སློབ་དཔོན་ཟམ་གདོང་རིན་པོ་ཆེ།
བོད་མི་རིགས་དེ་མི་རིགས་གཞན་ལས་ཟུར་དུ་དབྱེ་བ་ཕྱེ་ཐུབ་པ་དང་། མི་རིགས་ཀྱི་གནས་བབ་མཚོན་ཐུབ་དགོས་ན་ཤེས་ཡོན་དང་ལེགས་བྱང་ཐམས་ཅད་ཀྱི་གཞི་རྩར་གྱུར་པའི་སྐད་ཡིག་དེ་ཕྱོགས་ཐམས་ཅད་ནས་སྲུང་སྐྱོབ་བྱེད་དགོས། ལྷག་པར་དུ་ང་ཚོ་བོད་མི་ཡིན་པའི་མཚོན་བྱེད་མང་པོ་ཡོད་པའི་ནང་ནས་བསྙོན་དུ་མེད་པའམ་ཤིན་ཏུ་གལ་ཆེ་བའི་མཚོན་རྟགས་ནི་སྐད་ཡིག་རེད། སྐད་ཡིག་ཅེས་པའི་སྐད་དེ་རང་བྱུང་གི་གནས་སྟངས་ཤིག་དང་། ཡི་གེ་དེ་སྐད་ལ་བརྟེན་ནས་བཟོས་པ་ཞིག་རེད། ཡི་གེ་ལ་ལྟོས་པའི་བརྡ་སྤྲོད་ཀྱི་འགྲོས་དེ་ཚོའང་རང་བྱུང་གི་སྐད་ཆ་ཤོད་སྟངས་ལ་བརྟེན་ནས་བཟོས་པ་རེད།
དེས་ན་ཐོག་མ་སྐྱེས་ཙམ་ཉིད་ནས་རང་བཞིན་དུ་གྲུབ་པའི་སྐད་དེ་མི་རིགས་དེའི་མཚོན་རྟགས་ཡིན་པ་དེ་གསལ་པོ་ཤེས་དགོས། དེ་ནས་མི་རིགས་དེ་གཙང་མ་ཞིག་ཆགས་པར་གཙོ་བོ་བསམ་བློ་གཏོང་སྐབས་རྣམ་རྟོག་གི་བློ་ཐོག་མར་རང་གི་སྐད་ཡིག་ནང་ལ་སྐྱེ་ཐུབ་པ་བྱེད་དགོས་རྒྱུ་དེ་གལ་ཆེ་ཤོས་རེད། རང་སྐད་ཀྱི་ནང་ལ་བསམ་བློ་བཏང་བ་དང་། དེ་ནས་སྐད་ཆ་བཤད་རྒྱུ་དེ་གོ་རིམ་གཉིས་པ་ལྟ་བུ་རེད། གཙོ་བོ་བློ་ཡི་འགྱུར་བག་དེ་རང་གི་ཕ་སྐད་ནང་བསྡད་པ་ཞིག་བྱུང་ན། དེ་ནས་མི་དེའི་ལུས་ངག་ཡིད་གསུམ་ག་མི་རིགས་གང་ཡིན་པ་དེ་ཆགས་ཐུབ་ཀྱི་རེད།
དཔེར་ན། ལུས་དེ་རང་བཞིན་གྱིས་བོད་མི་རིགས་ཀྱི་ལུས་ཡིན་པ་དང་། དེའི་ནང་ལ་ཡོད་པའི་བསམ་བློ་དེ་བོད་སྐད་ཀྱི་ནང་ལ་བསམ་བློ་གཏོང་མཁན་ཞིག་དང་། སྐད་ཡིག་གཞན་པ་བརྒྱ་ཕྲག་མང་པོ་བསླབ་ཆོག་གི་རེད་དེ། བསམ་བློ་གཏོང་བའི་རྣམ་རྟོག་གི་མཉམ་དུ་འགྲོ་མཁན་གྱི་སྐད་ཡིག་དེ་བོད་སྐད་བྱས་ཏེ། དཔེར་ན། བུམ་པ་ལྟ་བུ་ཡིན་ན་ཐོག་མར་བུམ་པ་ཞེས་བོད་སྐད་ཀྱི་ནང་དུ་བསམ་བློ་འཁོར་ནས་དེ་ཨིན་སྐད་ཀྱི་ནང་དུ་ཕར་བསྒྱུར་ཏེ་ཁ་ནས་ Pot ཞེས་བརྗོད་མཁན་ཞིག་ཆགས་པ་ཡིན་ན་མི་དེ་བོད་པ་བཅོས་མ་མ་ཡིན་པ་ཞིག་ཆགས་པ་རེད། འོན་ཀྱང་ཐོག་མའི་རྣམ་རྟོག་གམ་བསམ་བློ་དེ་ཨིན་སྐད་ཀྱི་ནང་དུ་ Pot ཞེས་འཁོར་བ་ཡིན་ན་མ་འགྲིག་པ་རེད། མི་དེ་ར་མ་ལུག་ཟེར་བ་དེ་ཆགས་ཚར་བ་རེད།
ལུས་ངག་ཡིད་གསུམ་རང་བཞིན་གྱི་གནས་བབ་ནང་ལ་མ་བསྡད་པར་བཅོས་མའི་ངོ་བོར་ཆགས་ཕྱིན་པ་རེད། བཅོས་མ་ཡིན་ན་ངོ་མ་དེའི་རིན་ཐང་ལ་བསྡུར་ཐབས་གང་ཡང་མེད། དེར་བརྟེན་ལོ་ན་ཆུང་ཤོས་ཀྱི་གནས་སྐབས་སུ་རང་སྐད་ལ་བག་ཆགས་བཞག་ནས་རང་སྐད་སྦྱང་རྒྱུ་ཧ་ཅང་གལ་གནད་ཆེན་པོ་རེད།
མི་རིགས་འབྱུང་ཁུང་སྐད་དང་ཡིག་གེ་ཡིན་།
སྐད་ཡིག་རྒྱུད་ནས་མི་རིགས་ངོ་རྟགས་ཆོད་།
སྐད་ཡིག་སྲུང་སྐྱོབས་ལས་འགུལ་སྤེལ་བ་ལ་།
མི་རིགས་སྲུང་སྐྱོབས་སྔོན་འཐོན་གལ་ཆེར་འཛིན་།
མི་རིགས་འཛམ་གླིང་ས་མཐར་ཁ་འཐོར་ནས་།
སྐད་ཡིག་སྲུང་སྐྱོབས་བསམ་མེད་བྱི་སྒྲུང་འདྲ་།
༄༅། དངོས་གནས་བོད་མི་རིགས་རྣམས་རྒྱལ་ཁབ་གཞན་མང་པོའི་ནང་ཁ་འཐོར་ནས་
འཚོ་དགོས་སྟབས་་་སྐད་ཡིག་སྲུང་སྐྱོབས་དངོས་འབྲེལ་བྱིས་སྒྲུང་རང་རེད།
དཔེར་ན་་་ལས་ཀ་བྱེད་ས། སྡོད་ས། ཕྲུ་གུ་སློབ་སྦྱོང་བྱེད་ས། སྡུག་སློག་འགྱོན་རྒྱུ་།
སྐད་ཆ་བཤད་རྒྱུ་ཚང་མ་གཞན་ལ་བསྟུན་ནས་བྱེད་དགོས་པ་ཤ་སྟག་རེད། སོ་སོར་རང་དབང་གཏན་ནས་མེད།
(དད་པའི་འཁྲུངས་བསྟོད་)
༄༅། བྱམས་དང་སྙིང་རྗེས་གདུལ་བྱ་སྐྱོང་བའི་འགྲོ་དྲུག་འདྲེན་པའི་དེད་དཔོན་མཆོག།
གོ་ལའི་ལྗོངས་འདིར་གཟི་འོད་རྒྱས་པའི་དུས་རབས་ཉེར་གཅིག་སྟོན་པ་ཁྱེད།།
