཁྲིམས་ཆད་དང་བཙན་ཤེད་ཀྱི་སྒོ་ནས་ཁ་མཆུ་འདུམ་འགྲིག་བྱེད་ཚུལ་དང་མི་འདྲ་བར། ཆོས་མཐུན་ཞི་བའི་ཐབས་ལམ་སྣ་ཚོགས་པའི་སྒོ་ནས་འདུམ་པར་མཛད་ཡོད་པ་དང། རྩོད་རྙོག་གི་ངོ་བོའང་ཆོས་སྲིད་ཀྱི་ཤོག་ཁག་འདྲ་མིན་དབར་གྱི་འཐེན་འཁྱེར་སོགས་ཀྱི་རྩོད་རྙོག་ཡིན་པ་ལས། ཕོ་གྱོད་མོ་གྱོད་དང་བཟའ་གྱོད་ལྟ་བུའི་རིགས་མིན་པས་མི་འདྲའོ།།
ཁ་མཆུ་འདུམ་འགྲིག་མཛད་པ་དེ་དག་གིས་སྐབས་སོ་སོར་ཡུལ་ཁམས་བདེ་འཇགས་ཀྱི་ཐོག་ལ་ཕན་ནུས་ཆེན་པོ་ཐོན་ཡོད་པ་ནི་སྨོས་མ་དགོས་པས་འདིར་མ་སྤྲོས།
གསུམ་པ། ཁ་མཆུ་འདུམ་འགྲིག་མཛད་མཁན་ཀིརྟི་ཚང་གི་གནས་བབས་ལ་དཔྱད་པ།
༡ ཀིརྟི་ཚང་གི་མཚན་སྙན།
ཀིརྟི་ཚང་ནི་རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་མདོ་རོང་མཁས་པ་མི་བཞིའི་ཡ་གྱལ་དང་བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན་བདུན་གྱི་ནང་ཚན་རོང་པོ་ལྕེ་ནག་པའམ་རོང་ཆེན་ལྗགས་ནག་པ་དགེ་འདུན་རྒྱལ་མཚན་གྱི་སྐྱེ་བརྒྱུད་ཡིན་ལ། ད་བར་དུ་སྐུ་འཕྲེང་བཅུ་གཅིག་བྱོན་ཡོད། ཀིརྟི་ཚང་ཞེས་པ་འདི་གཙོ་བོ་བླ་མ་ཀིརྟི་རིན་པོ་ཆེ་ལ་གོ་ནའང་། སྐབས་རེར་ཀིརྟིའི་བླ་བྲང་ལ་གོ་བ་དང་། སྐབས་རེར་ཀིརྟིའི་དགོན་གྲོང་བླ་སློབ་སྤྱི་འདུས་ལ་གོ་བ་སོགས་སྐབས་ཐོབ་ཀྱིས་གོ་ཚུལ་མི་འདྲ་བ་དུ་མ་ཡོད།
ཀིརྟི་སྐུ་ཕྲེང་གཉིས་པ་གྲུབ་དབང་བསྟན་པ་རིན་ཆེན་ལ་རྒྱ་ནག་གོང་མ་ཏཱ་མིང་རྒྱལ་པོས་བླ་མ་གྲུབ་ཐོབ་སངས་རྒྱས་རིན་པོ་ཆེ་ཞེས་པའི་མཚན་བསྟོད་དང་། དབང་ལུང་། ཐམ་ག་སོགས་ཕུལ། སྐུ་ཕྲེང་གསུམ་པ་ཀིརྟི་བསྟན་པ་རབ་རྒྱས་ལ་༸གོང་ས་ལྔ་པ་ཆེན་པོས་རོང་པོ་ཆོས་རྗེ་ཞེས་པའི་མཚན་གནས་དང་རོང་པོ་ཤར་རྩེའི་གཟིམ་ཆུང་སོགས་གནང་སྦྱིན་མཛད་པ་ནས་བཟུང་འབྲས་སྤུངས་རོང་པོ་ཆོས་རྗེ་ཞེས་གྲགས། སྐུ་ཕྲེང་ལྔ་པ་གྲུབ་དབང་བསྟན་པའི་རྒྱལ་མཚན་གྱི་སྐབས་རྒྱ་ནག་མན་ཇུའི་གཞུང་གིས་སྟོད་ཤོག་ལྔ་བཅུ་རྩ་གཅིག་གི་དབུ་བླར་བཀུར་ཏེ་ས་གནས་ཀྱི་སྲིད་གཞུང་འཛིན་ཆོག་པའི་དབང་ཚད་དང་ས་གནས་ཀྱི་གཞུང་ཡིན་པའི་མཚོན་རྟགས་ཆ་ཚང་ཆེ་བསྟོད་ཀྱི་ཚུལ་དང་གུས་བཀུར་མཚོན་བྱེད་དུ་ཕུལ་བ་ནས་བཟུང་བླ་དཔོན་ཟུང་འབྲེལ་གྱིས་ཁྲིམས་མགོ་རང་མཚན་པའི་ངོ་བོར་གནས། སྐུ་ཕྲེང་བདུན་པ་༸སྐྱབས་མཆོག་ཐུབ་བསྟན་ཉི་མའི་སྐབས་པཎ་ཆེན་བསྟན་པའི་ཉི་མས་གདུགས་རྟ་དར་སོགས་བླ་ཆེན་གྱི་ཐོབ་དང་གོ་ས་གནང་བ་ནས་བཟུང་མདོ་སྨད་ཀྱི་བླ་ཆེན་ཞིག་ཏུ་གྱུར། སྐུ་ཕྲེང་བརྒྱད་པ་ཀིརྟི་བློ་བཟང་འཕྲིན་ལས་ཚང་ནི་མཁས་གྲུབ་གཉིས་ལྡན་གྱི་མཚན་སྙན་ཤིན་ཏུ་རྒྱས་ཏེ་རོང་ཆེན་ཀིརྟི་རིན་པོ་ཆེ་ཞེས་ཡོངས་སུ་གྲགས་ལ། རིམ་གྱིས་༸རོང་ཆེན་ཆོས་ཀྱི་རྒྱལ་པོ་དང་༸ཪོང་ཆེན་བསྟན་པའི་སྒྲོན་མེ་ཞེས་སོགས་ཀྱི་མཚན་བསྟོད་ཞུ་སྲོལ་ཆགས། ད་ལྟ་སྐུ་འཚོ་ཞིང་གཞེས་པའི་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་འདི་པའི་སྐབས་བོད་གཞུང་ནས་བོད་ཀྱི་སྤྲུལ་སྐུ་རྣམ་གསུམ་གྱི་གདན་ཐོབ་ཕུལ་གནང་བ་དང་། བཙན་བྱོལ་བོད་གཞུང་གི་ཆོས་རིག་བཀའ་བློན་གྱི་མཛད་འགན་བཞེས། ད་ལྟ་ཀིརྟིའི་དགེ་རྩ་ཚོགས་པའི་བླ་ན་མེད་པའི་དབུ་ཁྲིད་ཀྱི་མཛད་འགན་བཞེས་ཏེ་ཆོས་སྲིད་ཀྱི་མཛད་པ་རླབས་ཆེན་སྐྱོང་མུས་སུ་བཞུགས།
༢ ཀིརྟི་སྐུ་ཕྲེང་བརྒྱད་པ་རྗེ་བློ་བཟང་འཕྲིན་ལས་ཚང་།
འདིར་ཁ་མཆུ་འདུམ་འགྲིག་གི་ལོ་རྒྱུས་མང་དུ་བྱུང་ས་ནི་ཀིརྟི་སྐུ་ཕྲེང་བརྒྱད་པའི་སྐབས་ཡིན་ཞིང་། དེ་ནི་དུས་སྐབས་གཞན་དུ་ཁ་མཆུ་མང་པོ་མ་བྱུང་བ་དང་འདིའི་སྐབས་མང་པོ་བྱུང་བ་ལྟ་བུའི་གནས་ཚུལ་མིན་པར། འདིའི་སྐབས་ཁ་མཆུ་འདུམ་འགྲིག་མཛད་པའི་ནུས་པ་ཇེ་ཆེར་སོང་བ་སྟེ། དེ་ནི་ཀིརྟི་སྐུ་ཕྲེང་བརྒྱད་པ་རྗེ་བློ་བཟང་འཕྲིན་ལས་ཚང་མཚན་སྙན་དང་མཛད་འཕྲིན་ཤིན་ཏུ་རྒྱས་པོ་བྱུང་བའི་དབང་གིས་མདོ་སྨད་ཀྱི་ཁ་མཆུ་མང་པོ་ཞིག་ཀིརྟིའི་བླ་བྲང་གི་ཁྲིམས་སྒོར་རང་བཞིན་གྱིས་འདུས་ནས་ཁ་མཆུ་འདུམ་འགྲིག་སྔར་ལས་མང་བ་ཞིག་མཛད་འདུག། ཁོང་ནི་ཕྱི་ལོ་ ༡༨༤༩ ལོར་མདོ་སྨད་རྩེ་ཁོག་ཏུ་སྐུ་འཁྲུངས་ནས་ཕྱི་ལོ་ ༡༩༠༥ ལོར་དགོངས་པ་རྫོགས། དགུང་གྲངས་ ༥༧ བཞུགས་པའི་རིང་མཁས་བཙུན་བཟང་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི་ཡོན་ཏན་དང་འཕྲིན་ལས་ཀྱིས་མདོ་སྨད་ལྷོ་བྱང་གི་ཡུལ་གྲུ་ཕལ་ཆེ་བར་ཁྱབ་པས། སྐབས་དེའི་མདོ་སྨད་ཡུལ་གྱི་བླ་སྤྲུལ་དགེ་བཤེས། ཁྲི་གདན་ཟུར། སྔགས་འཆང་། རིག་གནས་མཁས་པ། སྡེ་དཔོན་མི་དྲག རོང་འབྲོག་མི་མང་བཅས་དྲག་ཞན་ཕལ་མོ་ཆེ་ཁོང་གི་སློབ་མར་གྱུར་པས་གདུལ་བྱ་ཤིན་ཏུ་རྒྱ་ཆེ་ཞིང་། མདོ་སྨད་སྤྱིའི་བླ་མ་ཆོས་སྲིད་གཉིས་ཀའི་དབུ་འཕང་བླ་ན་མཐོ་བ་ཞིག་ཏུ་གྱུར།
བཞི་པ། ཁ་མཆུ་འདུམ་འགྲིག་གི་ལོ་རྒྱུས་དེ་དག་ལས་སྐབས་དེའི་གནས་སྟངས་འགའ་ལ་དཔྱད་པ།
༡ མདོ་སྨད་ཀྱི་སྤྱི་ཚོགས།
ཀིརྟི་སྐུ་ཕྲེང་གི་རྣམ་ཐར་དུ་གསལ་བ་ལྟར་ན་དུས་ཡུན་ལོ་བརྒྱ་ཕྲག་གཉིས་ཙམ་གྱི་རིང་ལ་མདོ་སྨད་ཁུལ་དུ་རྩོད་རྙོག་ཆེ་འབྲིང་བསྡོམས་བརྒྱ་དང་ལྔ་བཅུ་ཙམ་བྱུང་བ་ནི་ཆ་སྙོམས་ཕལ་ཆེར་ལོ་གཅིག་ལྷག་ཙམ་རེའི་ནང་རྩོད་རྙོག་ཐེངས་གཅིག་རེ་ལྟ་བུ་བྱུང་འདུག་པས། སྐབས་དེར་མདོ་སྨད་ཁུལ་གྱི་སྤྱི་ཚོགས་ཀྱི་གནས་བབས་ནི་ཞི་བདེ་ལྷིང་འཇགས་ཤིག་མིན་པར་འཁྲུག་རྩོད་རྒྱུན་མི་ཆད་པའི་དཀའ་ངལ་ཞིག་གི་འོག་གནས་ཡོད་པ་མཐོང་ཐུབ། དེ་ལྟར་གནས་པའི་རྒྱུ་མཚན་ཡང་དུ་མ་ཞིག་ཡོད་སྲིད་མོད། རྒྱུ་མཚན་གཙོ་བོ་ནི། སྐབས་དེར་མདོ་སྨད་ཡོངས་ལ་གཅིག་གྱུར་གྱིས་དབང་བསྒྱུར་བའི་སྤྱི་དཔོན་དང་གཅིག་གྱུར་གྱི་རྒྱལ་ཁྲིམས་མེད་པར་ས་གནས་སོ་སོར་དཔོན་ཕྲན་རེས་དབང་བསྒྱུར་བྱས་ཏེ་གཅིག་འོག་ལ་གཅིག་མ་འདུས་པའི་དཀའ་ངལ་ལས་བྱུང་བ་ཞིག་ཡིན་པར་མངོན།
༢ རྒྱ་བོད་ཀྱི་སྲིད་གཞུང་།
སྐབས་དེར་(དུས་རབས་ ༡༨ ནས་ ༢༠ བར།)མདོ་སྨད་ཁུལ་དུ་བོད་གཞུང་དགའ་ལྡན་ཕོ་བྲང་པའི་ཆབ་སྲིད་དབང་ཤུགས་ནི་ཕལ་ཆེར་སླེབས་ཀྱི་མེད་པ་དང་། རྒྱ་ནག་མན་ཇུ་སྲིད་གཞུང་གི་དབང་ཤུགས་ཟུར་ཙམ་རེ་ཡོད་ཀྱང་མིང་ཙམ་དང་རྣམ་པ་ཙམ་ལས་དོན་གྱི་ནུས་པ་ཆུང་། སྤྱིར་དེ་དུས་རྒྱ་བོད་ཀྱི་སྲིད་གཞུང་གཉིས་ཀ་ནུས་ཤུགས་དམན་པའི་སྐབས་ཏེ། བོད་གཞུང་ནི་བཀའ་བློན་ནང་འཁྲུག་གམ་དབུས་གཙང་ནང་འཁྲུག་གི་སྐབས་དང་། དེའི་རྗེས་རྒྱལ་དབང་སྐུ་ཕྲེང་བརྒྱད་པ་ནས་བཅུ་གཉིས་པའི་བར་སྐུ་ཚེ་ཐུང་ངུ་རེ་ལས་མ་བཞུགས་པས་སྲིད་དབང་འཕོ་འགྱུར་ཆེ་བའི་སྐབས་དང་། དེ་མཚུངས་གོར་བོད་དམག་འཁྲུག་དང་། དབྱིན་བོད་དམག་འཁྲུག རྒྱ་བོད་དམག་འཁྲུག་བཅས་རིམ་པར་བྱུང་སྟེ་དུས་ཟིང་ཆེ་བའི་སྐབས་ཤིག་ཁེལ་ཡོད། མན་ཇུ་སྲིད་གཞུང་ནིི་ཞིང་པའི་གྱེན་ལངས་སྔ་ཕྱི་དང་། ཉལ་ཐའི་དམག་འཁྲུག མཱིང་རྒྱལ་རབས་བསྐྱར་གསོའི་ལས་འགུལ། ལྕགས་ཕག་ལོའི་གསར་བརྗེ། དེའི་རྗེས་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ། གོ་མིན་ཏང་དང་གུང་ཁྲན་ཏང་དབར་ནང་ཁུལ་འཐབ་འཁྲུག་སོགས་ཡོ་འཁྱོམ་ཤིན་ཏུ་ཆེ་བའི་སྐབས་ཤིག་ཁེལ་ཡོད་པས། མདོ་སྨད་ནི་སྐབས་དེར་རྒྱ་བོད་ཀྱི་གཞུང་གཉིས་ཀས་དེ་ཙམ་སྙོབ་ཐུབ་ཀྱི་མེད་པའི་བར་ལྡིང་ལྟ་བུ་ཞིག་ཏུ་གནས་ཡོད་ཅིང་། ཡུལ་ལུང་ཁ་ཤས་ནི་ཕལ་ཆེར་རྒྱ་བོད་ཀྱི་སྲིད་གཞུང་གང་གི་དབང་འོག་ཏུའང་མེད་པར་ཁྲིམས་མགོ་རང་མཚན་ལྟ་བུར་གནས་ཡོད།
༣ ཀིརྟི་ཚང་གི་གཟི་བྱིན།
ཀིརྟི་ཚང་གིས་ཁ་མཆུ་དེ་འདྲའི་མང་པོ་ཞིག་འདུམ་འགྲིག་མཛད་པའི་ཚུལ་འདི་བླ་མ་དང་བླ་བྲང་གཞན་གྱི་ལོ་རྒྱུས་ནང་ཅུང་ཟད་མཐོང་དཀོན་པ་ཞིག་ཡིན་པས། འདིས་ཀིརྟི་ཚང་ལ་ནུས་པ་ཁྱད་པར་བ་ཞིག་ཡོད་པ་སྟོན་བཞིན་ཡོད། དེའང་ཀིརྟི་ཚང་ནི་སྐབས་དེར་ཕལ་ཆེར་ཁྲིམས་མགོ་རང་མཚན་ལྟ་བུར་གནས་པ་ཞིག་ཡིན་ལ། ཀིརྟི་ཚང་གི་ཆོས་སྲིད་ཀྱི་མཛད་འཕྲིན་སྐྱོང་སའི་ཀིརྟིའི་བླ་བྲང་ཁམས་གསུམ་ཟིལ་གནོན་ནི་ཀིརྟིའི་གདན་ས་གཙོ་བོ་སྟག་ཚང་ལྷ་མོ་ཀིརྟི་དགོན་དུ་ཡོད་པ་དང་། ཀིརྟིའི་བླ་བྲང་ལ་དེ་དུས་ཆོས་སྲིད་ཟུང་འབྲེལ་གྱི་སྒྲིག་འཛུགས་ཆ་ཚང་ཞིག་ཡོད་པར་མ་ཟད་བླ་བྲང་གི་ཕྱི་སྒོའི་གཡས་གཡོན་དུ་ཁྲིམས་ཤིང་དང་། ནང་དུ་བཙོན་ཁང་སོགས་ས་གནས་ཀྱི་སྲིད་གཞུང་ཞིག་ཡིན་པའི་མཚོན་རྟགས་དགུ་(5)ཙམ་ཡོད་ལ། ཡུལ་དམག་ཀྱང་མང་པོ་ཡོད། ༸སྐྱབས་མགོན་ཀིརྟི་རིན་པོ་ཆེས་ཀིརྟིའི་དགོན་མ་ལག་བཞི་བཅུ་ཙམ་གྱིས་གཙོས་མདོ་སྨད་ཁུལ་གྱི་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་ཤིན་ཏུ་མང་པོ་དང། དེ་འབྲེལ་གྱི་ལྷ་སྡེ་རོང་འབྲོག་གླིང་གསུམ་བཅས་ལ་ཀིརྟིའི་བླ་བྲང་བརྒྱུད་ནས་ཆོས་སྲིད་ཀྱི་མཛད་འཕྲིན་རྒྱ་ཆེན་པོ་སྐྱོང་བཞིན་ཡོད་པས། སྐབས་དེར་ཀིརྟི་ཚང་ནི་མདོ་སྨད་ཡུལ་དུ་ཆོས་སྲིད་ལུགས་གཉིས་ཀྱི་གཟི་བྱིན་དང་མཚན་སྙན་ཤིན་ཏུ་ཆེ་བའི་མདོ་སྨད་ཀྱི་བླ་ཆེན་ཞིག་ཡིན།
དེའང་། ཀིརྟི་སྐུ་ཕྲེང་ལྔ་པ་གྲུབ་དབང་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར་ས་བོན་ལས། “ཁོ་ཤུའི་ཆིང་ཝང་། བཱེ་སེ་པཱ་ཐུར་དཱའི་ཆིང་། གུང་བཀྲ་ཤིས་རྣམ་རྒྱལ། ཨེ་ཁེ་ནོ་ཡོན་ཚེ་དཔག་ཐཱའི་ཇི་སོགས་མཚོ་སྔོན་དང་ཚ་ཁོའི་རྒྱལ་ས་ཁག་གསུམ་བཅས་རིགས་རུས་སྟོབས་འབྱོར་མངའ་འབངས་དང་ལྡན་པའི་བོད་སོག་གི་མི་དཔོན་ཆེ་ཆུང་དུ་མས་མཚོན་པའི་དྲག་ཞན་ཐམས་ཅད་ཀྱིས་མཆོད་བཀུར་དང་ལུགས་ཟུང་གི་མཐུན་རྐྱེན་དད་གུས་ཀྱིས་སྒྲུབ་པ་ཁོ་ནར་གྱུར། ཟུང་འཕན་གྱི་ས་ཆའི་དབྱེ་འབྱེད་ལ་དབང་བའི་རྒྱ་དྲག་སྔ་ཕྱི་མང་པོས་སྟོད་ཀྱི་དབལ་ཤུལ་ཤོག་ཀ་བཅུ་གཉིས་དང་། སྨད་ཀྱི་མཛོད་དགེ་ཤོག་ཀ་བཅུ་གཉིས་ཏེ་ཤོག་ཀ་ཉི་ཤུ་རྩ་བཞིའི་དབུ་བླར་མངའ་གསོལ་ནས་འཐབ་རྩོད་འཁྲུགས་པ་སོགས་འདུམ་པ་ལ་གང་གསུངས་དང་དུ་ལེན་དགོས་ཤིང། དེ་ལས་འགལ་ན་ཁྲིམས་ལུགས་ཀྱི་ཆད་པས་རྒྱབ་གནོན་བྱེད་པའི་ལུང་ལས་ཕུལ་བ་སོགས་ཆོས་སྲིད་དབུ་འཕང་མཐོ་བར་གྱུར་པས་སྟོད་སྨད་ཕན་ཚུན་ཀུན་གྱི་འཁྲུགས་རྩོད་ཀྱི་རིགས་ཆོས་ཀྱི་དམ་ཚིག་ལ་བཅགས་པའི་བཀའ་དང་ཕྱག་རྫས་ཀྱི་གནང་སྦྱིན་ཅི་རིགས་ཀྱི་སྒོ་ནས་འདུམ་པར་མཛད་པ་ཐེག་པ་མཐོན་པོའི་ཁྱད་ཆོས་འབའ་ཞིག་གིས་ལུས་ཅན་ཕན་བདེའི་དཔལ་ལ་སྦྱོར་བར་མཛད་པའི་བཀའ་དྲིན་བསམ་གྱིས་མི་ཁྱབ།” ཅེས་དང་། ཀིརྟི་སྐུ་ཕྲེང་བརྒྱད་པ་༸སྐྱབས་མགོན་བློ་བཟང་འཕྲིན་ལས་ཚང་གི་རྣམ་ཐར་ཆེན་མོ་ཐུབ་བསྟན་མཛེས་རྒྱན་ལས། “ཀུན་མཁྱེན་མཆོག་(འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་པ།)ནས། སྔ་སོར་ཕྱག་མཛོད་ཆེ་བ་ཚང་ནས་བླ་བྲང་དང་མཛོད་དགེའི་ཤོག་གི་ཁ་མཆུའི་གཟུ་བྱས་པ་བཀའ་དྲིན་ཆེ་ཞིང་། ད་དུང་རྔ་པའི་ཕྱོགས་སོགས་ལ་ཁ་མཆུ་མང་པོ་འདུག་པ་འདི་དག་འགྲིག་ཐབས་ཀྱི་ཁུར་ལེན་གནང་རྒྱུ་ཁོང་དཔོན་གཡོག་ནས་ཐུགས་ལ་འཛིན་དགོས་ཞེས་བླ་བྲང་གི་ལས་དོན་ཐམས་ཅད་བཅོལ་དམ་གནང་།” ཞེས་དང་།
