གནམ་ཡིག
ད་ལྟའི་ཆར་བོད་མི་ཚོས་རྒྱ་མི་ལ་ཁ་གཏད་གཅོག་ཐབས་གང་འདྲ་ཡོད། མཚོན་ཆ་ཙག་ཙིག་འགའ་ཁུར་ནས་དམར་འཛིང་བྱ་དགོས་པ་རེད་དམ། རང་སྲེག་ངོ་རྒོལ་བྱ་དགོས་པ་རེད་དམ། ཁྲོམ་ལ་ཐོན་ནས་ངོ་རྒོལ་སྐད་འབོད་བྱ་དགོས་པ་རེད་དམ། གྱང་ལྡེབ་དང་རྩིག་ངོས་སུ་སྦྱར་ཡིག་སྦྱར་དགོས་པ་རེད་དམ། འབོད་ཚིག་ཡི་གེ་ཁྲོམ་གཞུང་དུ་གཏོར་དགོས་པ་རེད་དམ། དེ་ཚོ་གང་ཡང་མ་རེད།
འོ་ན་གང་རེད་ཟེར་ན། དེ་ནི་ཧ་ཅང་ཆོད་གོ་ཆེ་ལ་ཉེན་ཁ་མེད་པ། ནུས་པ་ལྡན་ལ་ཞེད་སྣང་མེད་པ། བོད་མི་ཚང་མས་ཉིན་ལྟར་འགྲོ་ཞོར་སྡོད་ཞོར་ནས་སྒྲུབ་ཆོག་པའི “འཚེ་མེད་བསྟུན་མེད”ཀྱི་ལས་འགུལ་དེ་རེད། ཞིབ་ཙམ་བཤད་ན། བོད་མི་ཐམས་ཅད་ཀྱིས་རང་ཉིད་སོ་སོ་འདུག་སའི་ཁོར་ཡུག་ན་བོད་པ་རང་མགོ་རང་ཐོན་བྱ་དགོས། གལ་ཏེ་བོད་མི་ཞིག་ཚོང་ཁང་དུ་སོང་ནས་ཅ་ལག་ཉོ་ན། བོད་མིའི་ཚོང་ཁང་ནས་ཉོ་དགོས་ལ། ཟ་ཁང་དུ་སོང་ན། བོད་པའི་ཟ་ཁང་དུ་སོང་ནས་ཟ་མ་བཟའ་དགོས། དེ་བཞིན་དུ། མགྲོན་ཁང་དང་། གླ་བྱེད་རླངས་འཁོར། གོས་འཁྲུ་ཁང་། སྐྲ་གཞར་ཁང་། གླུ་གར་ཁང་། ཨར་ཁང་། ནང་མ་ཁང་། སྤྲོ་སྐྱིད་གླིང་། མཛེས་བཟོ་ཁང་། ལུས་པོ་འཕུར་མཉེད་ཁང་། ཤིང་བཟོ་ཁང་། ལྕགས་རྡུང་ས། རླངས་འཁོར་ལས་ས། སྦག་སྦག་ལས་ས། རླངས་འཁོར་ཆུ་འཁྲུ་ས། ཨར་པོ། ཚལ་ཉོ་ས། འཚེམ་བཟོ་ཁང་། བྱེ་མ་དབོར་མཁན། ཤིང་ཆ་དབོར་འདྲེན་བྱེད་མཁན་ལ་སོགས་པ་བོད་མི་ནང་ཁུལ་ནས་མགོ་ཐོན་དགོས་ལ། བོད་མི་སྤུན་ཟླ་ནང་ཁུལ་ནས་ཁ་སོས་པ་བྱ་དགོས།
ལས་ཀ་འདི་འདྲ་ཞིག་གི་ཞོར་ནས་ཁྱོད་ཀྱི་ཁ་ནས་བོད་སྐད་དག་མ་ཞིག་ཤོད་རྒྱུར་དོ་སྣང་བྱེད་པ་དང་། འབད་བརྩོན་བྱེད་པ། ཐ་ན་ཁ་བྱང་། སྒོ་བྱང་། ཟས་ཐོ་སོགས་འདྲི་དགོས་ནའང་ངེས་པར་དུ་བོད་རང་གི་ཡི་གེ་འབོར་དུ་མི་འཇུག་པར་ཏན་ཏན་འགོད་ཐུབ་པ་བྱ་དགོས།