དྲང་བདེན་བྱམས་དང་སྙིང་རྗེ་གསུམ་གྱི་གཏེར་མཛོད་སྐུ་ཕྲེང་བཅུ་བཞི་མཆོག།
འདི་ལོ་དགུང་གྲངས་བརྒྱ་གཉིས་ཕེབས་པར་སྒོ་གསུམ་གུས་པའི་འཚམས་འདྲི་ཞུ།།
དུས་ཀྱི་འཕོ་འགྱུར་འོག་ཏུ་བོད་མིའི་སྐད་ཡིག་ཉམས་།
ཉམས་པ་སླར་གསོའི་ལས་འགུལ་གཞིས་བྱེས་ནང་།
ནང་ཆོས་བརྒྱུད་སྤེལ་འོག་ཏུ་སྐད་ཡིག་འཚོ་།
འཚོ་བའི་མདུན་ལམ་ཆེད་དུ་བོད་མི་ས་མཐར་འཐོར་།
འཐོར་པ་འདུ་རུབ་ཐུབ་པའི་ལས་འཆར་བརྒྱུད་ན་བཟང་།
བཟང་པོའི་སྐད་ཡིག་བོད་མིའི་བླ་སྲོག་ལ་།
ལ་རྒྱ་སྲུང་ནས་ཕ་མེས་སྐད་ཡིག་རིག་གཞུང་ལ་།
ལ་ལུང་བརྒྱུད་ཀྱང་ས་མཐའི་མིག་ཆུའི་སྲུང་།
བོད་པ་བོད་པ་བོད་པ་བོད་པས། །
བོད་སྐད་བོད་སྐད་བོད་སྐད་མི་ཤེས། །
བོད་ཡིག་བོད་ཡིག་བོད་ཡིག་མི་འབྲི། །
བོད་པར་བོད་སྐད་བོད་ཡིག་མི་དགོས། །
བོད་པར་ཤོད་དུས་བོད་སྐད་མི་ཤེས། །
བོད་པ་གསོན་དུས་བོད་ཡིག་མ་སྦྱང་། །
བོད་པ་འཆི་དུས་བོད་སྐད་མི་ཤེས། །
བོད་པ་བོད་སྐད་བོད་ཡིག་ལས་ངན། །
སྔ་མོ་རང་བཙན་བོད་མིའི་བླ་སྲོག་ཟེར།།
དེ་ནས་དབུ་མ་བོད་མའི་བླ་སྲོག་ཟེར།།
བར་སྐབས་ཆོས་རིག་བོད་མིའི་བླ་སྲོག་ཟེར།།
དེང་སང་སྐད་ཡིག་བླ་སྲོག་ཟེར་ནས་རྒྱུགས།།
བླ་སྲོག་མང་པོ་དགའ་དགའ་འདྲ་ཡོད་ཀྱང་།།
དོན་དུ་བླ་སྲོག་རིམ་གྱིས་ཤོར་བའི་རྟགས།།
གཏན་གྱི་བླ་སྲོག་མེད་པའི་མི་རིགས་ལ།།
དཀར་པོ་ཕུགས་ཀྱི་རེ་བ་ཅི་ཞིག་ཡོད།།
མི་རིགས་ངོ་བོ་སྐད་ཡིག་རྒྱུད་ནས་སྦྱིན་།
སྐད་ཡིག་ཉམས་ན་མི་རིགས་ཉམས་པ་རེད་།
སྐད་དང་ཡིག་གེ་མི་རིགས་བླ་སྲོག་ལ་།
བླ་འགུག་ཚེ་འགུག་བྱ་རྒྱུ་མི་རིགས་འགན་།
འགན་འཁུར་མེད་པའི་སྐད་ཡིག་སྲུང་སྐྱོབས་དེ་།
བསམ་མེད་བྱིས་པའི་བྱེ་མའི་ཁང་བཙིགས་འདྲ་།
དེ་ཕྱིར་འགན་འཁུར་བླང་ནས་སྐད་ཡིག་སྲུང་།