ཡང་དེ་ལས། “ཟུང་འཕན་དང་རྨེའུ་ཚང་གི་གཟུ་ལ་ཕྱག་མཛོད་ཆེ་བ་མངགས་པ་རྨེའུ་རྒྱལ་པོ་དང་རྒྱ་དཔོན་སོ་སོར་གཏུགས་ཏེ་བླ་མ་མཆོག་ནས་མངགས་པའི་རྒྱུ་མཚན་རྣམས་དང་། གཟུ་འདུམ་འགྲིག་དགོས་ཚུལ་བསྙད་པར། རྒྱ་དཔོན་རྣམས་ནས་ཀྱང་བླ་མ་ཀིརྟི་ཚང་སེམས་ཅན་གྱི་དོན་ཁོ་ན་མཛད་པའི་བླ་མ་ཡིན་གཤིས་སྔོན་ཆད་སྟོད་སྨད་ཀྱི་འཁྲུགས་གཞི་ཆེ་བ་མང་པོ་བདེ་འཇགས་སུ་བྱས་པས་བཀའ་དྲིན་ཆེ་བ་དེ་རྒྱ་དཔོན་རྣམས་ཀྱི་སེམས་ན་ཡོད། ད་རེས་ཀྱང་བླ་མ་འདིའི་གསུང་བཞིན་འགྲིག་འཕྲོད་རེ་ཨེ་ཡོང་བྱེད་ངེས་ཡིན་ཀྱང་གཙོ་ཆེར་བླ་མ་ཁོང་གིས་ཐུགས་ལ་བཟུང་ནས་སྐྱབས་འཇུག་གནང་དགོས་ཞེས་རྗེ་ཉིད་ལ་སྐྱབས་རྟེན་གོས་ཡུག་དང་། འདི་བླ་མའི་ལྷ་སྲུང་ལ་འབུལ་དགོས་ཞེས་གོས་ཡུག་དཀར་པོ་ཞིག་འབུལ་རྒྱུར་བསྐུར།” ཞེས་སོགས་གསུངས་པ་འདི་དག་གིས་སྐབས་དེར་ཀིརྟི་ཚང་ནི་ཆོས་སྲིད་ཀྱི་གཟི་བྱིན་མདོ་སྨད་སྤྱི་ལ་ཁྱབ་པ་ཞིག་ཡིན་པ་གསལ་བར་བསྟན་ཅིང། དེའང་བྲག་དགོན་པ་བསྟན་པ་རབ་རྒྱས་ཀྱིས་མདོ་སྨད་ཆོས་འབྱུང་དུ་ཀིརྟི་ཚང་གི་ལོ་རྒྱུས་གསུང་བའི་སྐབས་སུ། “རོང་བོ་རེབ་གོང་། གནམ་ལ་ཧོར་ཚང་། ཁ་གྱ་ཚོ་དྲུག རོང་ཚོ་ཆེན་བཅོ་བརྒྱད། ཅོ་ནེ་ཁུལ། སོག་པོ་མདའ་བཅུ་གཅིག ཧོར་བོད། ཁེ་ཐ་དང་མཛོད་དགེ རྔ་པ་ར་མདོ། ཚ་ཁོ་རྣམས་སུ་འགྲོ་ཕན་རྒྱ་ཆེ་ཞིང་། ད་ལྟའི་བར་སྐུ་ཕྲེང་རིམ་བྱོན་འཕྲིན་ལས་རིས་མེད་དུ་འཇུག་པ་ཞིག་ཡོད།” ཅེས་གསུངས་པ་ལྟར་མདོ་སྨད་སྤྱིས་བརྩི་ཞིང་བཀུར་བའི་བླ་མ་རིས་མེད་ཉི་མ་ལྟ་བུའི་མཛད་འཕྲིན་སྐྱོང་བ་ཞིག་ཡིན་པ་ཀུན་ལ་མཐུན་སྣང་དུ་གྲུབ།
དེ་དང་ཆབས་ཅིག རྩོད་རྙོག་འདུམ་འགྲིག་ལ་ཆོས་ཕྱོགས་ནས་ནུས་པ་རླབས་ཆེན་ཐོན་པ་འདིས་ནང་ཆོས་ཀྱི་འཚེ་མེད་ཞི་བའི་ལྟ་སྤྱོད་ཀྱི་གལ་ཆེའི་རིན་ཐང་ཞིག་སྟོན་ཅིང་། འདི་ནི་ནང་ཆོས་ཀྱི་གཟི་བརྗིད་ལྡན་པའི་ལོ་རྒྱུས་ཤིག་ཏུའང་བརྩི་ཆོག
༤ མང་ཚོགས་ཀྱི་བསམ་སྤྱོད།
སྐབས་དེའི་མདོ་སྨད་མང་ཚོགས་ནི་ཁ་མཆུ་འཁྲུག་རྩོད་ལ་གོམས་པ་ལྟ་བུའི་སྤྱོད་པ་རྩིང་ཞིང་བསམ་བློ་དམུ་རྒོད་ལྟ་བུར་གནས་ནའང་། ཕྱོགས་གཞན་ཞིག་ནས་བླ་མ་དང་བླ་མའི་སྐུ་ཚབ་དག་གིས་གཙོ་བོར་ཆོས་ཕྱོགས་ཀྱི་བསླབ་བྱ་ལ་བརྟེན་ནས་རྩོད་རྙོག་འདུམ་འགྲིག་གནང་སྐབས་ཕལ་མོ་ཆེ་དེ་ལ་ཉན་མཁན་དང་བརྩི་མཁན་ཤ་སྟག་ཡིན་པས། ཆོས་དད་ཀྱི་བསམ་བློ་ཤུགས་ཆེན་པོ་ཡོད་པ་དང་། ཡང་ཕྱོགས་གཞན་ཞིག་ནས་མདོ་སྨད་ཀྱི་མི་རྒྱུད་ཕལ་ཆེ་བ་སྔར་གྱི་བོད་བཙན་པོའི་སྐབས་ཀྱི་དམག་མིའི་རྒྱུད་པ་ལས་མཆེད་པ་ཡིན་པས་དམག་མིའི་གཤིས་ཀ་དཔའ་རྩལ་དང་འཁྲུག་རྩོད་ཀྱི་ངར་ཤུགས་ཀྱང་ད་དུང་གང་འཚམས་གནས་ཡོད་པར་མངོན།
ལྔ་པ། ཁ་མཆུ་འདུམ་འགྲིག་མཛད་པའི་ཆེ་བ་བརྗོད་པ།
༡ མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ།
ཁ་མཆུ་འདུམ་འགྲིག་མཛད་དེ་རྩོད་པ་ཆོས་ཕྱོགས་སུ་ཞི་བར་མཛད་པ་ནི་ཆོས་ཕྱོགས་ནས་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་སྟེ། བྱང་ཆུབ་སེམས་དཔས་སེམས་ཅན་གྱི་དོན་བྱེད་ཚུལ་ཞིག་ཡིན་པས། རྒྱལ་སྲས་སེམས་དཔའ་ཆེན་པོའི་མཛད་པ་རླབས་ཆེན་ཞིག་ཏུ་བགྲང་འོས་པ་ལྟར་རྣམ་ཐར་སྔ་ཕྱིའི་ནང་དུ་འདི་ལ་བསྔགས་བརྗོད་ཤིན་ཏུ་མང་། དཔེར་ན། ཀིརྟི་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར་ས་བོན་ལས། “ཆོས་སྲིད་དབུ་འཕང་མཐོ་བར་གྱུར་པས་སྟོད་སྨད་ཕན་ཚུན་ཀུན་གྱི་འཁྲུགས་རྩོད་ཀྱི་རིགས་ཆོས་ཀྱི་དམ་ཚིག་ལ་བཅགས་པའི་བཀའ་དང་ཕྱག་རྫས་ཀྱི་གནང་སྦྱིན་ཅི་རིགས་ཀྱི་སྒོ་ནས་འདུམ་པར་མཛད་པ་ཐེག་པ་མཐོན་པོའི་ཁྱད་ཆོས་འབའ་ཞིག་གིས་ལུས་ཅན་ཕན་བདེའི་དཔལ་ལ་སྦྱོར་བར་མཛད་པའི་བཀའ་དྲིན་བསམ་གྱིས་མི་ཁྱབ།” ཅེས་དང་། ༸སྐྱབས་མགོན་བློ་བཟང་འཕྲིན་ལས་ཚང་གི་རྣམ་ཐར་ཆེན་མོ་ཐུབ་བསྟན་མཛེས་རྒྱན་ལས། “གཙོས་མཛོད་གེའི་གྱོད་ཆེན་འདི་སྐུ་གཞོགས་བསེ་ཚང་དང་། རྗེ་འཇམ་དབྱངས་བཞད་པ་སོགས་བླ་ཆེན་ཁག་གི་སྐུ་དོན་དུ་བསྙད་ཀྱང་། གནས་ཚོད་སྤྱི་མཐུན་ལས་ངན་གྱི་བྱེད་པོས་བསྒྲུབས་པ། ཉམ་ཐག་རྣམས་ཀྱིས་གཅེས་སྲོག་རང་དབང་མེད་པར་སྐྱེལ་བའི་གནས་ཤིན་ཏུ་ཉམ་ང་བ་ཞིག་སྟེ། སྔོན་ཆད་བླ་དཔོན་ཆོས་སྲིད་ཀྱི་གཟི་བྱིན་ལྡན་པ་སུས་ཀྱང་ཟླུམ་མ་ནུས་མོད། འདི་རེས་རྗེ་བླ་མ་ཉིད་ཐུགས་བསྐྱེད་དང་འཕྲིན་ལས་གཞན་འགྲན་མེད་པའི་དབང་གིས་ཚེགས་མེད་དུ་འདུམ་པར་མཛད་པ་ནི་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་དང། འཇིགས་པས་ཉེན་པའི་སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ཀྱི་ཉམས་བཞེས་རྨད་དུ་བྱུང་བའི་རྣམ་པར་ཐར་པའོ།” ཞེས་གསུངས་པ་ལྟར་རོ།།
༢ སྤྱི་ཚོགས་བདེ་འཇགས་ཀྱི་མཛད་བཟང་།
སྲིད་ཕྱོགས་སམ་འཇིག་རྟེན་གྱི་ལྟ་ཚུལ་སྤྱད་ན། ཆབ་འབངས་སྐྱོང་བའི་སྲིད་ཐབས་བཟང་པོ་ལག་ལེན་དུ་བསྟར་ཏེ་མི་མང་བདེ་ལ་བཀོད་པའི་མཛད་རྗེས་གཟེངས་སུ་བསྟོད་འོས་པར་མ་ཟད། སྤྱིར་བཏང་སྲིད་གཞུང་ཞིག་གི་དམག་དང་ཁྲིམས་སོགས་ཀྱིས་ནུས་པ་ཐོན་དཀའ་བའི་རྩོད་རྙོག་འདུམ་འགྲིག་གི་རིགས་ལ། འདི་འདྲའི་ཆོས་སྲིད་ཟུང་འབྲེལ་གྱི་མཛད་པ་ཐུན་མོང་མ་ཡིན་པའི་སྒོ་ནས་ཞི་མཐུན་འགྲིག་འཇགས་མཛད་པ་ནི་སྤྱི་ཚོགས་བདེ་འཇགས་ཀྱི་ཞབས་འདེགས་ཁྱད་པར་བ་ཞིག་ཏུ་ངོས་འཛིན་བྱེད་འོས་པ་དང་། ཆོས་སྲིད་ཟུང་འབྲེལ་གྱི་སྤྱི་ཚོགས་སམ་ཡང་ན་ཆོས་ལྡན་མི་རིགས་ཤིག་ལ་མཚོན་ན། ཆོས་ཕྱོགས་ཀྱི་ནུས་པ་ལ་གཙོ་བོར་བརྟེན་པའི་ཁ་མཆུ་འདུམ་འགྲིག་གི་བྱེད་ཐབས་འདིའི་རིགས་ད་དུང་དུས་ཡུན་གང་འཚམ་ཞིག་ལ་གནས་སྲིད་པར་མ་ཟད། དུས་བསྟུན་གྱི་ཞི་བདེའི་བྱེད་ཐབས་གསར་པ་ཞིག་ཏུ་འཕོ་འགྱུར་ཡང་འགྲོ་སྲིད་པ་བཅས། ཀིརྟི་ཚང་གིས་མདོ་སྨད་ཀྱི་ཁ་མཆུ་མང་པོ་འདུམ་འགྲིག་མཛད་དེ་ཡུལ་ཁམས་བདེ་ལ་བཀོད་པའི་ལོ་རྒྱུས་དཔྱད་གླེང་རགས་ཙམ་བྱས་ཟིན་ཏོ།།
འབྲིང་བ་དཀོན་མཆོག་འཇིགས་མེད་ཀྱིས། ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༤ ཉིན། ནོར་ཝེའི་གྲོང་ཁྱེར་པིར་ཀིན་ནས།
མཆན།
(1) མཁས་པ་ལྡེའུས་མཛད་པའི་<<ལྡེའུ་ཆོས་འབྱུང་རྒྱས་པ་>>དང་། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་སོགས་ཀྱིས་བརྩམས་པའི་<<བོད་ཀྱི་ལོ་རྒྱུས་གཡུ་ཡི་ཕྲེང་བ།>>
(2) མ་ཡེ་ཁལ་སཱི་ཝན་གྱིས་བརྩམས་པའི་<<བོད་ཀྱི་གནས་བབས།>>
(3) ཞྭ་སྒབ་པའི་<<བོད་ཀྱི་སྲིད་དོན་རྒྱལ་རབས།>> སྟོད་ཆ།
(4) འདིར་འབྲེལ་ཡོད་ཀིརྟི་སྐུ་ཕྲེང་གི་རྣམ་ཐར་ནི།
༡
ཧོར་སྤྲུལ་སྐུ་འཇམ་དབྱངས་མཁས་གྲུབ་ཀྱིས་མཛད་པའི་ཀིརྟི་སྐུ་ཕྲེང་ལྔ་པའི་རྣམ་ཐར་<<བཀའ་དྲིན་མཚུངས་མེད་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཐུན་མོང་གི་རྣམ་ཐར་ས་བོན།>>
༢
ཀིརྟི་བློ་བཟང་འཕྲིན་ལས་ཚང་གིས་མཛད་པའི་ཀིརྟི་སྐུ་ཕྲེང་བདུན་པའི་རྣམ་ཐར་<<དུས་གསུམ་རྒྱལ་བའི་སྙིང་རྗེའི་རང་གཟུགས་རྗེ་བཙུན་ཀུན་དགའ་ཆོས་འཕགས་ཐུབ་བསྟན་ཉི་མ་དཔལ་བཟང་པོའི་རྣམ་ཐར་སྐལ་བཟང་བློ་གསལ་མགུལ་རྒྱན།>>
༣
ལྕང་ལུང་ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོས་མཛད་པའི་ཀིརྟི་སྐུ་ཕྲེང་བརྒྱད་པའི་རྣམ་ཐར་<<རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་རྗེ་བཙུན་བློ་བཟང་འཕྲིན་ལས་བསྟན་པ་རྒྱ་མཚོ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རྩིབས་སྟོང་བཀྲ་བའི་གསེར་གྱི་འཁོར་ལོ་ཐུབ་བསྟན་མཛེས་རྒྱན།>>
༤
རྗེ་འཇིགས་མེད་རྡོ་རྗེ་འཆང་དམ་ཆོས་རྒྱ་མཚོས་མཛད་པའི་ཀིརྟི་སྐུ་ཕྲེང་དགུ་པའི་རྣམ་ཐར་<<རོང་ཆེན་བསྟན་པའི་སྒྲོན་མེ་ཆེན་པོ་སྐལ་བཟང་བློ་གྲོས་ཀུན་དགའ་ལུང་རྟོགས་རྒྱ་མཚོ་དཔལ་བཟང་པོའི་རྣམ་པར་ཐར་པ་གསེར་གྱི་གར་བུ།>>
༥
ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་བདུན་པ་བློ་བཟང་འཕྲིན་ལས་ལུང་རྟོགས་རྒྱ་མཚོ་ཚང་གིས་མཛད་པའི་ཀིརྟི་སྐུ་ཕྲེང་བཅུ་པའི་རྣམ་ཐར་<<བསྟན་པའི་དར་ཆེན་མཚུངས་པ་མེད་པ་རོང་ཆེན་སྤྲུལ་པའི་སྐུ་ངག་དབང་བློ་བཟང་བསྟན་པ་ཚེ་རིང་དཔལ་བཟང་པོའི་རྣམ་པར་ཐར་པ་ཐུན་མོང་བ་ཙམ་བརྗོད་བྱར་བྱས་པ་ངོ་མཚར་གཏམ་གྱི་བང་མཛོད།>>
༦
ཡོངས་འཛིན་དམ་པ་རྗེ་དཀོན་མཆོག་ཤེས་རབ་མཆོག་གིས་མཛད་པའི་ཀིརྟི་སྐུ་ཕྲེང་བཅུ་གཅིག་པའི་རྣམ་ཐར་<<སྐྱབས་མགོན་ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་མཆོག་གི་རྣམ་ཐར་ས་བོན།>> བཅས་སོ།།
(5) དེ་སྔོན་ཀིརྟིའི་བླ་བྲང་ལ་ས་གནས་སྲིད་གཞུང་ཞིག་ཡིན་པའི་མཚོན་རྟགས་དགུ་ཙམ་ཡོད་པ་ནི། ༡ ཀིརྟིའི་བླ་བྲང་གི་ཕྱི་སྒོའི་གཡན་གཡོན་དུ་ཁྲིམས་ཤིང་དམར་པོ་གཉིས་བཙུགས་ཡོད། ༢ ཀིརྟིའི་བླ་བྲང་གི་ནང་དུ་བཙོན་ཁང་ཡོད། ༣ ཀིརྟིའི་བླ་བྲང་གི་གཞུང་སྒོའི་མདུན་དུ་སྒོ་བཀག་གི་རྩིག་པ་རིང་པོ་ཞིག་ཡོད། ༤ ཀིརྟིའི་བླ་བྲང་གི་ཕྱི་སྒོའི་གཡས་གཡོན་དུ་རྡོའི་སེངྒེ་ཉལ་སྟབས་ཅན་གཉིས་ཡོད། ༥ ཀིརྟིའི་བླ་བྲང་གི་ཚོམས་ཆེན་ནང་གི་བཞུགས་ཁྲིའི་ཐོད་དུ་ཁྲོའི་མེ་ཏོག་ཁྲུ་གང་བ་ཞིག་བཏགས་ཡོད། ༦ ཀིརྟིའི་བླ་བྲང་གི་ནང་སྒོ་ལྟེ་བ་ནི་སྒོར་དབྱིབས་ཅན་ཡིན། ༧ ཀིརྟི་ཚང་གི་ཕེབས་བྱམས་སྔོན་པོ་ཡིན། ༨ ལོ་སར་ཚེས་གཅིག་གི་ཞོགས་པར་ཀིརྟིའི་བླ་བྲང་གི་སྒོ་འགྲམ་ནས་མེ་སྒྱོགས་ཆེ་འབྲིང་གཉིས་ཚར་གཉིས་རེ་འཕེན་སྲོལ་ཡོད། ༩ ཀིརྟི་ཚང་ཆིབས་བསྒྱུར་སྐབས་སྔོན་ལ་འཁྱེར་རྒྱུའི་མཚོན་ཆ་མདུང་ཤིང་ལྟ་བུའི་ཤིང་དམར་པོའི་རྩེར་ལྕགས་ཀྱི་ལག་མགོས་མཚོན་ཆ་སྣ་ཚོགས་བཟུང་བ་ཉི་ཤུ་ཙམ་ཡོད་པ་བཅས།
<< ཀིརྟི་ཚང་གིས་མདོ་སྨད་ཀྱི་ཁ་མཆུ་མང་པོ་འདུམ་སྒྲིག་མཛད་དེ་ཡུལ་ཁམས་བདེ་ལ་བཀོད་པའི་ལོ་རྒྱུས་དཔྱད་གླེང་། >>གི་ཟུར་བཀོད།
༄༅།། རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གྱིས་མདོ་སྨད་ཁུལ་གྱི་ཁ་མཆུ་སྣ་ཚོགས་འདུམ་འགྲིག་གནང་བའི་སྒོ་ནས་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་མཛད་པའི་ཚུལ་རྣམ་ཐར་ཆེ་ཆུང་ཁག་ཏུ་འཐོར་བུར་འཁོད་པ་རྣམས་ཚིག་ཇི་བཞིན་ཟུར་བཏོན་ཕྱོགས་བསྒྲིགས་ཞུས་པ།
དང་པོ། ཀིརྟི་སྐུ་ཕྲེང་ལྔ་པ་གྲུབ་དབང་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་ཐུན་མོང་བའི་རྣམ་ཐར་ས་བོན་ལས།
༡