གལ་ཏེ་བོད་མི་ཁྲི་བདུན་བརྒྱ་བོས་ཕྱིས་འབྱུང་ལས་ཀ་འདི་འདྲ་ཞིག་བྱས་པ་ཡིན་ན། མི་ལོ་བཞི་སྟོང་ཙམ་གྱི་ལོ་རྒྱུས་ཡོད་པའི་བོད་འདི་ཉིད་ཇི་སྲིད་བར་ས་སྒང་འདིར་འཚོ་ཐུབ་ལ། ང་ཚོ་བོད་ཀྱི་མི་རྒྱུད་འདི་སྟོང་འགྲོ་གི་མ་རེད་ལ། ཀ་ཁ་ག་ང་ཡི་ཚེ་སྲོག་ཀྱང་བསྐྱབ་ཐུབ་ངེས་རེད།
ཅི་སྟེ་འདི་མུས་བཞིན་དུ་བོད་འཆི་གསོན་ཐད་ལ་དོ་སྣང་དེ་ཙམ་མེད་པ། དེ་ལས་ལྡོག་སྟེ་རྒྱ་མིའི་སྐད་ལ་ལོག་པའི་དག་སྣང་སྐྱེས་ནས་རྒྱུན་སྤྱོད་བྱེད་པ། རྒྱ་མིའི་ངན་གོམས་ཀྱིས་རང་རྒྱུད་རློམ་དུ་འཇུག་པ། སྦྲགས་སྐད་ཅི་ཐོན་བྱེད་པ། འབུ་སྲིན་སོགས་རྒྱ་ཟས་ལ་ཉེ་བར་འཐམ་པ་གྱུར་ཚེ། དེ་ནས་འབྱུང་འགྱུར་མི་ལོ་བརྒྱ་འམ་བརྒྱ་དང་ལྔ་བཅུ་ཙམ་སོང་ཚར་རྗེས་འཛམ་གླིང་འདིར་བོད་སྐད་ཤེས་མཁན་སུ་ཡང་མེད་པར་འགྱུར་ལ། བོད་ཀྱི་ཡི་གེ་ཀློག་ཤེས་མཁན་དེ་བས་མེད་དུས། བོད་ཀྱི་བཀའ་བསྟན་ཐམས་ཅད་སྙིང་པོ་རྡུལ་ཙམ་མེད་པའི་བྱེ་མའི་ཕུང་པོ་ཞིག་ཏུ་གྱུར་པ་རེད། དེའི་ཚེ། ང་ཚོ་བོད་མི་ཞེས་པའི་མི་རྒྱུད་འདི་འཛམ་གླིང་ས་སྒང་རིལ་མོ་འདི་ནས་རྒྱུན་ཆད་སོང་བ་རེད།
ལྟས་ངན་གྱི་ཉི་ནག་དེ་འདྲ་ཞིག་བཟློག་པའི་ཆེད་དུ། ད་ལྟ་བོད་མི་ཚོ་གསོན་ཤུགས་ཡག་པོ་ཡོད་པའི་གནས་སྐབས་སུ་ཐམས་ཅད་ཀྱིས་རང་བབ་འགན་འཁྲི་ཁུར་ནས་གོང་སྨོས་ལྟར་བསྒྲུབས་ན། རྒྱ་འདྲེ་ནག་པོ་བོད་ཀྱི་ས་ཆ་ནས་ཉུང་དུ་འགྲོ་ངེས་པ་རེད། ཁོ་རང་ཚོའི་ཕ་ཡུལ་དུ་ཁ་མ་ལྡོག་རང་ལྡོག་རེད། དཔེར་ན། རྒྱ་མི་ཞིག་གི་ཟ་ཁང་དུ་ཉིན་ལྟར་ཚལ་སྡེར་མ་བརྒྱ་རེ་བྲིན་གྱི་ཡོད་པར་ཆ་བཞག་ན། བོད་མི་ཚོས་འཚེ་མེད་བསྟུན་མེད་ཀྱི་ཐབས་ཇུས་འདིའི་དགོས་དམིགས་ཤེས་པ་དང་གོ་རྟོགས་འཕེལ་ནས། རྒྱ་མི་དེའི་ཟ་ཁང་དུ་