ཐཱ་ལ་ཚང་གནས་འདིར་ཁྲི་འདོན་བྱས། མི་རྒྱབ་དང་སྦྱིན་བདག་རྣམས་རྩོད་གཞི་ཅུང་ཟད་བྱུང་བ་ཞི་བར་གནས། ཕྱིན་ཆད་ཀྱི་བྱ་སྤྱོད་སྤྲུལ་སྐུ་རང་གིས་མཁྱེན་དགོས་པའི་བཀའ་ཤོག་ཐེའུ་ཚེ་བཞག (ཤིང་བྱི། ཕྱི་ལོ་ ༡༧༤༤)
༢
ཁོ་ཤུའི་ཆིང་ཝང་། བཱེ་སེ་པཱ་ཐུར་དཱའི་ཆིང་། གུང་བཀྲ་ཤིས་རྣམ་རྒྱལ། ཨེ་ཁེ་ནོ་ཡོན་ཚེ་དཔག་ཐཱའི་ཇི་སོགས་མཚོ་སྔོན་དང་ཚ་ཁོའི་རྒྱལ་ས་ཁག་གསུམ་བཅས་རིགས་རུས་སྟོབས་འབྱོར་མངའ་འབངས་དང་ལྡན་པའི་བོད་སོག་གི་མི་དཔོན་ཆེ་ཆུང་དུ་མས་མཚོན་པའི་དྲག་ཞན་ཐམས་ཅད་ཀྱིས་མཆོད་བཀུར་དང་ལུགས་ཟུང་གི་མཐུན་རྐྱེན་དད་གུས་ཀྱིས་སྒྲུབ་པ་ཁོ་ནར་གྱུར། ཟུང་འཕན་གྱི་ས་ཆའི་དབྱེ་འབྱེད་ལ་དབང་བའི་རྒྱ་དྲག་སྔ་ཕྱི་མང་པོས་སྟོད་ཀྱི་དབལ་ཤུལ་ཤོག་ཀ་བཅུ་གཉིས་དང་། སྨད་ཀྱི་མཛོད་དགེ་ཤོག་ཀ་བཅུ་གཉིས་ཏེ་ཤོག་ཀ་ཉི་ཤུ་རྩ་བཞིའི་དབུ་བླར་མངའ་གསོལ་ནས་འཐབ་རྩོད་འཁྲུགས་པ་སོགས་འདུམ་པ་ལ་གང་གསུངས་དང་དུ་ལེན་དགོས་ཤིང་། དེ་ལས་འགལ་ན་ཁྲིམས་ལུགས་ཀྱི་ཆད་པས་རྒྱབ་གནོན་བྱེད་པའི་ལུང་ལས་ཕུལ་བ་སོགས་ཆོས་སྲིད་དབུ་འཕང་མཐོ་བར་གྱུར་པས་སྟོད་སྨད་ཕན་ཚུན་ཀུན་གྱིས་འཁྲུགས་རྩོད་ཀྱི་རིགས་ཆོས་ཀྱི་དམ་ཚིག་ལ་བཅགས་པའི་བཀའ་དང་ཕྱག་རྫས་ཀྱི་གནང་སྦྱིན་ཅི་རིགས་ཀྱི་སྒོ་ནས་འདུམ་པར་མཛད་པ་ཐེག་པ་མཐོན་པོའི་ཁྱད་ཆོས་འབའ་ཞིག་གིས་ལུས་ཅན་ཕན་བདེའི་དཔལ་ལ་སྦྱོར་བར་མཛད་པའི་བཀའ་དྲིན་བསམ་གྱིས་མི་ཁྱབ། ཅེས་འབྱུང༌།
གཉིས་པ། ཀིརྟི་སྐུ་ཕྲེང་བདུན་པ་༸སྐྱབས་མཆོག་ཐུབ་བསྟན་ཉི་མའི་རྣམ་ཐར་བློ་གསལ་སྐལ་བཟང་མགུལ་རྒྱན་ལས།
༣
མཆོད་རྟེན་ཆེན་མོ་གསར་བཞེངས་ཀྱི་འཚུབ་ཆ་ལྟ་བུར་བཤད་གླེང་ཁ་མཆུ་སོགས་མང་དུ་བྱུང་བར་ཉིད་ཀྱི་ཐུགས་བསྐྱེད་སྨོན་ལམ་གྱི་བྱིན་མཐུ་དང་། དམ་ཅན་ཆོས་སྲུང་རྣམས་ཀྱིི་འཕྲིན་ལས་ལ་བརྟེན་ནས་བདེ་འཇགས་སུ་སོང་། (ལྕགས་སྟག ཕྱི་ལོ་ ༡༨༣༠)
༤
ཟམ་ཚ་དང་བཞག་ལྡོམ་གཉིས་ལ་ཁ་མཆུ་ཆེན་པོ་བྱུང་བར་ཕན་ཚུན་གཉིས་ཀར་ཐུགས་རྗེ་ཆེན་པོའི་དབང་གནང་ཞིང་ཆོས་དང་དམ་ཚིག་ལ་བཀར་བའི་གསུང་ནན་ཅན་གྱིས་རྩོད་པ་ཆོས་ཕྱོགས་སུ་ཞི་བར་བྱས། (ཆུ་སྟག ཕྱི་ལོ་ ༡༨༤༢)
༥
དེ་ལྟར་ཡུལ་གྲུ་གང་དུ་ཞབས་སེན་བཀོད་པ་དེར་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། འཕོ་བ་བཀའ་བསྒོ་བསྔོ་སྨོན་སོགས་ཀྱིས་སོ་སོའི་རེ་བ་སྐོང་བ། གྱོད་ཆེ་ཆུང་གང་ལ་ཡང་བཀའ་ནན་བཙན་བརྗིད་ཀྱིས་འདུམ་པར་མཛད་པ་སོགས་ཐབས་ལ་མཁས་པའི་འཕྲིན་ལས་ཀྱི་འཇུག་པ་སྣ་ཚོགས་པས་སྣོད་བཅུད་ཀྱི་རྒུད་པ་བསལ་ཏེ་གནས་སྐབས་དང་མཐར་ཐུག་གི་བཀྲ་ཤིས་དང་བདེ་སྐྱིད་ཀྱི་སྣང་བས་ཁྱབ་པར་མཛད་དོ། །
༦
གང་དུ་ཕེབས་པ་དེར་ཁ་མཆུ་རྩོད་གླེང་གང་ཡོད་ཐམས་ཅད་ལ་གཤིན་པོའི་དོན་དུ་བསྔོ་སྨོན་དང་འཕོ་བ་ཆེད་དུ་མཛད་པ་དང་། ལས་འབྲས་ཀྱི་རྣམ་བཞག་དང་འབྲེལ་བའི་བཀའ་ནན་བཙན་བརྗིད། ཕྱག་རྫས་ཀྱི་གནང་སྦྱིན་ཕངས་མེད་དུ་སྩོལ་བ་སོགས་ཐབས་མཁས་ཀྱི་མཛད་པ་སྣ་ཚོགས་པས་འདུམ་པར་མཛད། ཅེས་འབྱུང༌།
གསུམ་པ། ཀིརྟི་སྐུ་ཕྲེང་བརྒྱད་པ་༸སྐྱབས་མགོན་བློ་བཟང་འཕྲིན་ལས་ཚང་གི་རྣམ་ཐར་ཆེན་མོ་ཐུབ་བསྟན་མཛེས་རྒྱན་ལས།
༧
སྔོན་སྐུ་གོང་མས་ཨ་མཆོག་སྐྱི་དང་། ཐེམ་པ་གཉིས་ཀྱི་གྱོད་བསྡུམས་ཏེ་གཟུ་ཡིག་རྗེས་སོར་འཇོག་རྩིས་གནང་ཡང་བར་དེར་ཞལ་མ་བཞུགས་པས་གཟུ་ཡིག་ལུས་ཡོད་པ་དེའི་ཆེད་དུ་རྗེ་ཉིད་ཕེབས་དགོས་བྱུང་། (ལྕགས་སྤྲེལ། ཕྱི་ལོ་ ༡༨༦༠)
༨
དཔྱིད་ཨ་མཆོག་ཆུ་རྒྱུད་དུ་ཕེབས། སྐྱི་དང་ཐེམ་པ་གཉིས་ལ་གཟུ་ཡིག་བཞག ཡུལ་གྲུ་འདིར་གྱོད་འགྲིག་རྒྱུའི་དོན་དུ་དབང་གནང་བ་ལ་གྱོད་དབང་ཟེར་བའི་ཐ་སྙད་འདོགས་སྲོལ་ཡོད་པ་ལྟར་འདི་རེས་སྡེ་ཕན་ཚུན་དུ་ཐུགས་རྗེ་ཆེན་པོའི་རྗེས་གནང་རེ་བསྩལ། (ལྕགས་བྱ། ཕྱི་ལོ་ ༡༨༦༡)
༩
དྲུག་པའི་ནང་ཐེ་བོར་ཕེབས་ཏེ་སྒང་ཚ་དང་། བྲག་སྒམ་པའི་གྱོད་ལ་འདོགས་ཆིངས་གནང་། (ཆུ་ཕག ཕྱི་ལོ་ ༡༨༦༣)
༡༠
ལོ་སྔ་མར་ཉི་མ་ལུང་པ་དང་། ཨ་མཆོག་སྒར་ཆེན་གཉིས་མ་མཐུན་པའི་རྐྱེན་གྱིས་མི་མང་གྲོན་སྟབས། ཨ་མཆོག་སྒར་པས་དྲག་ལས་མང་ཙམ་བྱས་པར་བརྟེན། ཉི་མ་ལུང་ནས་དེ་འདྲའི་རྒྱུ་མཚན་དང་བཅས་གདན་དྲངས་པ་བཞིན་སྒར་བཏེགས། ལམ་བར་ཤིས་ཚང་སྒར་གསར་དུ་ཟམ་ཚ་ཧུ་ཐོག་ཐུ་རིན་པོ་ཆེ་འཇིགས་མེད་བསམ་འགྲུབ་རྒྱ་མཚོས་རང་གི་བླ་བྲང་དུ་གདན་དྲངས་ཏེ་སོག་ལུགས་ཀྱི་གསོལ་སྟོན་རྒྱས་པར་བསྟར། ཆོས་སྲིད་ཀྱི་གསུང་གླེང་ཐུགས་ཚིམ་པ་གནང་། ཉི་མ་ལུང་དུ་འདོད་སྦྱར་གྱི་རིམ་གྲོ་མཛད། (ཤིང་བྱི། ཕྱི་ལོ་ ༡༨༦༤)
༡༡
གཙོས་ཁ་གྱ་སོགས་སྒར་ལུང་ཤོག་བཅུ་དང་། མཛོད་དགེ་དམེ་བོ་ཤོག་ལྔ་མ་མཐུན་པར་ཡུན་རིང་འཁྲུགས་པའི་གཡུལ་ངོར་མི་ཉིས་བརྒྱ་དང་གོ་དགུ་ཙམ་ལུས་སྲོག་གྲོན་པའི་ཉེན་ཤིན་ཏུ་ཆེ་བ་བྱུང་སྟབས། འདི་དུས་གཙོས་དགོན་གྲོང་གི་གྲོས་དབང་དང་མི་རྩ་རྣམས་ལ་གྱོད་འདུམ་རྒྱུའི་གསུང་ནན་དམ་ཚིག་ལ་བཀར་བ་བསྩལ། རྒྱལ་ཟླའི་བཅོ་ལྔའི་ཉིན་དམེ་བོ་སྒར་གསར་དགའ་ལྡན་རབ་རྒྱས་གླིང་དུ་ཕེབས་ནས་དཔོན་ཚང་གི་མི་ངོ་རྣམས་ཀྱིས་གཙོས་སེར་སྐྱ་རགས་བསྡུས་ལ་གྲུབ་རྒྱལ་ཚེ་དབང་གནང་། དམེ་བོ་དཔོན་པོ་ལ་གྱོད་ཆེན་འགྲིག་རྒྱུའི་བཀའ་ནན་བསྩལ། ཕན་ཚུན་གྱི་བར་ལ་སྐུ་ཚབ་བླ་མ་ཚུལ་སློང་མངགས་ཏེ་གྱོད་ཆེན་འདུམ་འགྲིག་གི་འགོ་ཚུགས། (ཤིང་བྱི། ཕྱི་ལོ་ ༡༨༦༤)
༡༢
སླར་གཙོས་བླ་བྲང་དུ་ཕེབས་ཏེ་སྐུ་མཆེད་རྣམ་གཉིས་ཞལ་འཛོམས་ཤིང་གང་ཅིའི་གསུང་གླེང་འཕེལ། ཞར་ལ་འཆམ་གཟིགས་ཀྱང་གནང་། གཉིས་པའི་ཉེར་གཉིས་ཉིན་གྱོད་ཆེན་གྱི་དོན་དུ་གཟུ་ཡིག་བཞག ཕན་ཚུན་གཉིས་ཀར་རྟ་ནོར་བརྒྱད་ཅུ་དང་དངུལ་སྲང་བརྒྱའི་གནང་ཆ་བསྟབས།
ཨོཾ་སྭ་སྟི། མཆོག་གསུམ་ཐུགས་རྗེ་ཟླ་ཤེལ་དབང་པོ་གང་། །ཐབས་མཁས་བསམ་སྦྱོར་རླུང་གི་ཤིང་རྟ་ཡིས། །རྣམ་དཀར་ལེགས་སྨོན་མཁའ་ལ་ཉེར་དྲངས་པས། །སྐྱེ་འགྲོའི་བདེ་སྐྱིད་འཇོམས་བྱེད་སྲོག་གཅོད་ལས། །བརྒྱ་ཕྲག་མང་པོར་སྤྱོད་པའི་ཚ་གདུང་རྒྱུན། །བཅད་དང་ལྷན་ཅིག་བདེ་སྐྱིད་ཀུནྔ་བཞད། །འདིར་འབད་ལེགས་བྱས་ཇི་སྙེད་རྒྱལ་བའི་བསྟན།།གེགས་མེད་ཕྱོགས་བརྒྱར་རྒྱས་ཤིང་འགྲོ་བ་ཀུན། །འཕྲལ་ཡུན་རྒུད་པ་ལས་གྲོལ་དུས་རྟག་ཏུ། །དགའ་བདེའི་དཔལ་གྱིས་འཚོ་བའི་རྒྱུ་རུ་བསྔོ། །ཡངས་པའི་ལྗོངས་སུ་དམག་འཁྲུགས་ལོ་ཉེས་སོགས། །མི་འབྱུང་སྣོད་བཅུད་བཀྲ་ཤིས་འཕེལ་བར་ཤོག །གཡུལ་དུ་བསད་པའི་ཉམ་ཐག་འགྲོ་ཀུན་དང་། །རྣམ་དཀར་ལས་འདིའི་དོན་དུ་འབད་པ་རྣམས། །སྐྱེ་བར་མི་ཁོམ་གནས་སུ་མི་ལྷུང་བར། །རིང་མིན་འགྲོ་བའི་སྐྱབས་གཅིག་ས་ཐོབ་ཤོག །ཅེས་འཁྲུགས་པ་བཟླུམ་པའི་དགེ་རྩ་རྫོགས་བྱང་དུ་བསྔོ་བའི་ཚིགས་བཅད་འདི་ལྗགས་རྩོམ་མཛད། འདིའི་སྦྱར་བྱང་དུ་འདི་ནི་ཤིང་གླང་ལོ་བྱང་ཕྱོགས་ཀྱི་འཁྲུགས་ཟིང་འདུམ་པར་བྱས་པའི་དགེ་རྩ་ཆུད་མི་ཟ་བའི་ཕྱིར་བྲིས་པའོ། །ཞེས་གསུངས་པའི་དངོས་ཤུགས་ཀྱི་བསྟན་དོན་རྣམས་ཀྱང་ཤེས་དགོས། གཙོས་མཛོད་དགེའི་གྱོད་ཆེན་འདི་སྐུ་གཞོགས་བསེ་ཚང་དང་། རྗེ་འཇམ་དབྱངས་བཞད་པ་སོགས་བླ་ཆེན་ཁག་གི་སྐུ་དོན་དུ་བསྙད་ཀྱང་། གནས་ཚོད་སྤྱི་མཐུན་ལས་ངན་གྱི་བྱེད་པོས་བསྒྲུབ་པ། ཉམ་ཐག་རྣམས་ཀྱིས་གཅེས་སྲོག་རང་དབང་མེད་པར་སྐྱེལ་བའི་གནས་ཤིན་ཏུ་ཉམ་ང་བ་ཞིག་སྟེ། སྔོན་ཆད་བླ་དཔོན་ཆོས་སྲིད་ཀྱི་གཟི་བྱིན་ལྡན་པ་སུས་ཀྱང་ཟླུམ་མ་ནུས་མོད། འདི་རེས་རྗེ་བླ་མ་ཉིད་ཐུགས་བསྐྱེད་དང་འཕྲིན་ལས་གཞན་འགྲན་མེད་པའི་དབང་གིས་ཚེགས་མེད་དུ་འདུམ་པར་མཛད་པ་ནི་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་དང་། འཇིགས་པས་ཉེན་པའི་སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ཀྱི་ཉམས་བཞེས་རྨད་དུ་བྱུང་བའི་རྣམ་པར་ཐར་པའོ། དྲི་མ་མེད་པར་གྲགས་པས་བསྟན་པ་ལས་ཀྱང་། མཚོན་གྱི་བསྐལ་པ་བར་མ་ལ། །དེ་དག་བྱམས་པ་བསྒོམ་འགྱུར་ཏེ། །སེམས་ཅན་བྱེ་བ་བརྒྱ་མང་པོ། །གནོད་སེམས་མེད་ལ་འཛུད་པར་བྱེད། །གཡུལ་ཆེན་འདྲེས་པའི་ནང་དུ་ནི། །དེ་དག་ཕྱོགས་ལ་མཉམ་པར་འགྱུར། །བྱང་ཆུབ་སེམས་དཔའ་སྟོབས་ཆེན་རྣམས། །འདུམ་ཞིང་འདུ་བར་དགའ་བར་བྱེད། །ཅེས་གསུངས་པ་ལྟར་རོ། ། (ཤིང་གླང་། ཕྱི་ལོ་ ༡༨༦༥)
༡༣
གཙོས་མཛོད་དགེའི་གྱོད་མཇུག་བསྡུམས་ཆེད་མཛོད་དགེའི་ཤོག་ཁ་ལྔའི་སེར་སྐྱའི་ཁྲོམ་ཆེན་པོར་ཐུགས་རྗེ་ཆེན་པོའི་དབང་བསྩལ། ཤོག་ལྔའི་སྡེ་གཞུང་ནས་དངུལ་སྲང་བརྒྱ་དང་རྟ་ནོར་མང་པོའི་དངོས་འབུལ་བཏེགས། (ཤིང་གླང་། ཕྱི་ལོ་ ༡༨༦༥)
༡༤
སྟོན་སྨད་ཕྱོགས་ནས་གདན་འདྲེན་ནན་ཆེ་བ་ལྟར་བྱང་ཁོག་ཏུ་ཕེབས། ཆས་པའི་དཔྱིས་དང་། ཟམ་ཚའི་རོང་པ་གཉིས་ཀྱི་གྱོད་བཟླུམས་ཏེ་སྔོ་ལུང་ཐང་དུ་ཆས་པའི་དཔྱིས་ཀྱི་སེར་སྐྱ་མང་པོར་ལམ་གཙོའི་ཁྲིད་དང་ཀུན་རིག་གི་དབང་གནང་ཞིང་། ཟམ་ཚའི་རོང་པར་གདུགས་དཀར་གྱི་དབང་བསྩལ། (ཆུ་བྱ། ཕྱི་ལོ་ ༡༨༧༣)
༡༥
བསུ་བ་དང་། དམེ་སྐོར་གྱི་གྱོད་ལ་གཟུ་ཡིག་བཞག་སྟེ་རིམ་གྱིས་འདུམས་པར་མཛད། (ས་སྟག ཕྱི་ལོ་ ༡༨༧༨)
༡༦
གཙོས་དང་རྡོ་དཀར་གྱི་གྱོད་དོན་ལ་ཕན་ཚུན་གྱི་མི་རྩ་དྲག་ཤོས་རྣམས་སྐུ་དྲུང་དུ་བོས་ཏེ་གསུང་ནན་བསྩལ་ཅིང་འགྱངས་མིན་སྐུ་ཚབ་མངགས་ཏེ་འདུམ་པར་མཛད། (ས་ཡོས། ཕྱི་ལོ་ ༡༨༧༩)
༡༧
རྗིས་ཚང་དང་ཆོས་འཁོར་གྱི་གྱོད་སྔར་སྐུ་ཚབ་ཆེད་མངགས་ཀྱིས་བསྡུམས་ཟིན་ཀྱང་ཡར་ལམ་སྡེ་སོ་སོར་གྱོད་དབང་སོགས་སྐལ་བ་དང་འཚམས་པའི་ཆོས་སྦྱིན་སྤེལ། (ས་ཡོས། ཕྱི་ལོ་ ༡༨༧༩)
༡༨
བླ་བྲང་དང་ཁྱོ་ཁོའི་དཔལ་ཡུམ་སོགས་མི་མཐུན་པའི་གྱོད་ངན་དེ་རྒྱ་ཇེ་ཆེར་སོང་སྟེ་ཁྱོ་ཁོ་ཁག་གསུམ་དང་། མགོ་ལོག་ཁང་རྒན། རྔ་པའི་རྨེའུ་རྒྱལ་སོགས་དཔུང་བསྒྲིལ་བ་ལ། སྡེ་དགེའི་ཕྱག་མཛོད་བཙན་པོ་མས་བླ་བྲང་ལྷ་སྡེ་སྟོད་སྨད། མཛོད་དགེ ཨ་མཆོག སོག་པོ་ཚུན་གྱི་དམག་དཔུང་བསྡུས་ནས་གཡུལ་བཀྱེ་བས་མགོ་ལོག་གིས་གཙོས་ཕ་རོལ་གྱི་དམག་མི་གྲངས་མང་བསད་ཅིང་། དཔལ་ཡུམ་གྱི་སྡེ་རྣམས་བཅོམ་པ་སོགས་འཁྲུགས་ཚབས་ཆེ་བར་བྱུང་། དེའི་གནས་ཚུལ་རྗེ་ཉིད་ཀྱིས་གསན་པའི་ཚེ་ཐུགས་མ་བདེ་བར་ཕན་ཚུན་གཉིས་ཀར་ཉེ་རིང་མེད་པའི་ཐུགས་རྗེའི་ཤུགས་ཀྱིས་ལྷག་པར་དགོངས་ཏེ། བསྐུལ་མཁན་མེད་ཀྱང་འཁྲུགས་པ་འདུམ་ཕྱིར་གཏོར་བཟློག་འགའ་ཞིག་དང་། དགོང་ལྟར་ལུས་སྦྱིན་གསུངས་པ་སོགས་རིམ་གྲོ་མང་པོ་གནང་། ཚུལ་འདི་ནི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། ཇི་ལྟར་མ་ནི་ཁྱད་པར་དུ། །ནད་ཐེབས་བུ་ལ་གདུང་འགྱུར་བ། །དེ་བཞིན་བྱང་ཆུབ་སེམས་དཔའི་བརྩེ། །དམ་པ་མིན་ལ་ཁྱད་པར་དུའོ། །ཞེས་པ་ལྟར་རྒྱལ་སྲས་བདག་ཉིད་ཆེན་པོ་རྣམས་སྡིག་སྤྱོད་མཁན་ལ་བརྩེ་བ་བླ་ལྷག་ཏུ་འབྱུང་བའི་རྣམ་པར་ཐར་པའོ། ། (ལྕགས་སྦྲུལ། ཕྱི་ལོ་ ༡༨༨༡)
༡༩
བླ་བྲང་དང་མགོ་ལོག་གི་གྱོད་ཆེན་འདི་མ་འདུམས་ན་ཉམ་ཐག་རྣམས་གཅེས་སྲོག་རང་དབང་མེད་པར་འཕྲོག་དགོས་ཀྱི་ཉེན་ཤིན་ཏུ་ཆེ་སྟབས་འདི་དུས་ཕན་ཚུན་གཉིས་ཀར་བརྩེ་བའི་བཀའ་མཆིད་རྗེན་པར་བསྩལ་ཏེ་གཟུ་ཡིག་ཤོག་པ་གཉིས་ཀར་གནང་། རྐྱེན་ཅུང་ཟད་ཙམ་གྱིས་འགྲིགས་ཐག་ཆོད་པ་ཞིག་མ་བྱུང་ཡང་དེ་ནས་བཟུང་མི་མང་སྲོག་སྐྱེལ་གྱི་རྒྱུན་ཆད་པ་རྗེ་འདི་ཉིད་ཀྱི་བྱིན་མཐུར་མངོན། རྨེ་ཆུ་ཁར་བཞུགས་སྒར་གྱི་སྟེང་དུ་བླ་བྲང་སྡེ་དགེའི་ཕྱག་མཛོད་ངོ་གཡོག་བྱས་པ་གཟོ་བའི་ཕྱིར་མཇལ་བར་ཕེབས་ཏེ། དངུལ་དང་ཆིབས་རྟ། གོས་ཆེན་ཡུག་མང་པོ། རྒྱ་སེར་གྱི་སྤྱད་པ་ཁྱད་མཚར་དུ་མ་དང་བཅས་ཕུལ་བར་གསུང་གླེང་ཞེ་ཚིམ་པ་གནང་། ཀུན་མཁྱེན་འཇམ་དབྱངས་བཞད་སྤྲུལ་རིན་པོ་ཆེར་གསུང་འཕྲིན་ཚིགས་སུ་བཅད་པ་རྟེན་བཅས་ཕུལ་བར་རྗེས་སོར་ཚུར་ཡང་སྙན་ངག་གི་ལམ་ནས་དྲངས་པའི་བཀའ་རྩོམ་ལེགས་སྐྱེས་དང་བཅས་བསྐུར་གནང་མཛད་འདུག (ལྕགས་སྦྲུལ། ཕྱི་ལོ་ ༡༨༨༡)
༢༠
ཟམ་ཚ་སྟོད་སྨད་གཉིས་ལ་གྱོད་ཅིག་ཡོད་པ་གསུང་གནང་སྟེ་འདུམ་པར་མཛད། (ལྕགས་སྦྲུལ། ཕྱི་ལོ་ ༡༨༨༡)
༢༡
ཙ་ཡུ་དང་ཨ་མཆོག་གི་གྱོད་བཏགས་ཏེ་བཅུ་པའི་ཚེས་ལ་གདན་སར་བབས། (ལྕགས་སྦྲུལ། ཕྱི་ལོ་ ༡༨༨༡)
༢༢
བླ་བྲང་དུ་དཀོན་མཆོག་བ་ལི་མ་ཟེར་བའི་མི་ངན་ཞིག་གིས་དཀྲུག་ཤིང་བགྱིས་ཏེ་སྐུ་ཕྱོགས་དང་ཕྱག་མཛོད་གཉིས་ཐུགས་མི་མཐུན་པའི་འཁྲུགས་ཟིང་ཆེན་པོ་ཞིག་བྱུང་བའི་གནས་ཚུལ་གསན་འཕྲལ་ཐུགས་མ་བདེ་བར་མགོན་ཁང་དུ། བསྐལ་པ་བཟང་པོའི་ཐུབ་བསྟན་འཛིན་པའི་རྗེ། །དབང་ཕྱུག་བརྒྱད་ལྡན་མགོན་པོ་ཞབས་བརྟན་ཅིང་། །བཀྲ་ཤིས་གཡས་འཁྱིལ་དཔོན་སློབ་འདུས་སྡེར་བཅས། །མི་མཐུན་བར་ཆད་གཡུལ་ལས་རྣམ་རྒྱལ་ཏེ། །ཆོས་སྲིད་ལེགས་ཚོགས་མི་ཉམས་གོང་འཕེལ་ཤོག །ཅེས་པའི་ཞལ་བྱང་ཅན་གྱི་སྙན་དར་ཕུལ་ཏེ་སྐུ་ཞབས་རིན་པོ་ཆེའི་ཞབས་པད་བརྟན་པ་དང་། ཆོས་སྡེ་ཆེན་པོར་ཕྱི་ནང་གི་ཉེར་འཚེ་ཞི་ཞིང་བཤད་སྒྲུབ་འཕེལ་བའི་འཕྲིན་བཅོལ་གནད་སྨིན་མཛད། བདུན་གསུམ་གྱི་རིང་བཅད་རྒྱ་མཛད་ཅིང་དབང་གི་སྦྱིན་སྲེག་སྤེལ་ཚིག་དམིགས་བསལ་ཅན་གནང་། འདིའང་བླ་བྲང་སྐུ་ཕྱོགས་རིན་པོ་ཆེའི་འཕྲིན་ལས་ཀྱི་རྐྱེན་སེལ་དུ་དམིགས་པར་གསུང་ཟུར་ལས་ཤེས། (ཆུ་ལུག ཕྱི་ལོ་ ༡༨༨༣)
༢༣་་་་་་་་༢༤
པགས་པའི་ནང་འཁྲུགས་དང་། པགས་དབྱིས་གཉིས་ཀྱི་བར་དུའང་འཁྲུགས་ལོང་ཆེན་པོ་ཡོད་པ་ཐམས་ཅད་ལ་གཟུ་བཞག་པས་རིམ་གྱིས་འདུམ་འགྲིགས་བྱུང་། (ཤིང་སྤྲེལ། ཕྱི་ལོ་ ༡༨༨༤)
༢༥
ཐེ་རོང་ཕྱོགས་ཀྱི་དགོན་ཆེ་ཆུང་རྣམས་ལའང་གོ་བབས་དང་བསྟུན་པའི་མང་འགྱེད་དཔེ་འགྲེ་བསྟབས། ནང་འཁྲུགས་ཚབས་ཆེ་སྟབས་མི་མང་བསད་འདུག་པ་ལ་རེ་ཞིག་འདོགས་ཆིངས་མཛད་པས་རིམ་གྱིས་གདུག་སེམས་ཞི་སྟེ་འདུམ་པ་བྱུང་། ཕྱོགས་འདིའི་མི་རྣམས་རང་བཞིན་གྱིས་དམུ་རྒོད་པས་སྡེ་ཕན་ཚུན་ལ་འཐབ་རྩོད་མེད་པའི་དུས་ཆེར་མི་སྲིད་པ་ལྟ་བུ་ཞིག་ཡིན་ཡང་བརྒྱ་ལམ་ཙམ་ན་རྗེ་བླ་མ་ཉིད་ཀྱི་བཀའ་དྲིན་ལ་བརྟེན་ནས་བདེ་སྐྱིད་སྤྲིན་བར་གྱི་ཉི་མ་ལྟ་བུ་བྱུང་བར་སྣང་། (ཤིང་སྤྲེལ། ཕྱི་ལོ་ ༡༨༨༤)
༢༦
བླ་རི་མགུལ་དུ་སེར་སྐྱ་ཆེས་མང་པོར་དཔལ་མོ་ལུགས་ཀྱི་ཐུགས་རྗེ་ཆེན་པོ་དང་། གདུགས་དཀར་ལྷ་བཅུ་བདུན་མའི་དབང་གནང་སྟེ་ཟམ་ཚ་དང་བླ་རི་མགུལ་བའི་གྱོད་ཆེན་གྱི་མཇུག་ཆོད་པ་མཛད། བླ་རི་མགུལ་པ་རྣམས་ནང་མ་མཐུན་པས་འགོ་པས་དོན་དག་ཤེས་མི་ཆོག་པ་བྱས་ཡོད་ཀྱང་། རྗེ་ཉིད་ཀྱིས་གསུང་གནང་སྟེ་མགོན་ནེ་ཟེར་བ་སླར་འགོ་པར་བཞག (ཤིང་སྤྲེལ། ཕྱི་ལོ་ ༡༨༨༤)
༢༧
རྨོག་རུའི་འགོ་པ་ལ་རྐྱེན་འགའ་ཞིག་བྱུང་སྟབས་རྗེ་ཉིད་ལ་སྐྱབས་འཚོལ་ཞུས་པར། མི་ཚང་དེ་རྐ་ཆུ་ཁའི་ལྷ་སྡེའི་ནང་དུ་སྡོད་བཅུག་པས་མི་འདོད་པ་གཏན་ཆོད་དུ་སོང་། (ཤིང་སྤྲེལ། ཕྱི་ལོ་ ༡༨༨༤)
༢༨
རྨེའུ་ཚང་དང་། ཨ་སྐྱིད་ཀྱི་གྱོད་ཆེན་དོན་ལ་བཀའ་ནན་ཆེན་པོས་གཟུ་བཞག་སྟེ་འདུམ་པར་མཛད། རྨེའུ་ཚང་གི་མངའ་ཞབས་སུ་ཇག་རྐུས་ཀྱི་ཁྲིམས་བསྡམས། (མེ་ཁྱི། ཕྱི་ལོ་ ༡༨༨༦)
༢༩
བླ་བྲང་སྡེ་དགེའི་ཕྱག་མཛོད་འཇམ་དབྱངས་ཆོས་འཕེལ་ཁོ་རང་གི་ཚ་བོ་དུས་འཁོར་རྒྱ་ནག་པའི་ནང་དུ་སྡོད་པ་མཚན་མོ་ཞིག་ཨ་མཆོག་ཚོ་བརྒྱད་ཀྱི་དམག་བླུགས་ཏེ་སྲོག་ལ་བསྡོ་བའི་ཉེན་བྱུང་བར་བརྟེན་དམེ་བོའི་སྒར་གསར་དུ་བྲོས་པ་རྗེ་བླ་མ་ཉིད་གཏན་གྱི་སྐྱབས་གནས་སུ་བཟུང་སྟེ་འདི་སྐབས་སྐུ་དྲུང་དུ་སླེབས། ཁོས་རྐང་ཚའི་སྣང་ལུག་གི་རྟེན་ཁྲོད་ནས་རྗེ་ཕྱག་ནས་བརྒྱ་རྩ་མ་འཁྲུལ་མེད་ཅིག་མཛོ་མོ་ལྔ་བྱིན་ཏེ་བླུས་པ་རྗེ་ཉིད་ལ་ཕུལ་བར་དགྱེས་ཚོར་ཤིན་ཏུ་ཆེ་བ་མཛད། རྗེའི་སྐུ་འདི་ལ་ཐུགས་གཙིགས་ཆེན་པོ་མཛད་དེ་སྐབས་སྐབས་སུ་ཁྲུས་གསོལ་རེ་མཛད་དུས་ཞལ་དང་སྐུ་གཟུགས་ལས་བདུད་རྩིའི་ཟིལ་བ་ཁྲོམ་མེ་འབབ་པ་ཀུན་གྱི་མཐུན་སྣང་དུ་གྲུབ་པས་ཡ་མཚན་ཆེ་ངེས་སུ་འཁུམས། ཁོ་རང་ནས་སྐྱིད་སྡུག་གི་གནས་ཚུལ་དང་། སླད་མར་རྗེས་འཛིན་གྱི་སྐྱབས་འཇུག་ནན་ཏན་ཞུས་པར། དར་མཐའ་རྒུད་པས་བསྡུས་པའི་རང་བཞིན་ལས་བརྩམས་པའི་ཞལ་གདམས་སེམས་གསོའི་བཀའ་མཆིད་བཅས་ཡིད་ཚིམ་པ་བཀའ་དྲིན་བསྐྱངས། འདུན་པ་བཞིན་རྫོང་ཆུང་ཚེ་དབང་བསྩལ། འདི་པ་བླ་བྲང་ཕྱག་མཛོད་དུ་སྡོད་དུས་བཀྲ་ཤིས་འཁྱིལ་དགོན་མ་ལག་སྟོད་སྨད་ཀྱི་ལྷ་སྡེ་ཐམས་ཅད་ཀྱི་ལས་དོན་ཁོ་རང་གཅིག་པུས་ཤེས་པས་མདོ་སྨད་ན་ཁོ་ལས་ལྷག་པའི་མི་དྲག་ཅིག་དཀོན་ཡང་། འདི་དུས་ལོངས་སྤྱོད་གཞན་ལྟ་ཞོག རང་གི་སྲོག་ཀྱང་མི་དབང་བ་ལྟ་བུའི་ཚོད་དུ་སླེབས་པ་སྲིད་པའི་ཕུན་ཚོགས་ལ་ཡིད་བརྟན་མེད་པ་མཚོན་པའི་དཔེ་ཆེན་པོར་སྣང་བས་ཚུལ་འདིས་ཀྱང་འདུས་བྱས་ཀྱི་མཐའ་བཞིའི་ཆོས་ཉིད་ལ་ངེས་པ་དྲངས་པར་འོས་པ་ཁོ་ནའོ། (མེ་ཁྱི། ཕྱི་ལོ་ ༡༨༨༦)
༣༠
སྒང་ཚ་དང་འབྲུ་རྩིའི་གྱོད་འགྲིག་དགོས་ཚུལ་དང་། འཆི་ངེས་ཀྱི་བཙོན་རྣམས་སྲོག་འབུལ་དགོས་ཚུལ་གསུང་ནན་བསྩལ་པ་རིམ་པར་ཐུགས་བཞེད་ལྟར་བྱུང་བ་ལ་དགྱེས་ཚོར་ལྷག་པོ་མཛད། མཆོད་གཞིས་སྒང་ཚར་རྐུན་ཇག་མང་བའི་བྱེད་ལས་ཀྱིས་ཅོ་ནེའི་དམག་གིས་སྤོ་ཤོ་དགོན་པ་གཏོར་སོང་བ། སྔར་ཤུལ་དུ་མྱུར་བར་ཆགས་དགོས་ཚུལ་གྱི་གསུང་བཀོད་དང་གནང་སྦྱིན་ཕོན་ཆེ་བསྩལ། (མེ་ཕག ཕྱི་ལོ་ ༡༨༨༧)
༣༡
བླ་བྲང་སྡེ་དགེའི་ཕྱག་མཛོད་པ་སྨད་དུ་སོང་བ་ལ་སྐྱབས་མགོན་ཞི་བའི་དབྱིངས་སུ་གཤེགས་པ་དང་འཛོམས་པས་ཡིད་སྐྱོ་ཤས་ཀྱིས་གདུང་བའི་མུར་དུས་ཀྱི་ཆོས་ཉིད་དུ་གྱུར་པའི་བསྔོ་རྟེན་དུ་སྐུ་བརྙན་དང་མཆོད་པའི་ཡོ་བྱད་མང་པོ་བསྐུར་བ་རྣམས་ཕུལ་བར་བསྔོ་སྨོན་ནན་ཏན་མཛད། ཁ་ཆེམས་སུ་པུར་ཞུགས་ལ་སྦྱངས་པའི་ཐོད་རུས་སྐུ་དྲུང་དུ་འཕྲོད་དགོས་ཚུལ་བཤད་པ་སོགས་རྗེ་འདི་གཅིག་པུར་བློ་ཕུགས་གཏད་པའི་རྒྱུ་མཚན་དུ་སྣང་། ཀིརྟིའི་ནང་བར་བཅོལ་ཡོད་པའི་ནོར་རྫས་ཐམས་ཅད་རྗེ་ཉིད་ལ་ཕུལ་བ་ཡིན་ཞེས་ཁ་ཆེམས་བཞག་འདུག་ཀྱང་། རྗེ་ཉིད་ནས་དེ་འདྲ་མི་རུང་གསུངས་ཏེ། བཅོལ་བ་རྣམས་དམེ་བོ་དཔོན་པོར་སྤྲོད་དུ་བཅུག (ས་བྱི། ཕྱི་ལོ་ ༡༨༨༨)
༣༢
རྔོག་པ་རྔ་རྒོད་གཉིས་ཀྱི་བར་དུ་གྱོད་ངན་ཞིག་ཡོད་པ་དེའི་དོན་དུ་གསུང་ཞིག་ཨེ་འབྱོན་གྱི་རེ་བས་སྔར་གདན་འདྲེན་ཡང་ཡང་ཞུས་ཀྱང་བླ་མ་རྣམ་པའི་ཐུགས་བརྟག་མ་ཆུད་པས་སྐུ་ཚབ་རེ་གཏོང་བ་ཙམ་གནང་། ད་ལན་རྨོག་རུ་རིན་པོ་ཆེའི་ཐུགས་བརྟག་ཆུད་ནས་ཕེབས་པ་ཡིན་ཡང་། དེའི་འཚུབ་ཆ་ལྟ་བུར་ཉིན་ཕྱི་མར་ཞབས་གྲས་མི་སྐྱ་ཞིག་དོག་ཆུས་འཁྱེར་ལ་ཁད་པ་དང་། ན་བཟའི་སྒོམ་བཀལ་བའི་མཛོ་གཅིག་ཀླུ་ཆུ་ལ་མཆོངས་པ་སོགས་བྱུང་ཡང་ཉེས་སྐྱོན་དུ་མ་གྱུར། གྱོད་ངན་དེའི་དོན་དུ་ཕན་ཚུན་གཉིས་ཀར་བཀའ་ནན་བསྩལ་ཏེ་འདུམ་པར་མཛད། (ས་བྱི། ཕྱི་ལོ་ ༡༨༨༨)
༣༣
འདི་ལོ་སྟག་མགོའི་དཔོན་པོ་སོགས་འགའ་ཞིག་གིས་རྗེ་འཇམ་དབྱངས་བཞད་པར་མགོ་བཏགས་པའི་རྐྱེན་གྱིས་སྒར་ལུང་བཅུའི་དམག་གིས་སྟག་མགོའི་དཔོན་པོ་ཕ་བུ་བཟའ་ཚང་ཁྱིམ་གང་བོ་མིང་གི་ལྷག་མར་བཏང་བ་དང་། མ་འགྱངས་པར་རེབ་གོང་དམག་ཆེན་བླ་བྲང་གི་ཉེ་འཁོར་དུ་སླེབས་ཏེ་སྒར་གྲོང་འགའ་ཞིག་བཅོམ་ཞིང་། བླ་བྲང་གཉེར་པ་སོགས་མི་མང་བསད་པ་དང་། ཙ་ཡུ་མཛོད་དགེ་སོགས་ཉེ་འཁོར་པ་རྣམས་ལའང་ལབ་གླེང་མང་བར་བརྟེན་གཙོས་ཁྲི་སྤྲུལ་རིན་པོ་ཆེ་འཁོར་ཉུང་བསྡུས་དང་བཅས་བྲོས་པའི་ཚུལ་དུ་རྗེ་ཉིད་ཀྱི་སྐུ་དྲུང་བསྙེགས་པ་ལ་ཆིབས་བསུ་སེར་སྦྲེངས་དང་བཅས་མཇལ་འཛོམས་མཛད། (ས་མོ་གླང་། ཕྱི་ལོ་ ༡༨༨༩)
༣༤
འབྲོང་ལྕེའི་ཐང་དུ་དམེ་བོ་དཔོན་པོ་སོགས་མཛོད་དགེའི་སེར་སྐྱ་དྲག་རིམ་རྣམས་སྔ་མོ་གཙོས་མཛོད་དགེའི་གྱོད་ཆེན་གྱི་རྩོད་གཞི་སྒར་རྙིང་ལ་བརྟེན་པའི་སྐྱོ་སྔོགས་ཀྱི་རྣམ་པའི་སེལ་ཅུང་ཟད་ཡོད་པ་བཤགས་པའི་ཆེད་དང་། དད་འབུལ་ལྷན་ཅིག་ཏུ་དངུལ་སྲང་བརྒྱ་དང་ལྔ་བཅུ། རྟ་ཆེན་ལྔ་བཅས་ཕུལ་ཏེ་འགྱོད་བཤགས་ཀྱི་ཞུ་ཚིག་ཕུལ་བར། དགྱེས་པའི་བཀའ་བསྩལ་ཐོག་ལེགས་ཚོགས་བདུད་རྩིའི་བཅུད་ཀྱི་རྟེན་གཞི་དམ་ཚིག་གསེར་སྦྱངས་ཡོལ་གོ་གཙང་སང་ངེ་བར་མཛད། (ལྕགས་ཡོས། ཕྱི་ལོ་ ༡༨༩༡)
༣༥
(ཧོར་ཚང་ཀིརྟི་དགོན་དུ་)གྲྭ་རྟ་གསུམ་རྐུན་མས་ཁྱེར་ཚེ་ཁོ་རང་རྣམས་ལའང་ལྟས་ངན་པ་སྣ་ཚོགས་བྱུང་ཞིང་། མ་འགྱངས་པར་སེར་སྐྱ་རྣམས་ནས་རྐུན་མ་བཟུང་སྟེ། གསོད་ལ་ཁད་པའི་ཚེ་རྗེ་ཉིད་ནས་ངོ་ཆེན་མཛད་དེ། སྲོག་གི་ཆད་པ་ཕར་ཞོག རྐང་ལག་སོགས་ལའང་སྐྱོན་བྱས་མི་ཆོག་ཚུལ་གྱི་གསུང་ནན་བསྩལ་པ་བཞིན་ཁ་མཆུ་འདུམ་པར་གྱུར། (ལྕགས་ཡོས། ཕྱི་ལོ་ ༡༨༩༡)
༣༦
ལམ་བར་གྱི་སྒར་པ་དང་སྡེ་སོ་སོས་རྟ་བསུ་ཐབ་བསུ་སོགས་ཀྱིས་བསྙེན་བཀུར་བར་ལུགས་གཉིས་ཀྱི་དགའ་སྟོན་བསྩལ་ཏེ་ཁ་གྱའི་སྒར་དུ་ཕེབས། རྗེ་ཉིད་ཀྱི་གཟིམ་ཁང་དུ་བཞུགས། འདི་ཀའི་གྲྭ་པ་རྣམས་བསེ་ཚང་དང་། འགྱངས་རོའི་ཆགས་སྡང་གིས་ཕྱོགས་གཉིས་སུ་གྱེས་པ་ལས་འཁྲུགས་ལོང་ཡུན་རིང་བྱུང་བ་འདི་དུས་སྒར་གསར་རྙིང་དུ་འབྱེད་པ་ལ་ཉེ་བའི་སྐབས་ཡིན་སྟབས། འགྱངས་རོའི་ཤོག་པའི་སེར་སྐྱའི་གཞུང་ནས་མགོན་པོའི་སྦྱིན་སྲེག་ཞུས་ཏེ་དངུལ་རྡོ་ཚད་སོགས་ཀྱི་དངོས་འབུལ་བཏེགས། བསེའི་ཤོག་པའི་སེར་སྐྱ་རྣམས་ནས་ཀྱང་འདོད་ཆོས་ཞུས་ཏེ་འབུལ་སྟོན་བཟབས། འདི་ཕྱོགས་ཀྱི་དགོན་སྒྲུབ་སྡེ་ཐམས་ཅད་ལ་མང་ཇ་ཉིན་འཁྱོངས་ཐོག་གང་འོས་ཀྱི་འགྱེད་ཐེབས་གནང་བ་ཡིན་གཤིས། འདིར་ཡང་ཤོག་པ་གཉིས་ཀར་མང་འགྱེད་བསྟབས། (ལྕགས་ཡོས། ཕྱི་ལོ་ ༡༨༩༡)
༣༧
ནམ་འཕེན་དང་དམེ་ཤུལ་གྱི་གྱོད་དོན་དུ་སྐུ་ཚབ་མངགས་ནས་འདོགས་ཆིངས་བཀའ་དྲིན་བསྐྱངས། (ལྕགས་ཡོས། ཕྱི་ལོ་ ༡༨༩༡)
༣༨