འགྲོ་མཁན་མངོན་གསལ་དོད་པོས་ཉུང་དུ་སོང་སྟེ། མཐར་ཉིན་རེེར་ཚལ་སྡེར་མ་སུམ་ཅུ་ཙམ་ལས་བྲིན་གྱི་མེད་ཚེ། རྒྱ་མི་དེ་བོད་ནས་ཁ་མི་འབྲལ་ཐབས་མེད་རེད། ཅི་རེད་ཟེར་ན། ཁོས་འཆར་ཅན་ལྟར་ཁང་གླ་དང་། ཚོང་གི་དཔྱ་ཁྲལ། གློག་རིན། རང་ཉིད་ཀྱི་འཚོ་བའི་འགྲོ་སོང་བཅས་ནར་གཏོང་བྱ་དགོས་དུས་ཨར་མི་བརྟན་ཁོ་ཐག་རེད།
སྤྱིར་བཏང་རྒྱ་མི་དེ་ཚོ་བོད་དུ་ཚོང་ལས་ཁེ་སྤོགས་ཅི་ཙམ་ལེགས་པ་དེའི་ཚོད་ཀྱིས་མང་དུ་འགྲོ་ལ། ཅི་ཙམ་མི་ལེགས་པ་དེའི་ཚོད་ཀྱི་ཉུང་དུ་འགྲོ་བ་རེད། བོད་དུ་རྒྱ་འདྲེ་ད་ལྟ་ལས་མང་བ་གནས་སྤོ་བྱས་འོངས་ན། དེ་ནས་ས་གནས་བོད་མི་ཚོ་གྲངས་ཉུང་ཅན་དུ་ཆགས་ནས་རང་བཞིན་གྱིས་ང་ཚོའི་སྐད་ཡིག་སོགས་རྒྱུན་མཐུད་རྒྱུ་སྤྲོས་བྲལ་རེད། བོད་འཆི་བའི་ཉིན་མོ་ཐག་རིང་མ་རེད། དེས་ན། བོད་མི་ཀུན་གྱིས་ཉི་མ་དེ་རིང་ནས་བཟུང་། འཚེ་མེད་བསྟུན་མེད་ཀྱི་ལས་ཀ་འདིར་ངེས་པར་འཇུག་པ་ཅི་བས་ཀྱང་གལ་ཆེའོ། །
2017.06.27
རྒྱུ་མཚན་དང་ལྡན་པ་ཞིག་གསུངས་འདུག་མངོན་པར་བསྟོད་དོ།
་་་་་་་་་་་ བོད་འདི་ཉིད་ཇི་སྲིད་བར་ས་སྒང་འདིར་འཚོ་ཐུབ་ལ། ང་ཚོ་བོད་ཀྱི་མི་རྒྱུད་འདི་སྟོང་འགྲོ་གི་མ་རེད་ལ། ཀ་ཁ་ག་ང་ཡི་ཚེ་སྲོག་ཀྱང་བསྐྱབ་ཐུབ་ངེས་རེད། ་་་་་་་་
་་་་་་་་ དེའི་ཚེ། ང་ཚོ་བོད་མི་ཞེས་པའི་མི་རྒྱུད་འདི་འཛམ་གླིང་ས་སྒང་རིལ་མོ་འདི་ནས་རྒྱུན་ཆད་སོང་བ་རེད། ་་་་་་་་
གནམ་ཡིག་ངོ་མ་རེད་འདུག་བཀྲིན་ཆེ་།
བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་ཚོའི་ངོས་་ནས་རང་མི་རང་ལས་དང་རང་ཁ་རང་གསོ་རང་དོན་རང་གཅེས་བརྒྱུད་ནས་གོང་གི་གནམ་ཡིག་ལ་འགན་འཁུར་དགོས་པ་དེ་བོད་མི་རིགས་འདི་འཛམ་གླིང་གི་མི་མང་མཉམ་འཚོ་ཐུབ་པའི་་ཐབས་ལམ་བཟང་བཤོས་ཀྱིས་ལམ་སྟོན་གནམ་ཡིག་ལ་བོད་གཞིས་བྱེས་གཉིས་ནས་ངེས་པར་དུ་འགན་འཁུར་བཞེས་དགོས་པའི་འབོད་བསྐུལ་གསལ་འདེབས་སུ་།