བླ་བྲང་མངའ་ཞབས་ཀྱི་དམག་ཆེན་རྔ་ཡུལ་དུ་བཏེགས་པས་རྩི་ནང་སྒར་ཟེར་བའི་ཇོ་ནང་གི་དགོན་པ་ཞིག་བཅོམ་སྟེ། ཕྱིར་ལམ་བྱམས་མེའི་སྟེང་དུ་འོངས་པ་མཛོད་དགེའི་ཤོག་པ་རྣམས་དང་གཡུལ་འགྱེད་ལ་ཁད་པའི་ཚེ། རྗེ་ཉིད་ཐུགས་མ་བདེ་བར་ནང་ཆེན་གཉེར་པ། གཞུང་གི་མི་སྣ། བསྟན་སྐྱོང་སོགས་གསུང་ཤོག་དང་བཅས་དམག་བཤོལ་དུ་མངགས་པ་ཁོ་རང་ཚོས་ཀྱང་དང་དུ་བླངས་ནས་ཡུལ་ཁམས་ཀུན་འཁྲུགས་རྩོད་ཞི་བའི་བདེ་སྐྱིད་ཀྱི་དཔལ་ལ་སྤྱོད་པ་བྱུང་། (ལྕགས་ཡོས། ཕྱི་ལོ་ ༡༨༩༡)
༣༩་་་་་་༤༠་་་་་་༤༡
ཞང་ངེ་ཚང་དང་། རྒྱ་ཏིས་ཀྱི་གྱོད་ལ་ཆིངས་མཛད་དེ་རྗེས་སོར་གཏམ་རྒྱུ་དང་། ཆག་ཝ་མ་དང་། གཅའ་ཚང་གི་གྱོད་ལའང་འདོགས་ཆིངས་གནང་། ཨ་འཁྱམས་དང་། ཀིརྟིའི་འབྲོག་པའི་ཁ་མཆུ་འདུམ་པར་མཛད། (ཆུ་འབྲུག ཕྱི་ལོ་ ༡༨༩༢)
༤༢
རྐ་ཆུ་ཁ་དང་ཧོར་སོ་ནག་གྱོད་ལ་ཐུག་སྟེ་མི་ཤ་མང་པོ་ཡོད་པ་ད་ལམ་ཅིས་ཀྱང་འདུམ་དགོས་ཚུལ་གྱི་ཡི་གེ་གནང་བ་ཧོར་དཔོན་པོས་གུས་པས་སྤྱི་བོར་བླངས་ཏེ་གཟུ་པ་རྣམས་ལ་དཀའ་ཚེགས་མེད་པར་རང་འགྲིགས་ལྟ་བུར་སོང་། (ཆུ་འབྲུག ཕྱི་ལོ་ ༡༨༩༢)
༤༣
ལྷ་སྡེ་ཉིན་མའི་མི་བཞི་མཛོད་དགེ་བྱམས་མེ་ནས་བསད་པའི་དོན་དུ་བླ་བྲང་དང་། མཛོད་དགེའི་ཤོག་པ་རྣམས་ཁ་མཆུར་འགྲོ་ཉེན་ཆེ་བ་ལ་སྐུ་ཚབ་མངགས་ཏེ་རེ་ཞིག་འདོགས་ཆིངས་དང་རྗེས་སོར་གཏམ་རྩིས་བྱས། (ཆུ་སྦྲུལ། ཕྱི་ལོ ༡༨༩༣)
༤༤
བར་མའི་གྱོད་མཇུག་བསྡུམས་པ་སོགས་ཁ་མཆུ་གང་ཡོད་ལ་འདུམ་ཆིངས་དང་། གསོད་ངེས་ཀྱི་ནག་ཅན་འགའ་ཞིག་བཙོན་ལས་འདོན་པ་སོགས་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པས་ཉམ་ཆུང་རྣམས་ཉེར་འཚེ་ལས་སྐྱོབ་པར་མཛད།(ཆུ་སྦྲུལ། ཕྱི་ལོ་ ༡༨༩༣)
༤༥
ཝ་ཆུ་ཁ་པ་དང་རྭ་སྣང་བའི་གྱོད་ལ་ཆིངས་མཛད། (ཆུ་སྦྲུལ། ཕྱི་ལོ་ ༡༨༩༣)
༤༦
རྡོ་ཐུག་ཁོག་པོ་དང་། ཚིས་ལུང་པ་སོགས་ཀྱི་གྱོད་དོན་ལ་སྐུ་ཚབ་མངགས་ཏེ་འདུམ་པར་མཛད། (ཆུ་སྦྲུལ། ཕྱི་ལོ་ ༡༨༩༣)
༤༧
བླ་བྲང་སྐུ་གཞོོགས་རིན་པོ་ཆེར་མཛོད་དགེའི་སྟོད་ཕྱོགས་དང་བླ་བྲང་གི་གྱོད་འགྲིགས་རྒྱུའི་དོན་ལ་ནང་ཉམས་ཀྱི་ཞུ་ཡིག་འབུལ་བསྐུར་གནང་། (ཆུ་སྦྲུལ། ཕྱི་ལོ་ ༡༨༩༣)
༤༨
ཧོར་སོ་ནག་དང་རྐ་ཆུ་ཁ་པའི་གྱོད་འགྲིགས་སྟབས། ཧོར་དཔོན་པོ་ཨ་དོ་ངོ་གཡོག་ཆེད་གཉེར་གྱིས་བཤགས་པ་འབུལ་བར་འོངས་ཏེ། དངུལ་རྡོ་ཚད། རྟ་ཆེན་བཅུ་གསུམ། ཕྲུག་འགའ་ཟུང་བཅས་ཕུལ་ཏེ་མཇལ་ཕྱག་ཞུས། ཆོས་འབྲེལ་ཞིག་དགོས་ཚུལ་ཞུས་པར། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་བསྩལ་ཅིང་དཔོན་འབངས་སོ་སོར་གནང་སྦྱིན་གྱིས་ཚིམ་པར་མཛད། ཧོར་དཔོན་འབངས་རྣམས་ནས་རྗེ་བླ་མའི་གསུང་བཤད་ཐོས་པས་དད་གུས་དང་དགའ་སྤྲོ་ཚད་ལས་འདས་པའི་ངང་ནས་སླར་ལོག (ཆུ་སྦྲུལ། ཕྱི་ལོ་ ༡༨༩༣)
༤༩
བླ་བྲང་སྐུ་གཞོགས་རིན་པོ་ཆེ་དང་། མཛོད་དགེ་དམེ་བོ་དཔོན་པོ་ནས་མཛོད་དགེ་ཤོག་བཅུ་གཉིས་དང་། བླ་བྲང་གི་གྱོད་དོན་ལ་ཕན་གྲོགས་གང་ནུས་དགོས་ཚུལ་གྱི་ཡི་གེ་ནན་ཅན་བྱུང་བར་བརྟེན། འདི་དུས་སྐུ་དབོན་ཆེ་བ་ཚང་ནས་གྱོད་གཏམ་རྒྱུའི་འགོ་ཚུགས། (ཆུ་སྦྲུལ། ཕྱི་ལོ་ ༡༨༩༣)
༥༠
སྐུ་དབོན་འཇིགས་མེད་ནས་སྔར་མཛོད་དགེའི་ཤོག་བཅུ་གཉིས་དང་། བླ་བྲང་བཀྲ་ཤིས་འཁྱིལ་གྱི་འཁྲུགས་ཆེན་ལ་གཟུ་བྱས་པ་འདུམ་འགྲིགས་ལེགས་པོ་བྱུང་བའི་གཟུ་ཡིག་ཕྱག་ཐམ་འབྱར་བ་བླ་བྲང་དུ་ལན་གྲུའུ་ཙོང་འདུ་དང་། ཟི་ལིང་ཨམ་བྷན་གཉིས་ཀྱི་སྐུ་ཚབ་རེ་གྱོད་དོན་དུ་ཡོང་ཡོད་པ་ལ་བསྐུར་བས། རྒྱ་དཔོན་གཉིས་ཤིན་ཏུ་མགུ་བའི་ཚུལ་གྱིས་ཐོང་ཤི་གཉིས་དང་བླ་བྲང་སྐུ་ཚབ་བཅས་འཚམས་ཞུར་མངགས་གདོང་། འཁྲུགས་པ་ཆེན་པོ་འདི་འདྲ་ཞི་བར་བྱས་པ་གོང་མའི་ཞབས་འདེགས་ཕུལ་ཕྱིན་ཡིན་ཚུལ་རིམ་བཞིན་གོང་དུ་སྙན་སྒྲོན་ངོས་བཀུར་བཟོས་གཟེངས་བསྟོད་ཀྱང་འོང་ངེས་ཡིན་ཚུལ་རྒྱ་བོད་ཀྱི་ཡི་གེ་ཤན་སྦྱར་མ་དང་། ཇ་འཁོར་སོགས་ཀྱི་རྟེན་བཅས་ཕུལ་བར་དེ་མཐུན་གྱི་ལན་གནང་། རྗེ་འཇམ་དབྱངས་བཞད་པ་རིན་པོ་ཆེར་འབུལ་རྒྱུའི་གཟུ་ཡིག་གི་མགོར། ཕན་བདེ་བླ་ན་མེད་པའི་འདོད་རྒུའི་ཆར། །འགྲོ་ལ་སྙོམས་པར་འབེབས་པའི་ཡིད་བཞིན་ནོར། །བླ་མ་མཆོག་གསུམ་སྲུང་མར་བཅས་པ་ཡིས། །བརྟན་གཡོ་ཀུན་ཁྱབ་བཀྲ་ཤིས་སྒོ་བརྒྱ་ཕྱེ། །ཞེས་པ་བཀའ་རྩོམ་གནང་སྟེ་འབྲིར་བཅུག་པ་གཟུ་མཇུག་བརྟན་པ་སོགས་དགོས་པ་ཁྱད་པར་ཅན་དུ་མའི་དབང་གིས་ཡིན་པར་མངོན། ད་ལྟ་གསུང་འབུམ་མང་པོ་སྤེལ་བའི་མཁས་པར་གྲགས་པ་རྣམས་ཀྱི་ཞལ་ནས་འདི་ལྟ་བུའི་ཚིགས་བཅད་རྨི་ལམ་དུའང་འབྱུང་བའི་རེ་བ་མ་མཆིས་མོད། རྗེ་བླ་མ་འདི་ཉིད་ཀྱི་བཀའ་རྩོམ་ཤླཽཀ་རེར་ཡང་གསན་སྦྱངས་མཐའ་ཆོད་པ་སྔོན་དུ་སོང་བའི་ཉམས་གསལ་བར་ཐོན་པ་གཟུར་གནས་མཁྱེན་སྤྱན་ཡངས་པ་རྣམས་ཀྱིས་དགོངས་པར་ཟད་དོ། (ཆུ་སྦྲུལ། ཕྱི་ལོ་ ༡༨༩༣)
༥༡
དམེ་རུ་ཉིན་དར་རྒྱས་ཀྱིས་ཞུས་ཏེ་སེར་སྐྱའི་ཁྲོམ་ཆེན་པོར་རྟ་མགྲིན་གསང་སྒྲུབ་ཀྱི་དབང་བསྩལ་པའི་མཇུག་ཏུའང་སྒུམ་པའི་དགོན་གསར་གྱི་དོན་ལ་འཐེན་འཁྱེར་མེད་པར་བསམ་པ་གྲུ་ནང་མའི་དཔེ་ལྟར་དགོས་ཚུལ་ནན་ཏན་གསུངས། (ཆུ་སྦྲུལ། ཕྱི་ལོ་ ༡༨༩༣)
༥༢
ཧོར་ཚང་སྔགས་མང་དང་། གནམ་ལའི་བོང་སྒར་ཐང་པའི་གྱོད་འདུམ་པར་མཛད། (ཆུ་སྦྲུལ། ཕྱི་ལོ་ ༡༨༩༣)
༥༣
འགྱངས་རོ་དང་། བསེ་ཚང་གི་གྱོད་ངན་དེའི་རྐྱེན་གྱིས་ཁ་གྱ་དགོན་གསར་རྙིང་གཉིས་སུ་ཕྱེ་སྐབས་རྒྱ་ནང་ནས་བཙོན་དུ་བཟུང་བའི་གཏེ་བོ་ནག་ཅན་བརྒྱད་ཙམ་ལན་གྲུའུ་དང་། ཡ་ཙི་ན་ཡོད་པ་ལ་འདི་དུས་གཟུ་བཞག་སྟེ། ཡ་ཙིའི་ཐེ་ཡེ་སོགས་རྒྱ་དཔོན་རྣམས་ལ་གསུང་ཤོག་བསྐུར་ནས་བཙོན་ལས་གྲོལ་བའི་བཀའ་དྲིན་བསྐྱངས། (ཆུ་སྦྲུལ། ཕྱི་ལོ་ ༡༨༩༣)
༥༤་་་་་་་་་༥༥
གཙོས་དང་ཨ་མཆོག་གི་གྱོད་དང་། རྗིས་ཚང་ལུང་པ་དང་། སྟག་ལུང་མདོ་པའི་གྱོད་རྣམས་སྐུ་ཚབ་མངགས་ཏེ་འདུམ་པར་མཛད། (ཆུ་སྦྲུལ། ཕྱི་ལོ་ ༡༨༩༣)
༥༦
ལོ་བ་དང་། གྱི་ལིང་གི་གྱོད་དོན་ལ་སྐུ་ཚབ་མངགས་ཏེ་འདུམ་པར་མཛད། (ཆུ་སྦྲུལ། ཕྱི་ལོ་ ༡༨༩༣)
༥༧
བླ་རི་མགུལ་པ་དང་། མཛོད་དགེ་ཉིན་མའི་གྱོད་ལ་གཟུ་བཞག་སྟེ་འདུམ་པར་མཛད། (ཤིང་རྟ། ཕྱི་ལོ་ ༡༨༩༤)
༥༨
ཀུན་མཁྱེན་མཆོག་ནས། སྔ་སོར་ཕྱག་མཛོད་ཆེ་བ་ཚང་ནས་བླ་བྲང་དང་མཛོད་དགེའི་ཤོག་གི་ཁ་མཆུའི་གཟུ་བྱས་པ་བཀའ་དྲིན་ཆེ་ཞིང་། ད་དུང་ཡང་རྔ་པའི་ཕྱོགས་སོགས་ལ་ཁ་མཆུ་མང་པོ་འདུག་པ་འདི་དག་འགྲིག་ཐབས་ཀྱི་ཁུར་ལེན་གནང་རྒྱུ་ཁོང་དཔོན་གཡོག་ནས་ཐུགས་ལ་འཛིན་དགོས་ཞེས་བླ་བྲང་གི་ལས་དོན་ཐམས་ཅད་བཅོལ་དམ་གནང་བར་སྐུ་དབོན་འཇིགས་མེད་ཚང་ནས། རང་ལ་ནུས་པ་ཅི་ཡོད་ཀྱིས་ཁོང་གི་ཞབས་འདེགས་སུ་འགྱུར་ངེས་བསྒྲུབ་རྒྱུའི་ཁས་ལེན་ཞུས། ཀུན་གཟིགས་མཆོག་ནས་ཚེ་དཔག་མེད་ཀྱི་སྐུ་བརྙན། ལྷ་དར་ཆེ་ལེགས། དངུལ་རྡོ་ཚད། གོས་ཆེན་སེར་པོ། ཆིབས་ཆེན་སོགས་གནང་སྟེ་བརྟན་བཞུགས་ཀྱི་གསུང་ནན་ཕེབས་ཤིང་། སྐུ་དབོན་ཆེ་ཆུང་སོགས་ལ་གནང་སྦྱིན་སྤམ་མཐོ་བ་བསྟར། ཕྱིར་ཕེབས་དུས་ཀུན་གཟིགས་མཆོག་གཟིམ་གུར་སྒོར་སྐྱེལ་ཐུང་ལ་བྱོན། (ཤིང་རྟ། ཕྱི་ལོ་ ༡༨༩༤)
༥༩་་་་་་་༦༠
རྨེའུ་ཚང་དང་། མཁར་སར་གྱི་གྱོད་དོན་དང་། ཨ་འདུས་དང་ཞང་ངེ་ཚང་གི་གྱོད་དོན་སོགས་ཕྱོགས་དེར་ཁ་མཆུ་གང་ཡོད་ཐམས་ཅད་ལ་གཟུ་ཆིངས་མཛད་པས་འགྱངས་མིན་འདུམ་འགྲིགས་ལེགས་ངེས་བྱུང་། (ཤིང་ལུག ཕྱི་ལོ་ ༡༨༩༥)
༦༡
རྨེའུ་ཚང་དང་རྫོང་འགག་གི་གྱོད་དོན་ལ་གཟུ་འཇོག་རྒྱུའི་བཀའ་གནང་ལྟར་གཟུ་ཐོག་ཏུ་འོངས་པའི་རྫོང་འགག་གི་མི་ཆེན་རྣམས་དང་། རྒྱལ་ས་ནས་འཚམས་ཞུ་འབུལ་བར་མངགས་པ་རྣམས་ལ་མཇལ་ཁ་གནང་། སོ་སོར་ཐུགས་བརྟག་དང་། འཚམས་ཞུའི་ལན། རྣམ་ཀུན་ཐུགས་ནས་མི་འདོར་བའི་ཞལ་བཞེས་བཅས་བསྩལ། རྨེའུ་རྒྱལ་སྲས་ཀྱང་དེར་འོངས་པ་ལ་གཟུ་འགྲིག་འདུམ་ལེགས་པོ་དགོས་ཚུལ་གྱི་གསུང་ནན་གནང་། (མེ་སྤྲེལ། ཕྱི་ལོ་ ༡༨༩༦)
༦༢
རྨེའུ་ཚང་དང་རྡོར་ཞར་གྱི་གྱོད་དོན་ལ་གཟུ་འཇོག་པའི་ཆེད་དུ་ཨ་མཆོག་སྤྲུལ་སྐུ་རིན་པོ་ཆེ་ཕེབས་དགོས་ཚུལ་བཀའ་གནང་བཞིན་སྤྲུལ་པའི་སྐུ་རིན་པོ་ཆེ་ཡང་ཕེབས་ཏེ་གཟུ་འཇོག་རྩིས་གནང་བ་སྡིག་ཅན་འགས་ཉན་དུ་མ་བཏུབ་པས། རེ་ཞིག་འཐབ་འཛིང་བྱས་མི་ཆོག་ཚུལ་གྱི་ཆིངས་མཛད་པ་ཀུན་གྱིས་དང་དུ་བླངས། རྗེས་སོར་དེའི་མུ་ནས་འགྲིགས་འདུམ་ལེགས་པོ་བྱུང་བ་ཡང་རྗེ་བླ་མ་འདི་ཉིད་ཀྱི་བྱིན་མཐུར་གླེང་། (མེ་སྤྲེལ། ཕྱི་ལོ་ ༡༨༩༦)
༦༣
གཙོས་དང་ཙ་ཡུའི་གྱོད་ཆེན་འགྲིགས་འདུམ་དགོས་ཚུལ་གྱི་བཀའ་ནན་གནང་བ་སོ་སོས་དང་དུ་བླངས་བྱུང་བར་དེ་མཐུན་གྱི་གཟུ་འཇོག་རྒྱུའི་བཀོད་ཁྱབ་བསྩལ། (མེ་བྱ། ཕྱི་ལོ་ ༡༨༩༧)
༦༤
ཚེས་བཅུའི་ཉིན་སྒར་བཏེགས་ཏེ་མཛོད་དགེ་སྨད་དུ་ཕེབས། ཁ་གྱའི་ནང་གྱོད་ཀྱི་དོན་ལ་གཟུ་འཇོག་རྒྱུའི་བཀོད་ཁྱབ་བསྩལ། དབལ་མང་པཎྜིཏ་ཆེན་པོ་དཀོན་མཆོག་རྒྱལ་མཚན་པའི་ཡང་སྤྲུལ་མཇལ་དུ་ཕེབས་པར་གང་ཅིའི་གསུང་གླེང་དམར། དམེ་དཔོན་ཚང་དང་། ཁྲ་ཚང་རི་ཁྲོད་སོགས་སུ་བཞུགས་ཞག་མཛད་ཐོག་འདོད་ཆོས་དུ་མ་བསྩལ་ཏེ་མཛོད་དགེའི་སྒར་རྙིང་དུ་བྱོན། སྔ་མོ་ནས་འདིའི་སྒར་མགོའི་དོན་ལ་བཤད་གླེང་མང་བར་མ་ཟད། ཏཱ་དཔོན་ཆེ་བར་ཆག་སྒོ་བྱུང་དུས་དེའི་དབོན་པོས་སྒར་མགོ་བླ་བྲང་ལ་བཏགས་པའི་རྐྱེན་གྱིས་སྐབས་འདིར་ཡང་འཁྲུགས་ཟིང་ཆེ་བའི་གཞི་བརྩམས་འདུག་པར་གང་ཕན་གྱི་བསླབ་བྱ་དང་བཅས་གཟུ་འཇོག་རྒྱུའི་བཀོད་ཁྱབ་གནང་རུང་སྐབས་དེར་འགྲིག་ཐབས་མ་བྱུང་། འོན་ཀྱང་ཕན་ཚུན་ཀུན་ཏུ་དྲུག་ཅུ་པ་དང་། མགོན་པོའི་སྦྱིན་སྲེག་སོགས་རིམ་གྲོ་འགའ་ཞིག་གནང་བས་ཕྱིས་འཐབ་རྩོད་མེད་པར་བདེ་འཇགས་བྱུང་བའང་རྗེ་བླ་མ་འདི་ཉིད་ཀྱི་བྱིན་མཐུར་ཀུན་གྱིས་གླེང་། གྲྭ་མང་ནང་གཉིས་སུ་གྱེས་པའི་འཁྲུགས་ཟིང་གི་སྟབས། ཆོ་འཕྲུལ་སྨོན་ལམ་འཛུགས་མ་ནུས་པ་འདི་དུས་གསར་དུ་ཚུགས་པའི་གསུང་ཆོས་ལ་གདན་དྲངས་པ་ལྟར་ཕེབས་ཏེ། བྱིན་རླབས་སྤུངས་ཞུས་ཀྱི་སྟེང་ནས་ལམ་ཡོངས་རྫོགས་ཀྱི་གནད་འདྲིལ་བའི་གསུང་བཤད་ངོ་མཚར་བ་གནང་བའི་མཇུག་ཏུ། དགོན་འདི་བདག་ལ་འབྲེལ་ཤིན་ཏུ་ཆེ་བའི་སློབ་མའི་གཙོ་བོ་ལྟ་བུ་ཡིན་ཡང་སྤྱི་མཐུན་གྱི་ལས་དབང་ཞིག་གིས་ཡིན་ནམ། སྔ་ཕྱིར་འཁྲུགས་ལོང་ཆེ་བ་ཞིག་གི་རྩ་བར་སོང་སྟེ་ཁ་མཆུ་དང་བཤད་གླེང་མང་སྐད་མ་གཏོགས། བཤད་སྒྲུབ་སོགས་ལེགས་ལམ་གྱི་བྱ་བ་བྱས་ཚུལ་ཐོས་རྒྱུ་མི་འདུག སངས་རྒྱས་ཀྱི་བསྟན་པ་དེ་གང་ཟག་ཅིག་གི་རྒྱུད་དུ་འཇོག་དགོས་པས་གྲྭ་པ་རྣམས་ཀྱིས་མཚོན་ཆ་བཟུང་སྟེ་རང་རྒྱུད་ཀྱི་བསླབ་པ་ལ་རྨ་བྱུང་ན་རང་གི་འདུན་མ་གཏན་ཉེས་སུ་འགྱུར་བར་མ་ཟད། སངས་རྒྱས་ཀྱི་བསྟན་པ་ལ་དེ་ལས་ལྷག་པའི་གནོད་འགལ་ཆེ་བ་བྱེད་ལུགས་མེད་པས་སླན་ཆད་ཁས་བླངས་པའི་བཅའ་ཁྲིམས་ལ་གཅེས་སྤྲས་ཆེན་པོས་རྐྱེན་ཅི་ལ་ཐུག་ཀྱང་བག་ཡོད་ཚུལ་མཐུན་ལས་མི་འདའ་བ་དགོས་ཚུལ། ཁོང་ཁྲིམས་ལྡན་རྣམས་ནས་འཁྲུགས་ལོང་འདི་རིགས་ཞི་ཆེད་མཆོག་གསུམ་རིན་པོ་ཆེར་གསོལ་འདེབས་དང་། ཆོས་སྲུང་ལ་འཕྲིན་ལས་བཅོལ་བ་སོགས་ཞབས་རིམ་ལ་འབད་ན་དགའ་མོ་ཡོང་ངེས་ཡིན་ཚུལ་གྱི་ཞལ་གདམས་བསྩལ། དགོན་པར་འོད་ཟེར་ཅན་མ་དང་ལྷ་མོའི་རྗེས་གནང་ལྗགས་ལུང་ཁ་ཤས་བཅས་བསྩལ་ཅིང་སྐུ་རིམ་འགའ་ཞིག་གསུངས། (མེ་བྱ། ཕྱི་ལོ་ ༡༨༩༧)
༦༥
ཀིརྟི་དང་ས་བར་གཉིས་ལ་ཁ་མཆུ་འཁྲུགས་ཟིང་ཆེ་བ་ཐུགས་ཀྱིས་མ་བཟོད་པར་འཛུར་ཁའི་དཔོན་པོ། ཁང་རྒན་བླ་མ་ལ་ཁྱེད་མྱུར་དུ་ཕེབས་ནས་གྱོད་འདི་ལ་གཟུ་བྱེད་དགོས་ཚུལ་གྱི་གསུང་ཤོག་ནན་ཏན་གནང་བ་བཞིན། ཁང་རྒན་བླ་མ་སོགས་གཟུ་པ་འགའ་ཞིག་འདུས་ནས་རྗེ་ཉིད་ལ་གསོལ་འདེབས་བྱེད་བཞིན་དུ་གཟུ་འཕངས་པས་འགྲིགས་འདུམ་ལེགས་པོ་བྱུང་། (མེ་བྱ། ཕྱི་ལོ་ ༡༨༩༧)
༦༦
མཛོད་དགེའི་རུ་ཐོག་ཏུ་བཞུགས་ཞག་སྐབས་མཛོད་དགེ་དམེ་བོ་དང་གཙོས་སྒར་ལུང་གི་གྱོད་དོན་ལ་འདོགས་ཆིངས་བྱེད་དགོས་ཚུལ་གྱི་བཀའ་གནང་བར་ཕན་ཚུན་གཉིས་ཀར་མི་མོས་པ་ཤིན་ཏུ་མང་ཡང་རྗེ་ཉིད་ནས་རྟ་མགྲིན་གཏོར་བཟློག་ཅིག་མཛད་པས་ཕན་ཚུན་དཔོན་འབངས་ཐམས་ཅད་ཀྱི་སྡང་ཤུགས་ཞི་སྟེ་རྗེ་ཉིད་ཀྱི་བཀའ་དང་ལེན་བྱས་པས་ས་ཕག་གཉིས་པའི་བར་འདོགས་ཆིངས་མཛད་དེ་མཛོད་དགེ་སྒར་རྙིང་གི་གྲྭ་པ་གཞན་དུ་འཐོར་བ་རྣམས་ཕྱིར་འཚོགས་དགོས་ཚུལ་གྱི་བཀའ་གནང་། (ས་ཁྱི། ཕྱི་ལོ་ ༡༨༩༨)
༦༧
གཟའ་རུར་ཕེབས་ནས་དེར་ནང་གྱོད་ཆེན་པོ་ཞིག་བྱུང་སྟེ་མི་མང་པོ་བསད་འདུག་པ་ཕན་ཚུན་ཀུན་ལ་འགྲིགས་འདུམ་དགོས་ཚུལ་གྱི་བཀའ་གནང་བ་སོ་སོས་དང་དུ་བླངས་པས་སྐུ་ཚབ་མངགས་ཏེ་གཟུ་བཏང་བས་འགྲིགས་འདུམ་ལེགས་པོ་བྱུང་། (ས་ཕག ཕྱི་ལོ་ ༡༨༩༩)
༦༨་་་་་་་་་་༦༩
ཚོང་རུར་ནང་གྱོད་ཆེན་པོ་ཞིག་ཡོད་པར་འགྲིགས་འདུམ་དགོས་ཚུལ་གྱི་གསུང་ནན་ཕེབས་པ་ཐམས་ཅད་ཀྱིས་དང་དུ་བླངས་པས་འགྲིགས་འདུམ་བྱུང་ཞིང་། ཚོང་རུ་དང་པགས་པ་གཉིས་ཐུག་སྟེ་མི་མང་ཤི་བ་ཐུགས་ཀྱིས་མ་བཟོད་པར་ཕན་ཚུན་གཉིས་ཀར་རྗེས་བརྩེའི་ཞལ་ཏ་གནང་བ་ཕན་ཚུན་ཀུན་གྱིས་དང་ལེན་བྱས་པས་སྐུ་ཚབ་མངགས་ཏེ་འདུམ་པར་མཛད། (ས་ཕག ཕྱི་ལོ་ ༡༨༩༩)
༧༠་་་་་་་་་་༧༡
ཏཱ་མོ་སྒང་ཤི་དང་། ཆག་སྒོ་ཉིན་སྲིབ་གཉིས་ཐུག་སྟེ་མི་མང་བསད་པ་དང་། རྒྱ་ཐེམ་དང་ཡ་རུ་མ་རུ་གཉིས་ཐུག་སྟེ་མི་མང་བསད་པ་སོགས་ཡས་མས་ཀྱི་གྱོད་ཆེན་དུ་མ་ལ་བཀའ་གནང་སྟེ་སྐུ་ཚབ་རེ་མངགས་པས་འགྲིགས་འདུམ་ལེགས་པོ་བྱུང་། ཐེ་བོ་ཕྱོགས་ཀྱི་མི་རྣམས་ཤིན་ཏུ་དམུ་རྒོད་པར་འདུག་པ་ལྷན་སྐྱེས་སུ་འགྲོགས་པ་ལྟ་བུས་འཁྲུགས་ལོང་མེད་པའི་དུས་ཆེར་མི་སྲིད་པ་ལྟ་བུ་ཞིག་ཡིན་ཡང་འདི་དུས་རྗེ་བླ་མ་ཐུགས་རྗེའི་གཏེར་ཆེན་འདི་ཉིད་ཀྱི་བཀའ་དྲིན་ལས་ཕན་ཚུན་གྱི་སྡང་ཤུགས་ཞི་བར་བྱིན་གྱིས་བརླབས་ཏེ་ཁ་མཆུ་རྣམས་འདུམ་པར་མཛད་པ་ནི། རྟོགས་བརྗོད་ཡལ་འདབ་དྲུག་པ་ལས། གང་དག་མཐོང་བས་ཞེ་སྡང་དུག་གི་ནི། །ཚ་བ་རབ་ཏུ་ཞི་བ་ཉིད་འགྱུར་ཞིང་། །བདུད་རྩིའི་རོ་བསིལ་སྐྱེ་བོ་དམ་པ་ཡི། །ཟླ་བ་དེ་དག་སུ་ཡི་ཕྱག་འོས་མིན། །ཞེས་གསུངས་པ་ལྟར་རོ། བཀའ་ལས་ཁ་མཆུ་མང་པོ་འགྲིགས་པའང་དོན་ཆེན་པོ་འགྲུབ་པ་ཡིན་པས་སེམས་དགའ་གསུངས་པ་དགོངས་གཞི་ཟབ་པར་མངོན། (ས་ཕག ཕྱི་ལོ་ ༡༨༩༩)
༧༢
འབྲིང་ཁོག་ཏུ་བྱོན། སྔར་ཀིརྟི་དང་འབྲིང་བ་གཉིས་ལ་ནང་མ་འཆམ་པ་ཅུང་ཟད་ཡོད་ཀྱང་རྗེ་ཉིད་ཕེབས་འཕྲལ་ཐམས་ཅད་ཀྱི་སྡང་སེམས་རང་ཞིར་སོང་སྟེ། ཕུག་ཟླུམ་འགོ་པ་སོགས་དཔོན་འབངས་ཐམས་ཅད་ནས་དེང་ཕྱིན་ཆད་འདི་ཕྱིའི་རེ་ས་ཁོང་གཅིག་པུ་ལས་མེད་པས་ངེད་ཚོ་ཐམས་ཅད་ཀྱིས་མགོ་བཏགས་ལུས་འབུལ་བྱས་ཏེ་རྗེ་ཉིད་ཀྱི་ལྷ་འབངས་བྱེད་ངེས་ཡིན་པས་འདི་ཕྱི་ཀུན་ཏུ་ཐུགས་ལ་འདོགས་དགོས་ཚུལ་ཞུས་པར་རྗེས་འཛིན་གྱི་བཀའ་ལན་དང་། ལུང་བཟང་རི་ཁྲོད་དུ་ཞག་གཉིས་བཞུགས་ཏེ་འདོད་ཆོས་བསྩལ། (ས་ཕག ཕྱི་ལོ་ ༡༨༩༩)
༧༣
སྐུ་དབོན་ཆེ་བ་ཚང་སྔར་ནས་ཚ་ཁོར་སོང་བ་ཡུན་རིང་འགོར་སྟབས། འདི་ལ་ཡོང་མི་ཐུབ་པའི་རྐྱེན་ཞིག་བྱུང་ཡོད་པ་འདྲ་གསུངས་ནས། སྐུ་དབོན་ཆུང་བ་ཚ་ཁོར་མངགས། ཉིན་འགའི་འཕྲོར་ཀིརྟིའི་འབྲོག་པ་དང་ཚ་རུ་མ་གཉིས་ཁ་མཆུར་ཐུག་སྟེ་མི་རྟ་འགའ་ཞིག་གྲོན་སོང་བའི་གནས་ཚུལ་གསན་འཕྲལ་མགོན་ཁང་སོ་སོར་སྙན་ཤལ་དང་མཆོད་མེ་ཕུལ་ཏེ་སྐྱབས་འཇུག་དང་འཕྲིན་བཅོལ་ཞུ་བ་གནང་། མཆོག་རྩེ་གསེར་ཁྲི་རིན་པོ་ཆེའི་མདུན་དུ་ཁོང་ནས་ཕྱག་མཛོད་མངགས་ཏེ། གྱོད་འདི་མྱུར་བར་བཤད་གཏམ་ཞིག་གི་སྟེང་དུ་འགྲོ་བའི་ཁུར་བཞེས་གནང་དགོས་ཚུལ་གྱི་ཡི་གེ་ཆོས་འབྲེལ་ལ་བཀར་བའི་གསུང་ནན་བཅས་བསྐུར་གནང་མཛད། ཆིང་ཝང་གི་སྡེ་དང་། བཤད་སྒྲུབ་བསྟན་པའི་མཛེས་རྒྱན་རོང་པོའི་ཤར་རིན་པོ་ཆེ་ནས་གདན་འདྲེན་ཞུ་མཁན་གྱི་མི་སྣ་འབྱོར་བར་མི་འགྱངས་པར་ཕེབས་རྒྱུའི་ཞལ་བཞེས་བསྩལ། ཟམ་ཚ། ལྷ་སྡེ་ཉིན་མ། སོག་ཚང་རུ་པ་སོགས་ནས་སྦྱིན་བདག་འགས་གདན་དྲངས་པར་བསྐྱོད་དེ་འདོད་ཆོས་བསྩལ། རྨ་ཆུ་ཁར་ཕེབས་ཏེ་རེ་ཞིག་བཞུགས་རྩིས་མཛད། ཚ་རུ་མའི་ཁ་མཆུ་འགྲིགས་འདུམ་མ་བྱུང་བའི་ཁར་ཅུང་ཟད་ཇེ་ཆེ་ལྟ་བུར་སོང་བས་སྟོད་ཕྱོགས་ཀྱི་ལྷ་སྡེ་རྣམས་དམག་ལ་འགྲོ་དགོས་བྱུང་བ་གསན་འཕྲལ་ཐུགས་ཁྲལ་མཛད་དྲགས་པས་གསོལ་བཞེས་མི་འཕྲོད་པ་ལྟ་བུའི་སྐུ་བསྙུན་ཞིག་ཀྱང་བཞེས་བྱུང་བས། དྲུང་འཁོར་རྣམས་ཤིན་ཏུ་སྐྲག་སྟེ་ཅི་དྲག་ལ་ཐུག བཀའ་འགྱུར་སོགས་ཞབས་བརྟན་འགའ་རེ་ཡང་བསྒྲུབས། རྗེ་ཉིད་དང་དྲུང་འཁོར་རགས་བསྡུས་བཅས་ནས་ཚ་རོང་གི་ཁ་མཆུ་ཞི་ཕྱིར་སྒྲོལ་མའི་མཎྜལ་བཞི་པ་ཉིན་གསུམ་དང་། སེང་གདོང་གཏོར་བཟློག་ཉིན་གསུམ་གྱི་རིང་གསུངས། ཕྱོགས་ནས་མཇལ་ཕྱག་ཞུ་བར་ཕེབས་པའི་སྐྱེས་ཆེན་དམ་པ་འགའ་ཞིག་ལ། ཁ་མཆུ་དེ་འགྲིག་ཕྱིར་ཁྱེད་རྣམས་ནས་སྐྱབས་འཕྲིན་ནན་ཏན་རེ་གནང་དགོས། མཆོག་གསུམ་ལ་གསོལ་བ་སུས་བཏབ་ཀྱང་ཁྱད་ཅི་ཡོད་གསུངས། གདན་སར་ཕེབས་ནས་བཅད་རྒྱ་མཛད། ཁ་མཆུ་དེ་འདུམ་ཕྱིར་མཆོག་གསུམ་དམ་ཅན་རྒྱ་མཚོའི་ཚོགས་ཀྱི་ཐུགས་དམ་བསྐུལ་བ་དང་། བདག་གཞན་མཉམ་བརྗེ་དང་། བཟོད་པ་གསུམ་གྱི་ཉམས་བཞེས་རྒྱུན་རིང་མཛད། དབོན་པོ་མི་རྩ་སོགས་ལ་ཁ་མཆུ་འགྲིགས་འདུམ་དགོས་ཚུལ་དང་། མཁར་དགུ་ཚང་ལའང་དེ་མཐུན་གྱི་ཡི་གེ མཆོག་རྩེའི་རྒྱལ་སར་གྱོད་འདི་གཏན་འགྲིག་བྱུང་ན་ལེགས། མིན་ཀྱང་ངེད་རང་ལོ་རྗེས་མར་ཡར་ཡོང་རྒྱུ་ཡིན་པས་དེའི་བར་འདོགས་ཆིངས་བྱེད་དགོས་ཚུལ་གྱི་ཡི་གེ་སྤྲིངས། བཀའ་ལས། རྗེས་སོར་རང་ཅག་ཡར་སོང་དུས་ཕམ་ཁ་རང་གིས་བླངས་ན་གྱོད་མི་འགྲིགས་ཐབས་མེད་ཡིན་གསུངས་པ་ད་ལྟའི་བླ་ཆེན་ཕལ་མོ་ཆེའི་ངང་ཚུལ་ལས་ཁྱད་པར་དོད་པ་ཞིག་གོ། (ས་ཕག ཕྱི་ལོ་ ༡༨༩༩)
༧༤་་་་་་་༧༥་་་་་་་་༧༦
བཅུ་གཅིག་ལ་སྒར་བཏེགས། ཟམ་ཚ། བླ་རི་མགུལ། ཤིས་ཚང་སྒར་གསར། རྗིས་ཚང་སོགས་སུ་འདོད་ཆོས་སྣ་ཚོགས་སྩོལ་བཞིན་ཨ་མཆོག་ཆུ་རྒྱུད་དུ་ཕེབས། ནང་འཁྲུགས་འགའ་ཞིག་ཡོད་པ་འགྲིག་དགོས་ཚུལ་གྱི་བཀའ་གནང་དང་དུ་བླངས་ཏེ་ཕན་ཚུན་མཐུན་པ་བྱུང་། ཨ་ལ་དང་། རྣམ་འཕེན་གཉིས་ཀྱི་གྱོད་དོན་ལ་རེ་ཞིག་འདོགས་ཆིངས་དང་། རིམ་གྱིས་གཏན་འགྲིགས་དགོས་ཚུལ་གསུངས་པ་དང་དུ་བླངས། གསོད་ངེས་ཀྱི་བཙོན་མི་ཞིག་ཡོད་པ་སྲོག་གི་འཇིགས་པ་ལས་བསྐྱབས་ཏེ་རང་ཡུལ་དུ་མངགས། བདེ་ཐང་དང་ཨ་མཆོག་ཆུ་རྒྱུད་ཀྱི་གྱོད་དོན་ལ་རེ་ཞིག་འདོགས་ཆིངས་མཛད་པ་སོགས་གཡུལ་འཁྲུགས་ཀྱིས་ཉེན་པ་རྣམས་ལ་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པས་ཉམ་ཐག་རྣམས་བདེ་བའི་དབུགས་དབྱུང་བར་མཛད། (ལྕགས་བྱི། ཕྱི་ལོ་ ༡༩༠༠)
༧༧
གནམ་ལ་དང་ཧོར་ཚང་གི་གྱོད་ལ་འདོགས་ཆིངས་མཛད། (ལྕགས་བྱི། ཕྱི་ལོ་ ༡༩༠༠)
༧༨
གཙོས་ཙ་ཡུ་གཉིས་ཀྱི་གྱོད་དོན་ལ་རེ་ཞིག་འདོགས་ཆིངས་དང་། རིམ་གྱིས་གཏན་འགྲིག་དགོས་ཚུལ་གསུངས་པ་དང་དུ་བླངས། (ལྕགས་བྱི། ཕྱི་ལོ་ ༡༩༠༠)
༧༩
སྔ་མོར་རོང་པོའི་དགོན་ཆེན་དུ་བླ་གྲྭ་ཐུགས་མི་མཐུན་པའི་འཁྲུགས་ཟིང་ཆེ་ངེས་ཤིག་བྱུང་བ་སླར་གཏན་འགྲིག་དགོས་ཚུལ་གྱི་བཀའ་ནན་ནང་ཉམས་ལུགས་སུ་བསྩལ། (ལྕགས་བྱི། ཕྱི་ལོ་ ༡༩༠༠)
༨༠
དེ་སྐབས་སོག་པོར་ནང་མི་མཐུན་པ་ཅུང་ཟད་ཡོད་པ་གསན་འཕྲལ་ཐབས་མཁས་ཀྱི་གསུང་གིས་འདུམ་པར་མཛད། (ལྕགས་བྱི། ཕྱི་ལོ་ ༡༩༠༠)
༨༡
རྐ་ཆུ་ཁ་པ་དང་ལྷ་སྡེ་ཉིན་མའི་གྱོད་དོན་དུ་བླ་བྲང་སྐུ་གཞོགས་ལ་མྱུར་འགྲིག་གི་ཐབས་སུ་གསུང་ནན་དགོས་ཚུལ་གྱི་ཕྱག་ཡིག་ཕུལ་བར་བླ་བྲང་ནས་ཀྱང་དེ་མཐུན་བཀའ་བཙན་བརྗིད་ཅན་གནང་སྟེ་འགྲིག་འདུམ་ལེགས་པོ་བྱུང་། (ལྕགས་བྱི། ཕྱི་ལོ་ ༡༩༠༠)
༨༢
ལོ་སྔ་མར་ཀིརྟི་མ་དང་ཚ་རུ་མའི་ཁ་མཆུའི་སྐབས་གཅའ་ཚང་གི་མི་རྟ་འགའ་རེ་ཡང་བསད་པས་གཟུ་འགྲིག་དཀའ་བ་བྱུང་སྐབས་ཉིད་ནས་གྱོད་མྱུར་འགྲིག་དགོས་ཚུལ། མི་ཤི་སོགས་ཐུགས་ལ་བཟུང་ནས་རྗེས་སོར་མི་ཁྱིམ་སོ་སོ་ནས་སྦྱངས་ཆོག་སོགས་གནང་རྒྱུ་དང་། སྡེ་པ་ལ་ཡང་དབང་བཀའ་རེ་གནང་རྒྱུའི་ཞལ་བཞེས་ཡོད་པ་བཞིན། སྡེ་གཞུང་ལ་ཐུགས་རྗེ་ཆེན་པོའི་དབང་དང་། ཁྱིམ་སོ་སོར་འདོད་ཆོས་བསྩལ། (ལྕགས་བྱི། ཕྱི་ལོ་ ༡༩༠༠)
༨༣
མཆོག་རྩེ་ཚང་ནས་སྔར་ཀིརྟིའི་རོང་འབྲོག་དང་ཚ་རུ་མའི་གྱོད་དོན་ལ་གཟུ་བཞག་པ་ད་ལམ་ཅིས་ཀྱང་འཕྲོ་དག་རྗེས་གཙང་གིས་བཟླུམ་དགོས་ཚུལ་གསུང་ནན་ཕེབས་པ་ལྟར་འདུམ་འགྲིག་ལེགས་པར་བྱས། (ལྕགས་བྱི། ཕྱི་ལོ་ ༡༩༠༠)
༨༤
ལོ་འདིའི་སྟོན་མཇུག་དོན་ཆུང་ངུ་ཞིག་ལ་བསྙད་ནས་ཟུང་འཕན་གྱི་རྒྱ་དམག་རྨེའུ་ཚང་གི་སྟེང་དུ་འོངས་པ་ཉེ་བར་མ་སླེབས་བར་མ་ཤེས་ཀྱང་། ཤེས་འཕྲལ་དམག་བསྡུས་ཏེ་འཐབ་པས་དམག་མི་བཞི་བཅུ་སྐོར་ལྔ་ལམ་དུ་བཏང་ཡང་ཚུར་ཉེས་སྐྱོན་མ་བྱུང་། དེ་སྐབས་བསྟན་པའི་སྦྱིན་བདག་རྨེའུ་རྒྱལ་པོ་རང་ནས་བདག་ཅག་ལ་རྗེ་ཉིད་མ་གཏོགས་རེ་ས་མེད་པས་ཁ་མཆུ་མྱུར་དུ་འགྲིག་འཕྲོད་འབྱུང་བ་དང་། རང་ཕྱོགས་ལ་ཉེས་སྐྱོན་མི་འོང་བ་དང་། གང་ཅིར་རིམ་གྲོ་རེ་དགོས་ནའང་ཐུགས་ལ་འཛིན་དགོས་ཚུལ་ཞུས་དོན་བཞིན། ཚེས་གསུམ་ལ་རྨེའུ་རྒྱལ་ཁང་དུ་ཕེབས་ནས་ཚངས་པའི་གཤེགས་གཏོར་དྲུག་ཅུ་པ་བཞི་བསྔོས་གདུགས་དཀར་བཟློག་ཆེན་མཎྜལ་བཞི་པ་རྣམས་ཉིན་འགའ་ལ་གསུངས་ཤིང་ཚེ་དབང་ཡང་བསྩལ་ཏེ་སླར་དགོན་པར་ཕེབས། སྔར་ཡང་རྗེ་ཉིད་ཀྱི་ཐུགས་ལ་བཟུང་བའི་མཐུས་རྒྱ་དམག་གིས་ལམ་མི་མཐོང་བ་སོགས་ཆོ་འཕྲུལ་འགའ་རེ་ཡང་བྱུང་ཞིང་གཡུལ་ལོག་པའི་འཇིགས་སྐྲག་གིས་མྱུར་བར་རང་ཡུལ་དུ་ལྡོག་དགོས་པ་བྱུང་བས་རྒྱལ་བློན་འབངས་བཅས་དང་སྔར་མི་དད་པའི་བོན་པོ་རྣམས་ཀྱིས་ཀྱང་བླ་མའི་བྱིན་མཐུར་ཡིད་ཆེས་ཀྱི་ངེས་པ་རྙེད་དེ་བསྔགས་པ་བརྗོད་པས་དུས་འདའ་བར་གྱུར། གདན་སའི་གྲྭ་པ་རེ་གཉིས་མ་དགོན་དུ་འོང་བའི་ལམ་ནས་རྒྱ་དམག་གིས་བཟུང་བར། དེ་འཕྲལ་རྒྱ་དམག་རྣམས་ནང་འཁྲུགས་ཏེ་མི་རྟ་རེ་ཡང་ཤི་བའི་རྐྱེན་བྱས་འཐེན་འཁྱེར་སྣ་ཚོགས་བྱུང་སྟེ་འཛིན་རྒྱུས་མ་སོང་བ་ཡང་ཆོས་སྐྱོང་གི་འཕྲུལ་དུ་གླེང་། (ལྕགས་གླང་། ཕྱི་ལོ་ ༡༩༠༡)