དངོས་གནས་ཡག་པོ་གསུངས་འདུག
སྐད་འཕྲིན་ནང་ནས་འདི་ལྟར་ཤོད་ཨ།
ལེགས།
བོད་ཀྱི་སྐད་ཡིག་ཟེར་ན་འགྲིག་འདུག བོད་ཀྱི་རིག་གཞུང་ནི་དུས་རབས་བརྒྱད་པའི་སྐབས་ནས་མེད་པར་བཟོས་ཟིན། ང་ཚོས་སྲུང་སྐྱོབས་བྱེད་བཞིན་པ་ནི་རྒྱ་གར་གྱི་རིག་གཞུང་ཙམ་མོ།
བོད ཀྱི་རིག་གཞུང་ཡང་དག་པ་དེ་དུས་རབས་བརྒྱད་པའི་ནང་ནམ་མཁའ་ལ་ཉི་མ་ཤར་བ་བཞིན་བྱུང་ཡོད་པ་འདྲ།
སྐད་ཡིག་དང་རིག་གཞུང་སོགས་མི་གི་སྤྱི་ཚོགས་གཅིག་ནས་གཉིས་ལ་རྒྱུད་འཕེལ་རྒྱས་ཕྱིན་ནས་ལེགས་བཅོས་མང་པོ་བརྒྱུད་སྲེག་བཅད་བརྡར་གསུམ་བྱས་ནས་སྐད་ཡིག་དང་རིག་གཞུང་ལ་སྲུང་སྐྱོབས་བྱ་དགོས་པ་ནི་མི་རིགས་དེའི་ལས་འགན་ཆེན་པོ་ཡིན་པའི་ངོས་འཛིན་ཞུ་གི་ཡོད་དོ་།
བོད་པ་ཚོས། སྐར་མ་གང་ཡིན་ན་ཡང་། རང་གི་བོད་རིགས་ཞིག་གི་ལག་ལ་བསྐོར་བ་ནི། ཆུང་ས་ནས་ལྟོས་ན་བོད་རིགས་ཞིག་ལ་ཕན་པ་དང་། ཆེ་ས་ནས་བཤད་ན་བོད་རྒྱལ་ཁབ་ལ་ཕན་པའི་ཤེས་བ་རྙེད་རྒྱུ་དེ་ནི་གལ་ཆེན་ནང་གི་འགངས་ཆེན་ཞིག་རེད།
རྒྱུ་འབྱོར་ཐོབ་ཕྱིན་པའི་བོད་རིག་ཚོས་ཡང་། རང་ཉིད་བོད་རིགས་གཞན་ལས་གནད་ཡོད་ཀྱི་མི་སྣ་ཞིག་ལ་ངེས་འཛིན་གྱི་སྒོ་ནས། རང་རིགས་ཀྱི་སྐྱིད་སྡུག་ལ་ཕན་པ་སྒྲུབ་རྒྱུ་དེ་གལ་ཆེན་ཡིན་པ་ཤེས་དགོས།
མང་པོ་ཞིག་གིས་དེ་འདྲ་ཤེས་འི་མེད་པ་འདྲ། དེ་འདྲ་ཡིན་ན། གཅིག་གིས་གཅིག་ལ་གསང་རྒྱ་དམ་པོས། བློ་ཁ་བསྒྱུར་རྒྱུ་དེ་གལ་ཆེན་རེད། སྤྱི་ཚོགས་དྲ་ལམ་རྒྱུད་ན་ཡག་པོ་མེད། ཁ་ནས་སྙན་ལ་སྒྲོན་དགོས། བསམ་ནས་དོན་ལ་འབབ་དགོས། དེ་མིན་ཟང་ཟིང་རེད། ཟང་ཟིང་གི་བྱ་བྱེད་སྤེལ་ན། ཁེ་ལས་གྱོང་རེག་པའི་གོ་སྐབས་ཆེ།