༨༥
ཚེས་ལྔ་ལ་སྒར་བཏེགས་ཏེ་རྨེའུ་རུ་མར་ཕེབས། རྨེའུ་རྒྱལ་པོ་ནས་རྨེའུ་ཚང་དང་རྒྱའི་གྱོད་མྱུར་དུ་འདུམ་པའི་སྐྱབས་ཞུ་ནན་ཆེར་བགྱིས་པར། འདི་དོན་མཐའ་དག་སེམས་ལ་འཛིན་པས་ཕྱིན་ཆད་རྒྱ་འཁྲུགས་ལ་གཏན་ནས་སྐྲག་མི་དགོས་ཞེས་རྡོ་རྗེའི་བཀའ་འགྱུར་བ་མེད་པ་གནང་ཞིང་། མཆོག་རྩེའི་ཁྲི་སྤྲུལ་རིན་པོ་ཆེ་ནས་ཀྱང་དེ་དོན་ལ་ཡི་གེ་ཕུལ་བ་བཞིན་རིམ་གྱིས་འཁྲུགས་གཞི་ཡང་གཏན་ཞིར་སོང་བ་གང་གི་ཐུགས་རྗེའི་བདེན་མཐུ་ཁོ་ནར་ངེས། (ཆུ་སྟག ཕྱི་ལོ་ ༡༩༠༢)
༨༦
ར་བོང་དགོན་པ་དང་གཙང་བླ་སོགས་དགོན་གྲོང་བར་དུ་འཁྲུགས་གཞི་རེ་ཡོད་པ་སོ་སོར་གསུང་གནང་སྟེ་ཐབས་མཁས་ཀྱིས་བདེ་འཇགས་སུ་བྱས། (ཆུ་སྟག ཕྱི་ལོ་ ༡༩༠༢)
༨༧
ཟུང་འཕན་དང་རྨེའུ་ཚང་གི་གཟུ་ལ་ཕྱག་མཛོད་ཆེ་བ་མངགས་པ་རྨེའུ་རྒྱལ་པོ་དང་རྒྱ་དཔོན་སོ་སོར་གཏུགས་ཏེ་བླ་མ་མཆོག་ནས་མངགས་པའི་རྒྱུ་མཚན་རྣམས་དང་། གཟུ་འདུམ་འགྲིག་དགོས་ཚུལ་བསྙད་པར། རྒྱ་དཔོན་རྣམས་ནས་ཀྱང་བླ་མ་ཀིརྟི་ཚང་སེམས་ཅན་གྱི་དོན་ཁོ་ན་མཛད་པའི་བླ་མ་ཡིན་གཤིས་སྔོན་ཆད་སྟོད་སྨད་ཀྱི་འཁྲུགས་གཞི་ཆེ་བ་མང་པོ་བདེ་འཇགས་སུ་བྱས་པས་བཀའ་དྲིན་ཆེ་བ་དེ་རྒྱ་དཔོན་རྣམས་ཀྱི་སེམས་ན་ཡོད། ད་རེས་ཀྱང་བླ་མ་འདིའི་གསུང་བཞིན་འགྲིག་འཕྲོད་རེ་ཨེ་ཡོང་བྱེད་ངེས་ཡིན་ཀྱང་གཙོ་ཆེར་བླ་མ་ཁོང་གིས་ཐུགས་ལ་བཟུང་ནས་སྐྱབས་འཇུག་གནང་དགོས་ཞེས་རྗེ་ཉིད་ལ་སྐྱབས་རྟེན་གོས་ཡུག་དང་། འདི་བླ་མའི་ལྷ་སྲུང་ལ་འབུལ་དགོས་ཞེས་གོས་ཡུག་དཀར་པོ་ཞིག་འབུལ་རྒྱུར་བསྐུར། (ཆུ་སྟག ཕྱི་ལོ་ ༡༩༠༢)
༨༨
མཛོད་པ་ཆུང་བ་ནས་རྨེའུ་ཚང་དང་རྒྱའི་གྱོད་འགྲིག་ཡོད་མེད་ལ་ལྟ་མི་ཞིག་མངག་རྒྱུའི་རྒྱུ་མཚན་ཞུས་པར། མངགས་ཆོག་སྟེ་གཟུ་པ་དང་འཕྲད་ཡོང་མོད་རྨེའུ་ཚང་དང་འཕྲད་མིན་མི་ཤེས་གསུངས་པར་གྱོད་པ་མེད་པར་གཟུ་པ་འདུག་དགོས་དོན་མེད་ཅེས་ཞུས། དེ་ནས་མི་གཉིས་ཆེད་མངགས་བྱས་པར་གྱོད་འགྲིག་ནས་རྨེའུ་ཚང་རང་ཡུལ་དུ་ལོག་ཚར་བ་དང་དུས་འགྲིག་པ་ཤེས་བྱ་མཐའ་དག་སྒྲིབ་མེད་ཡེ་ཤེས་ཀྱིས་ཆགས་ཐོགས་མེད་པར་གཟིགས་པའི་གཏན་ཚིགས་སུ་སྣང་། རྒྱུས་ཡོད་རྣམས་ལ་འདི་འདྲའི་རྒྱུ་མཚན་མཐའ་ཡས་པ་འདུག་མོད་རེ་རེ་ཙམ་ལས་མཐའ་དག་པ་ཡི་གེར་བྲིར་མ་ལང་ངོ་། །འདི་སྐབས་རྔ་པའི་སྐུ་ཚབ་རྒྱ་དཔོན་རྣམས་ཀྱི་དྲུང་དུ་རྨེའུ་ཚང་མ་ལན་པའི་རྒྱུ་མཚན་སོགས་དོན་གལ་ཆེན་མང་པོ་ཞུ་རྒྱུ་ཡོད་པའི་ཆེད་དུ་སོང་སྐབས། རྒྱ་དཔོན་ཁྲོས་ཡོད་པ་དང་ཐུག་ནས་ཞུ་སྟབས་མ་རྙེད་པར་ཕྱིར་ལོག་དགོས་བྱུང་བར་ལམ་བར་གྱི་ས་སྟོང་ནས་རྗེ་ཉིད་ལ་དམིགས་པའི་ཕྱག་འཚལ་ཏེ། བླ་མ་རིན་པོ་ཆེ་ཉིད་ནས་བདག་ལ་བླ་མ་ལ་རེ་ལྟོས་བྱས་ན་ནམ་དགོས་དུས་བླ་མ་ལྷ་སྲུང་གིས་མི་བསླུ་ཐག་ཆོད་ཡིན་ཚུལ་སོགས་འགྱུར་མེད་རྡོ་རྗེའི་ཚིག་གིས་ཞལ་བཞེས་མཛད་པ་བཞིན་ད་རེས་བདག་ཅག་ལ་ཐུགས་རྗེས་གཟིགས་འཚལ་ཞེས་སྙིང་ཐག་པ་ནས་གསོལ་བ་བཏབ། དེ་ནས་ཆེར་མ་འགྱངས་པར་སྔར་གྱི་མི་རྣམས་བོས་ཤོག་ཅེས་རྒྱ་དཔོན་གྱིས་མི་ཞིག་མངགས་པས་སླར་རྒྱ་དཔོན་རྣམས་ཀྱི་དྲུང་དུ་སོང་བར། རྒྱ་དཔོན་རྣམས་ཡིད་འགྱུར་ཏེ་དོན་གལ་ཆེ་བ་ཐམས་ཅད་འདོད་པ་བཞིན་ཞུས་ཆོག་པ་དང་། ལས་དོན་ལ་ཕན་ཐོགས་ཀྱང་ཆེན་པོ་བྱུང་བས་བླ་མ་རྡོ་རྗེ་འཆང་ལ་ཉེ་རིང་གང་ནས་གསོལ་བ་བཏབ་ཀྱང་ཐུགས་རྗེ་བྱིན་རླབས་དུས་ལས་ཡོལ་བ་མེད་པར་འདུག་སྙམ་དུ་ཡིད་ཆེས་པའི་དད་གུས་ཀྱིས་མིག་ནས་མཆི་མ་འཁྲུགས་པ་བྱུང་འདུག དེ་ནས་གཟུ་པས་དམག་མི་བསད་པ་རྣམས་ལ་ཡུལ་སྲོལ་ལྟར་གྱི་སྟོང་སྤྲད་དེ་གྱོད་འགྲིག་འཕྲོད་ལེགས་ལམ་བྱུང་བས་རྒྱ་དཔོན་ཆེ་བ་རྣམས་ནས་རྗེ་ཉིད་སྔ་ཕྱི་དུ་མར་རྒྱ་བོད་ཐམས་ཅད་ལ་བཀའ་དྲིན་ཤིན་ཏུ་ཆེ་བས་འཇའ་ས་ཐམ་ཀ་སོགས་གོང་མ་ལ་ཞུས་ནས་གནང་རྒྱུ་ཡིན་ཚུལ་སོགས་ཀྱི་ཞུ་བ་འབུལ་མི་ཆེད་མངགས་བྱས་པར་བརྩེ་ཉམས་མཛད། (ཆུ་སྟག ཕྱི་ལོ་ ༡༩༠༢)
༨༩
ཡང་མནལ་ལམ་དུ་བྱི་ལ་ནག་པོ་གཉིས་ཀྱིས་འཐབ་འཛིང་མང་པོ་བྱས་སོང་བ་རྨིས་པས་རང་རེའི་ཕྱོགས་འདི་ཞིག་ལ་འཁྲུགས་གཞི་རེ་འབྱུང་བ་འདྲ་གསུངས་པར། དུས་འཁོར་དབང་གི་སྐབས་འཚུབ་ཆ་རེ་འབྱུང་བ་མིན་ནམ་ཞུས་པར། དེ་མིན་གསུངས། མི་རིང་བར་གཅའ་ཚང་དང་ཆག་ཝ་མའི་ནང་འཁྲུགས་ཏེ་ཕན་ཚུན་གཉིས་ཀའི་དཔོན་པོ་རེས་གཙོས་མི་མང་པོ་གསོད་བརླག་བྱས་ནས་ཉིད་གདན་འདྲེན་དུ་བྱུང་བར་ཕེབས་རྒྱུའི་ཞལ་བཞེས་མཛད། དེ་འཕྲལ་ཐུགས་ཀྱིས་མ་བཟོད་པར་ཕྱག་མཛོད་ཆེ་བ་སྡེ་ཕན་ཚུན་གྱི་གྱོད་བར་དུ་མངགས། ཉེར་བཞི་ལ་སྒར་བཏེགས་ཏེ་ཕེབས་པའི་ལམ་བར་དུ་ཁ་བ་བུ་ཡུག་ཆེར་འཚུབ་པ་སོགས་བྱུང་བར་དཀར་གཏོར་རེ་གཏོང་བ་མཛད་པས་རང་ཞིར་གྱུར། གཅའ་ཚང་དང་ཆག་ཝ་མའི་དཔོན་པོ་བསད་པའི་སར་སོ་སོར་ཕེབས་ཏེ་སྦྱངས་ཆོག་བསྔོ་སྨོན་སོགས་གང་རྒྱས་དང་བཟློག་པ་དང་ཚེ་དབང་སོགས་རིམ་གྲོ་ཡང་གནང་། ཆག་ཝ་མའི་དཔོན་ཚང་དུ་ཕེབས་དུས་ཞལ་ནས་ད་ལམ་རྒད་པོའི་ལས་འཕྲོ་ཞིག་གི་སྟབས་ཡིན་ནམ་འདོན་པ་དེ་ཡང་ལམ་དུ་འགྲོ་བ་ཞིག་རེད་ཅེས་གསུངས་པ་དགོས་པ་ཅན་དུ་སྣང་། དེ་ལྟར་གཤིན་པོ་རྣམས་ཀྱི་བགེགས་སྡིག་དྲི་མ་གསུམ་སྦྱངས་ཏེ་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་བ་དང་། བཙན་ཐབས་འཚང་རྒྱ་འཕོ་བའི་གདམས་པ་སོགས་ཀྱི་སྒོ་ནས་རྣམ་ཤེས་ངན་འགྲོའི་དུཿཁ་མི་བཟད་པ་ལས་སྐྱོབ་པར་མཛད་དོ། དཔོན་ཁག་སོ་སོར་གྱོད་འདི་མ་འགྲིག་པར་གསོད་བརླག་མང་པོ་བྱས་ན་རང་གཞན་གསོན་གཤིན་ཐམས་ཅད་ལ་འདི་ཕྱི་ཀུན་ཏུ་མི་ལེགས་ཤིང་ཁྱད་པར་གཤིན་པོ་རྣམས་ལ་མཁོ་བ་དགེ་བ་ཡིན་ཡང་དེའི་དོན་དུ་སྡིག་པ་ཚད་མེད་པ་བསགས་ན་དེ་ལས་ཐུ་བ་མེད་པས་གྱོད་མྱུར་དུ་འགྲིག་འདུམ་དགོས་ཚུལ་བཀའ་ནན་གནང་སྟེ་ཟླ་བ་གཉིས་ཙམ་ལ་འདོགས་ཆིངས་མཛད་ཅིང་། རིམ་གྱིས་སྡང་སེམས་ཞི་སྟེ་བདེ་འཇགས་སུ་གྱུར་པ་ཡང་ཉིད་ཀྱི་ཐུགས་རྗེ་ཁོ་ནའི་མཐུའོ། (ཆུ་སྟག ཕྱི་ལོ་ ༡༩༠༢)
༩༠
འབྲིང་དབྱིས་གཉིས་ཀྱི་གྱོད་དོན་ལ་ལས་འབྲས་དང་འབྲེལ་བའི་གསུང་ཆོས་དང་བཀའ་ནན་བསྩལ་པ་བཞིན་སོ་སོས་ཀྱང་གསུང་བརྩིས་ཏེ་མི་འཇིགས་པའི་སྐྱབས་སྦྱིན་མཛད། (ཆུ་སྟག ཕྱི་ལོ་ ༡༩༠༢)
༩༡
ར་རོང་དང་ཚོང་རུའི་ནང་འཁྲུགས་ལ་གསུང་གནང་སྟེ་བདེ་འཇགས་སུ་བྱས། (ཆུ་སྟག ཕྱི་ལོ་ ༡༩༠༢)
༩༢
གཟའ་རུའི་སྒར་གྲོང་གི་ཆིབས་བསུ་དང་བཅས་དགོན་པར་ལྗགས་ལུང་འགའ་གནང་། བཀྲ་ཤིས་ཐང་གི་ཞག་མལ་གྱི་ས་ནས་གྲྭ་པ་ཉི་ཤུ་རྩ་གྲངས་བསྙེན་རྫོགས་ལ་བཀོད། གཟའ་རུ་བར་པ་དང་སྟོད་མའི་ནང་འཁྲུགས་ཏེ་ཕན་ཚུན་གསོད་བརླག་མང་པོ་བྱས་ཡོད་པར་སོ་སོ་ལ་ཆོས་འབྲེལ་ལ་བཀར་བའི་གསུང་གནང་སྟེ་བཙོན་མི་རེ་ཡོད་པ་ཡང་སྲོག་ཐར་བ་དང་གྱོད་འདུམ་པར་མཛད་པས་ཕན་ཚུན་དགའ་སྤྲོའི་དཔལ་ལ་བཀོད། སྒར་གྲོང་ཐུན་མོང་ལ་ཐུགས་རྗེ་ཆེན་པོའི་དབང་དང་། རིམ་གྲོར་འཇིགས་བྱེད་སྦྱིན་སྲེག་གསུང་། (ཆུ་སྟག ཕྱི་ལོ་ ༡༩༠༢)
༩༣
གནམ་ལྷ་དང་ཧོར་ཚང་གི་གྱོད་ཆེན་གྱི་དོན་ལ་བཀའ་ནན་གནང་བར་འགྲིག་འདུམ་ལེགས་པར་བྱུང་སྟེ་བདེ་འཇགས་ལ་བཀོད། (ཆུ་ཡོས། ཕྱི་ལོ་ ༡༩༠༣) ཅེས་འབྱུང༌།
བཞི་པ། ཀིརྟི་སྐུ་ཕྲེང་དགུ་པ་༸རྗེ་སྐལ་བཟང་བློ་གྲོས་ཀུན་དགའ་ལུང་རྟོགས་རྒྱ་མཚོ་དཔལ་བཟང་པོའི་རྣམ་ཐར་གསེར་གྱི་གར་བུ་ལས།
༩༤
རྨེའུ་ཚང་ལ་སོ་མང་ནས་དཔུང་འཇུག་གི་སྦྱོར་བ་རྩོམ་པ་ལ་སྐྱབས་ཞུས་ནན་ཏན་ཕུལ་པར། དེ་ཕྱོགས་སུ་འབྲུ་དཀར་ཐུགས་དམིགས་བཅས་གཏོར་ནས་སྐྱོན་མི་འབྱུང་ཞེས་ཡང་ཡང་གསུངས་པ་བདེན་པའི་མཐའ་ཅན་དུ་གྱུར། (ས་བྱ། ཕྱི་ལོ་ ༡༩༠༩)
༩༥
སྐུ་དབོན་ཆེ་བ་དཀོན་མཆོག་འཇིགས་མེད་རྨེའུ་ཚང་དང་ཚ་ཁོའི་གྱོད་ཆེན་བསྡུམ་ཕྱིར་དེ་ཕྱོགས་སུ་བསྐྱོད། (ས་བྱ། ཕྱི་ལོ་ ༡༩༠༩)
༩༦
རྗེ་འདིའི་འཕྲིན་ལས་ལ་བརྟེན་ཐེ་རོང་ཕྱོགས་ཀྱི་གྱོད་འགའ་བསྡུམ། (ས་བྱ། ཕྱི་ལོ་ ༡༩༠༩)
༩༧
གཟའ་བཞག་བར་གྱི་གྱོད་བསྡུམ་པ་སོགས་གཞན་ཕན་གྱི་མཛད་བཟང་མང་དུ་བསྐྱངས། (ལྕགས་ཁྱི། ཕྱི་ལོ་ ༡༩༡༠)
༩༨་་་་་་༩༩་་་་་་་༡༠༠་་་་་་༡༠༡
རྗེ་འདིའི་འཕྲིན་ལས་ལ་བརྟེན་ནས་མཛོད་དགེ་གཤོག་སོ་སོ། ཐེ་རོང་། སོག་ཕྱོགས། ཟམ་ཚ་སོགས་ཀྱི་གྱོད་མང་ཙམ་འདུམ། (ལྕགས་ཁྱི། ཕྱི་ལོ་ ༡༩༡༠)
༡༠༢་་་་་་་༡༠༣
གཅའ་ཚང་དུ་ཕེབས་ནས་ཚ་ཁོ་དང་གཅའ་ཚང་གི་གྱོད་ཆེན་དང་། གཅའ་ཚང་དང་ཆག་ཝ་མའི་གྱོད་ཆེན་ཆོས་སྲིད་ཀྱི་འགྱིང་བག་ཅན་མང་པོས་ལོ་བཅུ་སྐོར་རིང་བརྩོན་པ་བསྐྱེད་ཀྱང་སྡུམ་མ་ནུས་པ་འདུམ་པའི་འཕྲིན་ལས་ཡངས། (ལྕགས་ཕག ཕྱི་ལོ་ ༡༩༡༡)
༡༠༤
འབོས་དང་གླིང་བའི་གྱོད་དོན་ལ་གདན་དྲངས་པར་འདོད་ཆོས་དང་། འདོགས་ཆིངས་གནང་སྟེ་རིམ་གྱིས་འདུམ་པར་མཛད་པ་ལ་གཤོག་ཁ་གཉིས་ནས་ཀྱང་རྟ་ཐབ་ཀྱི་བསུ་བ་དང་། འབུལ་ནོར་བཟང་འགྲན་ཞུས། (ལྕགས་ཕག ཕྱི་ལོ་ ༡༩༡༡)
༡༠༥་་་་་་་་༡༠༦་་་་་་་་་༡༠༧་་་་་་་་་་༡༠༨
གཟའ་ཚོང་གཉིས་ཀྱི་གྱོད་དང་། མཛོད་རུའི་ནང་གྱོད། རེ་མདོ་དང་བྲག་སྒམ་པ། སྦས་པ་ཁ་གསུམ་དང་འབྲོང་རྩ་ཉིན་གྱི་གྱོད་རྣམས་བསྡུམ་སྟེ་སྦྱིན་པ་རྣམ་པ་བཞི་ལས་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པས་འགྲོ་བ་ཉམ་ཐག་པ་མང་པོ་དབུགས་ཕྱུང་ཞིང་། ཁོང་པ་རྣམས་ནས་ཀྱང་རྟ་ཐབ་ཀྱི་བསུ་བ་རྒྱ་གང་ཆེ་དང་། དགེ་འདུན་གྱི་སྡེ་སོ་སོ་ནས་སེར་སྦྲེང་སོགས་བཀུར་སྟི་དང་། གཅེས་ནོར་ཡོད་འབུལ་ཞུས། (ལྕགས་ཕག ཕྱི་ལོ་ ༡༩༡༡)
༡༠༩
བདེ་ཐང་བརྒྱུད། ཀླུ་ཆུང་སྒར་བར་ཕེབས། འཁོལ་ནགས་ཀྱི་མཚོ་ལ་གཏེར་ཕུལ་ཅིང་། ཆས་པའི་རྨེ་རུ་དང་རྒྱ་མཆེད་ཀྱི་གྱོད་བསྡུམ། (ཆུ་བྱི། ཕྱི་ལོ་ ༡༩༡༢)
༡༡༠
རྔ་པ་ནས་འཚམས་ཞུས་དང་སྦྲགས་གདན་ཞུས་བགྱིས་པར་ཞལ་ལན་མ་མཛད་པར་ཚ་རུ་མ་དང་རྔ་པར་གྱོད་རེ་ཡོད་པ་བདེ་འཇགས་བྱས། (ཆུ་གླང་། ཕྱི་ལོ་ ༡༩༡༣)
༡༡༡
གཟའ་རུའི་སྒས་རར་ལ་བསྟོད་དང་བསང་གནང་ཞིང་དེ་ཕྱོགས་སུ་ཕེབས་བཞུད་ཅུང་ཟད་དང་། ཨ་སྐྱ་སྟོད་པ་དང་ཨ་སྐྱིད་བར་གྱོད་ཆེན་ཞིག་ཡོད་པ་སྡུམ་པའི་འཕྲིན་ལས་ཡངས། (ཆུ་གླང་། ཕྱི་ལོ་ ༡༩༡༣)
༡༡༢
གཟའ་བཞག་གཉིས་ཀྱི་ས་རྩོད་ལ་འདོགས་ཆིངས་བྱས། (ཤིང་སྟག ཕྱི་ལོ་ ༡༩༡༤)
༡༡༣
གཟའ་རོང་བར་སྨད་ཀྱི་གྱོད་སྡུམ་པའི་འཕྲིན་ལས་ཀྱི་སྒོ་བཏོད་ཀྱང་དོན་སྨིན་མ་བྱུང་། (ཤིང་སྟག ཕྱི་ལོ་ ༡༩༡༤)
༡༡༤
ནག་ཟླར་ཨ་སྐྱིད་དང་། ཨ་རྒྱལ་སྟོད་པའི་གྱོད་སྔར་བསྡུམ་པའི་གྱོད་དབང་སྩོལ་བར་ཕེབས་ལམ། བྱམས་མེ། གླིང་བ། མཛོད་སྟོད། བན་ཡུ་སོགས་ཀྱི་མོས་པ་བསྐངས་ཏེ། ཨ་སྐྱིད་དང་། ཨ་རྒྱལ་སྟོད་པར་ཆོས་སྦྱིན་དང་། ཁྱིམ་ཕེབས། (ཤིང་ཡོས། ཕྱི་ལོ་ ༡༩༡༥)
༡༡༥
རྨེའུ་རྒྱལ་ཁང་དུ་ཞག་ཤས་བཞུགས་ནས་འདོད་ཆོས་རྣམས་བཀའ་དྲིན་བསྐྱངས་ཤིང་རྨེའུ་རྡོ་ཞར་གྱི་གྱོད་ལ་འདོགས་ཆིངས་བགྱིས། (མེ་འབྲུག ཕྱི་ལོ་ ༡༩༡༦)
༡༡༦
རྨེའུ་རྡོ་ཞར་གྱི་གྱོད་ལ་འདོགས་ཆིངས་དམ་པོ་དང་། ཁྱིམ་རེ་གཉིས་ཀྱི་གདན་ཞུའི་རེ་བ་བསྐངས་ནས་རྨེའུ་རྒྱལ་ཁང་དུ་རིམ་གྲོ་འགའ་གསུངས། (མེ་སྦྲུལ། ཕྱི་ལོ་ ༡༩༡༧)
༡༡༧
རྨེའུ་འབྲོག་རུར་བཞུགས་སྐབས་གཟིམ་ཁར་གློ་བུར་དེ་རིང་ཚེས་དུ་ཡིན་བཀའ་འདྲི་གནང་བར་བཅུ་བདུན་རེད་ཞུས་པར། མྱུར་མཛད་མ་དང་ལྷ་མོ་གནོད་སྦྱིན་བཞི་དང་བཅས་པའི་བསྟོད་པ་རེ་དང་། བླ་མགོན་དབྱེར་མེད་ཀྱི་གསོལ་འདེབས་ཚར་གསུམ་གསུངས་པ་ཉིན་དེར་བཞག་སྡོམ་རུ་ནག་གིས་རྐ་ཆུ་ཁ་པའི་མི་མང་པོ་བསད་པ་དེའི་དོན་དུ་སྣང་། གཅའ་ཚང་དུ་འདོད་ཆོས་འགའ་དང་། བྲ་མའི་ལ་བསྟོད་མཛད། རྐ་ཆུ་ཁའི་ཆིབས་བསུ། སོག་ཚང་། གླིང་བ། བྱམས་ཐང་བརྒྱུད་རྐ་ཆུ་ཁར་ཕེབས། ལ་བཙས་གཉིས་དང་། དགྲ་ལྷའི་དཔངས་བསྟོད་དང་། འདས་གསོན་རྗེས་འཛིན་གྱི་འཕྲིན་ལས་ཡངས། གྱོད་མཆེད་པར་ཉེ་བ་ན་རྗེ་ཉིད་ནས་གསང་སྟབས་ཀྱིས་སོག་ཚང་བླ་མ་རྒན་པ་འདུམ་འགྲིགས་ཀྱི་གཟུ་པར་བསྐུལ། ཆིབས་བསུ་རིང་ཐུང་དང་། ཐབ་བསུ། སེར་སྦྲེང་དང་བཅས་བདུན་པའི་ཉར་གདན་སར་འབྱོར། གྲྭ་ཚང་ལ་མཇལ་ཁ་དང་། གདུང་མདུན་རྒྱལ་ཁང་སོགས་སུ་གྱོད་ཞི་བའི་འཕྲིན་བཅོལ་གནད་སྨིན་མཛད། (མེ་སྦྲུལ། ཕྱི་ལོ་ ༡༩༡༧)
༡༡༨
རེ་མདོའི་ནང་གྱོད་ལ་འདོགས་ཆིངས་དང་། ཉི་ལྡོག་སྐུ་རིམ་གསུངས། (མེ་སྦྲུལ། ཕྱི་ལོ་ ༡༩༡༧)
༡༡༩་་་་་་༡༢༠
བྲག་སྒམ་སྒར་གྲོང་རྣམས་ལ་རིམ་བཞིན་ཕེབས་ཏེ་བགས་པ་དང་། ཨ་ཛིའི་གྱོད་ལ་འདོགས་ཆིངས་དང་། བྲག་སྒམ་རྟ་རི་དང་ལྡད་པའི་འཁོན་བསྡུམ། (མེ་སྦྲུལ། ཕྱི་ལོ་ ༡༩༡༧)
༡༢༡
དབྱིས་སྟོད་དུ་ཕེབས་བཞུད་དང་བཅས་སུམ་མདོའི་དགོན་དུ་བབས། སྔ་ཕྱིར་མོས་བསྟུན་གྱིས་གསུང་རྩོམ་མང་ཙམ་གནང་ཞིང་། འབྲིང་བས་རྨེའི་འབྲོག་སྡེའི་ཚོང་པ་སོགས་བཅོམ་པར་འཕྲལ་དུ་གྱོད་འདུམ་པའི་ཐབས་མཁས་ལ་སྦྱར། (མེ་སྦྲུལ། ཕྱི་ལོ་ ༡༩༡༧)
༡༢༢
ཇ་སག བེ་ཟི་ཆུང་བ། ཁོ་ཚེ་རྣམས་སུ་ཕེབས། སྔ་ཕྱིར་ཁོ་ཚེ་དང་མགོན་ཤུལ་གྱི་གྱོད་ཀྱིས་མཚོན་གྱོད་ཆེ་ཆུང་མང་པོ་བདེ་འཇགས་ལ་བཀོད། (ས་རྟ། ཕྱི་ལོ་ ༡༩༡༨)
༡༢༣
དཔལ་ལྡན་བཀྲ་ཤིས་འཁྱིལ་བར་གེགས་ཆགས་ཆེར་བདོ་བའི་སྐབས་ཤིག་ཏུ་སོང་བས་དབུ་གཙོ་རྣམས་ནས་བརྟག་ཞུས་དང་། སྐྱབས་ཞུས་བྱུང་བ་རྣམས་ལ་མོས་བསྟུན་གྱི་མཛད་སྒོ་དང་། རྒྱ་བོད་གཉིས་ཆར་ནས་བདེ་འཇགས་སུ་འགོད་པའི་འཕྲིན་ལས་སྐྱོང་བར་བསྐུལ་བ་མངོན་པ་དང་མི་མངོན་པ་ཅི་རིགས་ཀྱི་རྐྱེན་འགས་བཞེད་པ་མ་གྲུབ་པར་ལུས། སྲིད་སྐྱོང་ཚང་དང་ཨ་མཆོག་གི་རྒྱབ་རྫིར་རེབ་གོང་ནས་དམག་གཏོང་སྐད་ལའང་གྲོས་དབང་སོ་སོར་དམག་བཤོལ་ནས་ཡུལ་ཁམས་བདེ་འཇགས་སུ་གནས་པ་གལ་ཆེ་ཚུལ་གྱི་གསུང་འཕྲིན་བརྫངས། (ས་རྟ། ཕྱི་ལོ་ ༡༩༡༨)
༡༢༤་་་་་་༡༢༥
ཚོ་པ་བརྒྱད་ཀྱི་ནང་གྱོད་མང་དུ་ཡོད་པ་ཞི་བར་བྱས། རྔོག་པ་དང་ཞེ་འཁང་ཅུང་ཟད་ཡོད་པ་བཤད་ནས་རྟ་ཐབ་ཀྱི་བསུ་བ་དང་བཅས་དེར་ཕེབས། (ས་རྟ། ཕྱི་ལོ་ ༡༩༡༨)
༡༢༦་་་་་་༡༢༧
སྔོ་ཆེར་ཆོས་སྦྱིན་དང་། ལྷ་གསོ་དགོན་དུ་མགོན་པོ་ཕྱག་དྲུག་པའི་རྗེས་གནང་སྩལ་ཅིང་། སྟ་རི་དང་ལྡད་པའི་གྱོད་དང་། སྒང་རྩ་དང་གཟའ་རུའི་གྱོད་གཉིས་བདེ་འཇགས་སུ་མཛད། (ས་ལུག ཕྱི་ལོ་ ༡༩༡༩)
༡༢༨་་་་་་་༡༢༩་་་་་༡༣༠
རྔ་སྟོད་དུ་མོས་བསྟུན་གྱིས་ཆོས་སྦྱིན་ཅི་རིགས་དང་། སྣ་ཤུལ་སྔོ་ཤུལ་གཉིས་དང་། རྨེའུ་རྡོ་ཞར་གྱི་གྱོད་གཉིས་ལ་འདོགས་ཆིངས་དང་། རྨེའུ་དང་ནུར་མའི་གྱོད་བསྡུམ། (ལྕགས་སྤྲེལ། ཕྱི་ལོ་ ༡༩༢༠) ཞེས་འབྱུང་།
ལྔ་པ། ཀིརྟི་སྐུ་ཕྲེང་བཅུ་པ་༸རྗེ་ངག་དབང་བློ་བཟང་བསྟན་པ་ཚེ་རིང་དཔལ་བཟང་པོའི་རྣམ་ཐར་ངོ་མཚར་གཏམ་གྱི་བང་མཛོད་ལས།
༡༣༡
ཕྱི་ཉིན་ལྡང་ཐང་དུ་བཞུགས་སྒར་སྟེང་རྨེའུ་རྒྱལ་བློན་དང་མཆོག་རྩེ་རྒྱལ་བློན་ལྷན་གཅིག་འཛོམས་ཐོག་སྔར་ཞེ་འཁང་ཅུང་ཟད་ཡོད་པ་སེལ་བར་མཛད་དེ་ཕྱིན་ཆད་ཕན་ཚུན་བློ་སེམས་གཅིག་འདྲེས་དགོས་པའི་ཞལ་བཀོད་མཐིལ་ཕྱིན་པར་མཛད། (ས་འབྲུག ཕྱི་ལོ་ ༡༩༢༨)
༡༣༢
ཕྱིར་ལམ་འབྲིང་བའི་ཆིབས་བསུ་དང་བཅས་སུམ་མདོ་དགོན་དུ་གཤོག་གཞུང་ལ་སྦྱིན་སྲེག་སོགས་ཀྱིས་རེ་བ་བསྐངས་ཤིང་སྐུ་དབོན་ཆེ་ཆུང་སོགས་ཀྱིས་རྡོ་ཆོག་སྦས་སྒང་གི་བར་གྱི་གྱོད་འདུམ་ཆོས་བཞིན་མཛད་དེ་མི་འཇིགས་པའི་སྦྱིན་པ་ཕྱག་ཏུ་བསྟར། (མེ་གླང་། ཕྱི་ལོ་ ༡༩༣༧)
༡༣༣
སྨིན་དྲུག་ཟླ་མགོར་ཧོ་བྷི་གྱེ་རྒུར་མ་མཐུན་པའི་བར་དུས་ཆོས་སུ་གྱུར་པ་སོ་སོར་སྦྱང་ཆོག་མཛད་དེ། སྡེ་གཉིས་ལ་གསུང་ནན་སྩལ་ཅིང་འཕྲིན་ལས་ཀྱི་བྱེད་པོས་མཐུན་ལམ་ལ་བཀོད་དེ་འཇིགས་པ་ལས་བསྐྱབས། (མེ་གླང་། ཕྱི་ལོ་ ༡༩༣༧)
༡༣༤
ཆུ་སྟོད་ཟླ་མགོར་གཟའ་རུ་ལོ་དགེ་གཉིས་ནང་མ་མཐུན་པ་ལ་མི་འཇིགས་པའི་སྦྱིན་པ་སྤེལ་བའི་ཆེད་ཆིབས་བསྐྱོད་གནང་ཞིང་། དེར་བསྟུན། བཞག་སྡོམ། ཨ་ནུ་ཐང་། འབྲི་ལུང་། རེ་མདོ་སོགས་སུ་ཕེབས་སྒོ་བཏོད་དེ། དགོན་པ་གཉིས་ལ་ཚེ་དབང་སོགས་ཀྱི་ཆོས་འབྲེལ་བཀའ་དྲིན་བསྐྱངས་ནས་མཐུན་ལམ་འབྱུང་ཆེད་གསུང་བཀོད་གང་སྩལ་དང་དུ་བླངས་པར་འགྲིག་ཆིངས་ཀྱི་ཡི་གེ་བཞག (ལྕགས་འབྲུག ཕྱི་ལོ་ ༡༩༤༠) ཅེས་འབྱུང་།
དྲུག་པ། ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་༸རྗེ་བཙུན་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་མཆོག་གི་རྣམ་ཐར་ལས།
༡༣༥
ལོ་འདིའི་དབྱར་ཐོག་འབྲིང་བའི་ཇག་རྐུན་གྱིས་རྒྱ་མི་བསད་པའི་རྒྱ་བོད་ཀྱི་གྱོད་བར་ལ་རྨེའུ་མཐུ་སྟོབས་ངོ་གཡོག་བཱ་རྩེ་ལ་སོང་བ། རྒྱ་དཔོན་ལས་འབྲས་མི་ཤེས་པ་ཞིག་གིས་བཀག་སྟེ་ཕྱིར་ཡོང་དབང་མེད་སྟབས་གྲྭ་ཚང་ནས་རིམ་གྲོ་ཕོན་ཆེ་བསྒྲུབས། ༸ཁོང་ལ་ནག་ཉེས་སྤུ་ཙམ་མེད་པར་མཐུ་སྟོབས་སྤྱི་པ་བཅས་པ་བཀག་འདུག་ཚུལ་དང༌། གྱོད་དེ་འགྲིག་འཕྲོད་ཡིད་འདོད་བཞིན་འོང་དགོས་པའི་སྙན་བསྐུལ་ཡང་ཡང་གསོལ་སྐབས་ཉིན་ཁ་ཤས་རྡོ་དང་ཤིང་དུམ། མར་མེའི་འོད་ལས་ཤར་བའི་གྲིབ་མ་རྣམས་རྒྱ་ཡིག་གསུངས་ནས་རྡུང་བའི་སྟངས་ཀ་གནང༌། མ་འགྱངས་པར་རྒྱ་དཔོན་གཞན་ཞིག་འོངས་ནས་སྔར་གྱི་རྒྱ་རྒན་དབང་མེད་བྱས་ཏེ་གློ་བུར་གྱོད་འགྲིག་འཕྲོད་གང་ལེགས་བྱུང་བ་༸ཁོང་གི་བྱིན་མཐུར་སེམས་ཞེས་མདུན་འདུག་པ་གླེང༌། (མེ་ཁྱི། ཕྱི་ལོ་ ༡༩༤༦)
༡༣༦
སྐུ་དབོན་འཇམ་དབྱངས་བསོད་ནམས་གཟའ་ཚོང་ཕྱོགས་ཀྱི་དུད་ནག་གཅོད་རྩིས་དང༌། འབྲིང་བའི་མགོ་དོན་ལ་འགན་ཡིག་དང་ཞིབ་གཏུགས་ཀྱི་རེ་བས་ཐོན་ཕྱག་ཞུས། (མེ་ཕག ཕྱི་ལོ་ ༡༩༤༧)
༡༣༧་་་་་་་་་༡༣༨
སྐུ་དབོན་དགེ་ལེགས་རྒྱ་མཚོ་ངོ་གཡོག་རྔ་པ་དང་ཆག་ལྦ་མའི་གྱོད་ལ་ལྟ་སྐོར་དང་། རྡོ་ཞར་དང་བླ་བྲང་ཐུག་པའི་གྱོད་འདྲི་འཐུས་པར་ཕེབས། (ས་བྱི། ཕྱི་ལོ་ ༡༩༤༨)
༡༣༩
དབོན་ཆུང་དགེ་ལེགས་རྒྱ་མཚོ་ངོ་གཡོག་རྔ་པའི་ཚོ་དྲུག་དང་། ཐང་ལུང་འགོ་པ་གཉིས་ཀྱི་གྱོད་བར་ལ་ཕེབས་པར་འཐོན་ཕྱག་དང་སྐྱབས་འཇུག་ཞུས། (ས་གླང་། ཕྱི་ལོ་ ༡༩༤༩)
༡༤༠
(རྐ་ཆུ་ཁའི་)རུ་ཤོག་སྨད་ནས་རིམ་པར་དབུལ་ཕྱུག་ཁྱད་མེད་ཀྱིས་མ་མཐའང་བསྔོ་སྨོན་གཡང་འབོད་སོགས་རྒན་མོ་ཁེར་འདུག་ཡན་གྱི་ཁྱིམ་ལ་ཞབས་སེན་བཀོད་དེ་ཆག་ལྦ་མ་དང་གྱོད་ཆེན་འགྲིག་སྡུམ་འོང་བའི་ཐུགས་སྨོན་ངོས་ཕན་ཚུན་སྡང་སེམས་ཞི་བའི་རིམ་གྲོ་ཡང་ཕྱག་ཏུ་བསྟར་ཏེ་དྲུག་ཅུ་པ་དང་ཆ་བཞི་བརྒྱ་རེ། བསང་གཏོར་དུ་མ་བཅས་ཆེད་དམིགས་དང༌། མཚམས་མཚམས་སུ་དྲུག་ཅུ་པ་དང༌། ཆ་གསུམ་བཞི་རྫོགས། བསང་དང་དཀར་གཏོར་གཏོང་སྐབས་སུའང་གྱོད་ཆེན་འདི་འགྲིག་ཐབས་དགོས་ཚུལ་སྙན་སྐུལ་ཡང་ཡང་ཕུལ། (ལྕགས་ཡོས། ཕྱི་ལོ་ ༡༩༥༡)
༡༤༡
སླར་ཡང་སྦས་པ་ཁག་གསུམ་གྱི་མི་སྣ་གདན་ཞུ་ལ་འོངས་ཏེ། དེ་ཀའི་གྱོད་ངན་ཡང་དབང་འབུལ་བྱས། (ལྕགས་ཡོས། ཕྱི་ལོ་ ༡༩༥༡)
༡༤༢
སྐབས་དེར་རེ་གདང་སོགས་ཀྱི་མི་རྒན་སླར་ཡང་གདན་ཞུ་ལ་འོངས་ཏེ། དེ་ཀའི་གྱོད་ངན་ཡང་དབང་འབུལ་ཞུས། (ལྕགས་ཡོས། ཕྱི་ལོ་ ༡༩༥༡)
༡༤༣
སྒང་ཚ་སྡེ་གཞུང་ནས་གདན་ཞུས་བགྱིས་མཐུན་ལྟར་ཕེབས་ཏེ་སྡེ་གཞུང་ལ་རིམ་ཆོས་གང་མོས་དང༌། རོ་རྩ་དང་གྱོད་རྩ་སོགས་ལ་ཡང་རིམ་ཆོས་ཕྱག་དབང་ཕྱག་མདུད་སོགས་བསྩལ་ཏེ། གཟའ་དགེ་དང་བར་གྱི་གྱོད་ངན་འགྲིག་འདུམ་དགོས་ཚུལ་གྱི་གསུང་གནང་ལྕི་བར་ཕེབས། (ལྕགས་ཡོས། ཕྱི་ལོ་ ༡༩༥༡)
༡༤༤
འགོ་སྐོར་ཤོག་ཀས་ཆིབས་ཐབ་ཀྱི་བསུ་བ་དང་བཅས་ཉེ་བའི་ལྷ་ཁང་དུ་ཕེབས་ཏེ། ཤོག་གཞུང་ལ་བསང་དཀར་གཏོར་ཡུལ་ཁྲུས་སྦྱིན་སྲེག་ཚེ་དབང་སོགས་འདོད་ཆོས་བསྩལ། ཡོན་དུ་ཊཾ་བརྒྱ་དང༌། ནས་སྲན་ཀན་བརྒྱ་དང་ལྔ་བཅུ་བཅས་ཕུལ། དེ་སྐབས་ཚོང་རུ་དང་བར་གྱི་གྱོད་ངན་ཡང་དབང་འབུལ་ཞུས། (ཆུ་འབྲུག ཕྱི་ལོ་ ༡༩༥༢)
༡༤༥
འདི་སྐབས་འབོས་སྟོད་མ་དང་བོ་ཚང་གསེར་ཁྲི་སོགས་མ་འགྲིག་པའི་གྱོད་བཤད་སྐབས་དབོན་པོ་སོགས་ཀྱིས་དཔོན་སྡེ་ས་དང་བཅས་རང་གི་མི་སྡེ་ས་ཆར་འགྱུར་རྒྱུའི་སྙན་ཞུ་ཡང་ཡང་ཕུལ་བར་ནུབ་ཅིག་ཕྲན་(ཡོངས་འཛིན་གཞོན་པ་རྗེ་དཀོན་མཆོག་ཤེས་རབ།)ལ་ཞལ་ནས། ང་ལ་འབོས་རང་གི་ལྷ་སྡེར་གྱུར་ན་བཟང་གི་བསམ་རྒྱུ་ཅི་ཡང་མེད་ཅེས་གསུངས་པ་དམ་པའི་རྣམ་ཐར་དུ་གོ། (ཤིང་རྟ། ཕྱི་ལོ་ ༡༩༥༤) ཞེས་འབྱུང༌།
དེ་ལྟར་སྐབས་སོ་སོའི་ལོ་ཚིགས་ལྷན་སྦྱར་གྱིས་རྣམ་ཐར་ཁག་གི་ཚིག་ཇི་བཞིན་དུ་བཀོད་པ་འདིས་ཀྱང་མདོ་སྨད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་དག་ལ་དཔྱད་གཞིའི་རྒྱུ་ཆ་གང་ལེགས་ཡོང་བའི་རེ་སྨོན་ཞུ།
འབྲིང་བ་དཀོན་མཆོག་འཇིགས་མེད་ཀྱིས། ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༤ ཉིན། ནོར་ཝེའི་གྲོང་ཁྱེར་པིར་ཀིན་ནས།
༄༅། འབྲིང་བ་འཇིགས་མེད་ལགས་ཀྱིས་ཙོམ་ཡིག་དེ་དཀའ་ལས་ཆེན་པོ་བརྒྱབ་ནས་བྲིས་་་
འདུག་པ་་་ཐུགས་རྗེ་ཆེ་ཞུ་གི་ཡིན།
དྲ་རྒྱའི་ནང་རིང་དྲག་ནས་ཡག་པོ་ཀློག་ཐུབ་མ་སོང།
དེབ་ཡོད་ན་ང་ལ་གཅིག་ངེས་པར་དགོས་པས་ལན་ཞིག་གནང་རོགས།
མཁས་དབང་འབྲིང་བ་འཇིགས་མེད་མཆོག་གིས་ཀིརྟི་སྐྱབས་མགོན་སྐུ་ཕྲེང་ན་རིམ་གྱི་མཛད་པ་བྱེ་བྲག་པ་གཅིག་བརྗོད་གཞིར་བཟུང་གནངས་པའི་རྩོམ་འདི་ཡིད་དབང་འཕྲོག་པོ་ཞིག་འདུག ཉམས་ཞིབ་པ་ཚོས་བོད་ཀྱི་བླ་མ་སྐྱེས་ཆེན་ཚོའི་མཛད་འཕྲིན་ལ་ཉམས་ཞིབ་ཀྱི་སྒོ་མོ་གསར་པ་ཞིག་ཕྱེས་པ་ལྟ་བུར་ཡང་མཇལ།
འཇིགས་དབང་ལགས། རྩོམ་འདི་དེབ་ཏུ་བཟོས་པ་མེད་ནའང་PDF བཟོས་ནས་ཕུལ་ཆོག་པས། ཁྱེད་ཀྱི་གློག་འཕྲིན་ཁ་བྱང་ཞིག་འདིར་འགོད་རོགས།